༈ རྒྱུས་མེད་པའི་རྒན་པོ་དྷ་ལ།

  རྒན་པོ་དྷ་ལ་ནི་ཉེ་བའི་ལོ་བཅུ་ལྷག་གི་རིང་ལ་ང་ཡི་ཁྱིམ་མཚེས་ཡིན་པ་བདེན་ནའང་། ངའི་ཁྱིམ་མི་རྣམས་ནི་ཁོ་ལ་ཆ་རྒྱུས་ཅུང་ཟད་ཀྱང་མེད། ངས་ཐེངས་དུ་མར་ཨ་མྱེ་ལ་རྒན་པོ་དྷ་ལ་དང་འབྲེལ་ཡོད་ཀྱི་སྐད་ཆ་དྲིས་ཀྱང་མི་ཤེས་ཞེས་ཕྱིར་ལན་སྤྲོད་པ་ལས་བདེན་ཅོག་ཅོག་གི་སྐད་ཆ་གང་ཡང་མི་འདུག
རྒན་པོ་དྷ་ལ་ནི་བལྟས་ཚོད་ཀྱི་མི་སེམས་བཟང་ཞིག་ཡོད་པ་འདྲ་སྟེ། མི་སུ་ལ་འཕྲད་ཀྱང་འཛུམ་གྱི་པདྨོ་སྟོན་པར་བྱེད་ལ། ལྷག་ཏུ་ཁོ་བྱིས་པ་གཅེས་པར་ཤིན་ཏུ་དགའ། བྱིས་པ་གཅེས་པར་ཤིན་ཏུ་དགའ་བའི་རྒན་པོ་དྷ་ལ་ལ། གལ་ཏེ། ཀ་ར་གཅིག་ཡོད་ན། དུས་ནམ་ཞིག་གི་ཚེ་ཀ་ར་དེ་བྱིས་པ་ག་གེ་མོ་ཞིག་སྟེར་བ་ལས་ཁོ་རང་གིས་ཟ་མི་བྲ་བ་ལྟར་ཟ་སྲོལ་གཏན་ནས་མེད། རྒན་པོ་དྷ་ལ། ཁྱོད་ནི་བྱིས་པ་ག་གེ་མོ་ཞིག་གི་མིག་ལམ་དུ་ཀ་རའི་འབྱུང་ཁུངས་ཡིན་ཡང་མི་སྲིད་པ་ཞིག་ག་ལ་ཡིན།
 རྒན་པོ་དྷ་ལ་ནི་ལོ་བདུན་ཅུ་ཡས་མས་སུ་སོན་ཡོད་ཀྱང་། སྐྲ་ནི་ནག་སྣུམ་ཤིག་གེར་ཡོད་པ་ལས་སྐྲ་དཀར་ཉག་མ་གཅིག་ཀྱང་མགོ་རུ་མཐོང་རྒྱུ་མེད། བྱིས་པ་དག་གིས་ཁོའི་མགོ་ཡི་སྐྲ་ལོ་དཀར་པོར་གྱུར་མེད་པར་རྒྱུ་མཚན་བྱས་ཏེ་ཁོ་ལ་རྒ་པ་མེད་པའི་རྒན་པོ་དྷ་ལ་ཞེས་འབོད། རྒན་པོ་དྷ་ལའང་བྱིས་པ་དག་གིས་དེ་ལྟར་འབོད་པར་སུན་སྣང་མེད་པར་མ་ཟད་ཤིན་ཏུ་མོས་པ་འདྲ་སྟེ། གདོང་དུ་མ་དགའ་བའི་རྣམ་འགྱུར་ཅི་ཡང་མངོན་མི་སྲིད་དོ།
   ཉིན་ཞིག བྱིས་པ་ཁྱུ་ཞིག་གི་དཀྱིལ་དུ་རྒན་པོ་དྷ་ལ་ཡིས། ང་རྒ་བ་མེད་པར་མ་ཟད་འཆི་བའང་མེད་དོ་ཞེས་སྨྲས་སོ་ཟེར། བྱིས་པ་དག་ནི་རྒན་པོ་དྷ་ལའི་སྐད་ཆ་དེར་ཡིད་ཆེས་ཀྱང་བྱིས་པའི་ཁྱིམ་མི་རྣམས་ནི་ཡིད་ཆེས་ག་ལ་སྲིད།
     དངོས་གནས་རྒན་པོ་དྷ་ལ་ནི་མི་བཟང་ཞིག་རེད། མ་ཎི་བགྲང་ཞོར་ཆིག་ལབ་བྱེད་པ་ནི་བཅོས་སུ་མེད་པའི་ཁོ་རང་གི་རང་གཤིས་ཡིན་པ་འདྲ། ཁྱོད་རང་གིས་ལྐོག་ལྐོག་སུད་སུད་ངང་ནས་རྒན་པོ་དྷ་ལ་ལ་ལྐོག་ཉན་ཞིག་བྱོས་དང་། མ་ཎི་བགྲང་ཞོར་ཆིག་ལབ་བྱེད་པ་ཁྱོད་ཀྱིས་གསལ་ལྷང་ངེར་ཐོས་ཐུབ།
 ངས་ངེད་ཚང་གི་ཇ་ཁང་གི་སྒེའུ་ཁུང་ལས་བལྟས་ན་རྒན་པོ་དྷ་ལའི་ཁྱིམ་གྱི་ར་སྐོར་མཐོང་ཐུབ། ར་སྐོར་དུ་རྙོག་གྲ་ཅན་གྱི་དངོས་པོ་གང་ཡང་མི་འདུག འོ་རེད། ར་སྐོར་ཤིན་ཏུ་ཆུང་མོད། གང་ལྟར་ར་སྐོར་དུ་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་ཡོད། དེ་ནི་དབྱར་དུས་སུ་རྐང་དྲུག་གི་མིག་ལམ་དུ་རྐང་དྲུག་གི་ཚོགས་འདུ་ལོང་བྱེད་སའི་གནས་ཡ་མེད་ཅིག་ཡིན། རྐང་དྲུག་དག་མེ་ཏོག་ཚལ་དེར་དགའ་བ་ནང་བཞིན་རྒན་པོ་དྷ་ལ་ཡང་རྐང་དྲུག་དང་མེ་ཏོག་གི་ལྡུམ་ར་ལ་ཤིན་ཏུ་དགའ། རྐང་དྲུག་དང་མེ་ཏོག་སྲུང་སྐྱོབས་བྱེད་པ་ནི་རྒན་པོ་དྷ་ལའི་འོས་འགན་ཡིན།
རྒན་པོ་དྷ་ལ་ལ་བུ་རྒྱུད་དང་ཆུང་མ་མེད་པས་མེ་ཏོག་དང་སྦྲང་མ་ནི་ཁོའི་འདུག་རོགས་ཡིན། མེ་ཏོག་རླུང་གིས་ཕར་གཡོ་ཚུར་གཡོ་བྱེད་པའི་མཛེས་སྡུག་དང་རྐང་དྲུག་གི་མགྲིན་སྒྲ་ནི་སྙན་འཇེབས་ལྡན་པའི་རྒྱུད་མངས་ཀྱི་སྒྲ་དང་མཚུངས། དེ་གཉིས་ཀྱིས་ཁོའི་སུན་སྣང་མཐའ་དག་སེལ་ནུས་པས་ཁོའི་འདོད་པ་ཚིམས་ཡོད་པ་འདྲ་སྟེ་གདོང་ལ་སུན་སྣང་ཅི་ཡང་མེད་པའི་རྣམ་འགྱུར་སྙིང་རྗེ་བོ་ཞིག་འདུག
  ལན་རེར། བྱིས་པ་དག་ནི་པྲ་ཆལ་ཡིན་དྲག་པས་མེ་ཏོག་དང་རྐང་དྲུག་ལ་གནོད་བསྐྱལ་ཚེ། རྒན་པོ་དྷ་ལས་ངག་འཇམ་པོར་བྱས་ཏེ་བྱིས་པ་དག་ལ་སྦྲང་མ་དང་མེ་ཏོག་ལ་གནོད་སྐྱེལ་མི་འོས་ཚུལ་གྱི་བསླབ་བྱ་ཡང་ཡང་གཏོང་། གལ་ཏེ། བྱིས་པ་པྲ་ཆལ་དག་གིས་ཁ་ལེན་ཚིག་རྩི་མ་བྱས་ནའང་རྒན་པོ་དྷ་ལ་ཁོ་རླུང་ལངས་མི་སྲིད་ཀྱང་། མེ་ཏོག་སད་ཀྱིས་བཅོམ་པ་ལྟར་མེ་ཏོག་དང་སྦྲང་མ་རྨེག་མེད་དུ་གཏང་ཨེ་འགྲོ་སྙམ་སྟེ་སེམས་ཁུར་བྱེད་ངེས་ཡིན།
ད་ནི་དགུན་ཁ་སླེབས་འདུག དགུན་ཁས་སྔ་མོ་ནས་ཡིད་འོང་གི་མེ་ཏོག་ལ་གཙེས་ཏེ་མེ་ཏོག་སྐམ་རོ་ཙམ་ཡང་ཁྱོད་ཀྱི་མཐོང་ལམ་ནས་ཡལ་བ་བྱས་འདུག ད་ནི་ཡིད་དུ་འོང་བའི་མེ་ཏོག་གི་སྟེང་དུའང་འཆི་བ་སླེབ་པ་མ་ཡིན་ནམ།
ཆག་བཞག་ན། མེ་ཏོག་ཞིག་གི་སྐྱེ་འཆི་ལྟར་ཁྱོད་ལའང་སྐྱེ་འཆི་ཡོད་པ་ནི་སུས་ཀྱང་ཤེས། ཡིན་ཡང་། ཁྱོད་ཀྱིས་མེ་ཏོག་གི་འཆི་བ་ལ་སེམས་ཁྲལ་བྱེད་པ་ནང་བཞིན། ཁྱོད་ཀྱི་འཆི་བ་ལ་སུ་ཞིག་གིས་སེམས་ཁྲལ་བྱེད་མྱོང་། ང་ཡི་ཁྱིམ་མཚེས་རྒན་པོ་དྷ་ལ་ལགས། ཡང་ན་ཕོ་ཧྲེང་དྷ་ལ།

༈ དཔལ་ལྷ་ལྐུགས་པ་ཡིན་པས་ཡིད་ཕངས་པ་ལ།

     ལྟོས་དང་། རི་སྒང་ཀན་ན་མཛོ་མོ་འགའ་ཡི་རྗེས་སུ་ནག་ཡོལ་ཡོལ་དུ་འགུལ་བཞིན་པ་ནི་དཔལ་སྒྲོལ་རེེད། དཔལ་སྒྲོལ་ནི་ངེད་ཚང་གི་ཁྱིམ་མཚེས་ཡིན་ཏེ་ལོ་ན་བཞི་བཅུ་ཡས་མས་སུ་སོན་ཡོད་ཅིང་། ཁོ་མོར་བུ་གཉིས་དང་བུ་མོ་གཅིག་ཡོད། བུ་ཆུང་བ་ལ་གཤིས་ཀ་བཟང་པོ་ཞིག་ཡོད་མོད། བུ་ཆེ་བའི་གཤིས་ནི་ཧ་ཅང་ཞན་པས་སྡེ་མི་དག་གིས་མི་ཐ་ཤལ་གྱི་གྲལ་དུ་བགྲང་བཞིན་ཡོད་རེད། ད་དུང་བུ་མོ་ཞིག་ཡོད་པ་དེ་ནི་བལྟས་ཚོད་དུ་སྙིང་རྗེའམ་བྱད་བཟང་ཞིག་ཡོད། ཡིད་ཕངས་པ་ཞིག་ལ་བུ་མོ་དེའི་ངག་ནི་ལྐུགས་པ་ཡིན།
     དཔལ་སྒྲོལ་གྱི་བུ་མོའི་མིང་ལ་དཔལ་ལྷ་ཟེར། སྤྱིར་སྡེ་བའི་ལུགས་སྲོལ་ལྟར་ན་བྱིས་པའི་མིང་ནི་ཕ་མས་བཏགས་པ་ཞིག་མ་ཡིན་པར་རྟགས་དང་རྟེན་འབྲེལ་ལ་བརྟགས་ཏེ་མཁན་པོ་དང་བླ་མ། སྤྲུལ་སྐུ་གང་རུང་ཞིག་གིས་འདགས་སྲོལ་ཡོད་མོད། དཔལ་ལྷ་བཙས་མ་ཐག་རྟགས་དང་རྟེན་འབྲེལ་གང་ལའང་མ་བརྟགས་པར་ཕ་ཡིས་ཁོ་མོར་དཔལ་ལྷ་ཞེས་བཏགས། ཁོ་མོར་དཔལ་ལྷ་ཞེས་འདོགས་པའི་རྒྱུ་མཚན་ཅི་ཡིན་སུས་ཀྱང་བཤད་ཁག་པོ་ཡིན། ང་ཡི་ལྟ་ཚུལ་ཞིག་ལ་ཁོ་མོ་ནི་དཔལ་སྒྲོན་གྱི་བུ་མོ་ཡིན་པས་དཔལ་དང་ཁོ་མོ་བཙས་མ་ཐག་ལྷ་མོ་ལྟར་མཛེས་པ་ཡིན་པས་དཔལ་ལྷ་བཏགས་པ་ཨེ་ཡིན་སྙམ། ཡང་མིན་ན། རྒྱུ་མཚན་ཅི་ཡང་མེད་པར་བཏགས་པ་ཡིན་ཡང་སྲིད།
   སྤྱིར་ཡིན་ན། བྱིས་པ་སྐྱེས་མ་ཐག་ངུ་སྐད་འབྱིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཞིག་ཏུ་གྲུབ་ཡོད་མོད། དཔལ་ལྷ་སྐྱེས་ཏེ་ཟླ་ཁ་ཤས་ཕྱིན་ནའང་ངུ་སྐད་ཐེངས་གཅིག་ཀྱང་འབྱིན་མ་སོང་ཟེར། ཕ་མ་གཉིས་པོ་ནི་ལས་ཀ་ལ་བྲེལ་བ་ཡིན་ནམ་ཅི་ཡིན་ཆ་མ་འཚལ་མོད།  དཔལ་ལྷའི་ངུ་སྐད་འབྱིན་མིན་ལ་གནད་ཡོད་མེད་དེ་ཙམ་དོ་སྣང་མ་བྱས་པ་ཐག་ཆོད་རེད། དེ་མིན། སྐྱེས་ཏེ་ཟླ་ཁ་ཤས་འགོར་ནའང་ངུ་སྐད་མི་འབྱིན་པ་ནི་གནད་ཅིག་ཡོད་པ་ལོས་ཤེས།
   ཉིན་ཐོག་ཟླ་བརྩེགས། ཟླ་ཐོག་ལོ་བརྩེགས་ཏེ་དཔལ་ལྷ་ལོ་བཞི་ལ་སླེབས། བྱིས་པ་སུ་ཡིན་ནའང་ལོ་གསུམ་དང་བཞི་ནས་ཨ་ཕ་དང་ཨ་མ་ཞེས་འབོད་ཤེས་པ་ཐག་གིས་ཆོད་མོད། ཡིན་ནའང་། དཔལ་ལྷ་ཡིས་གསལ་དག་སྙན་གསུམ་ཚང་བའི་སྐད་ཆ་བཤད་ཤེས་པ་ལྟ་ཅི། ཨ་ཕ་ཨ་མ་ཞེས་ཀྱང་སྨྲ་མི་ཤེས་པས་དཔལ་ལྷའི་ཕ་མ་གཉིས་ཀྱིས་ཁོ་མོ་ལྐུགས་པ་ཡིན་པ་ངོས་འཛིན་བྱས།
    དཔལ་ལྷ་ལྐུགས་པ་ཡིན་པས་ཕ་མ་གཉིས་པོའི་སེམས་ལ་སྨྲེང་བའི་སྤྲིན་ནག་འཁྲིགས་པ་ནི་གནས་ལུགས་དང་མཐུན། དཔལ་ལྷའི་ཨ་ཕ་ཡིས་དཔལ་ལྷ་ལ་ལྟ་བཞིིན་དབུགས་རིང་དང་བཅས་བཞིན་བཟང་བའི་བུ་མོ་ལྷ་བུ་ལྟ་བུ་འདི་ལྐུགས་པ་ཡིན་པར་ཇི་འདྲའི་ཡིད་ཕངས་པ་ལའང་ཞེས་ཆིག་ལབ་བྱས་པ་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན། དང་ཐོག་དཔལ་ལྷའི་ཨ་མ་ཡིས་དཔལ་ལྷ་ལྐུགས་པ་ཡིན་པར་དེ་ཙམ་ཡིད་མ་ཆེས་པ་འདྲ་སྟེ་དཔེ་མི་སྲིད་ཅེས་སྨྲས་སོང་ཟེར། གང་ལྟར། བདེན་པ་ནི་བདེན་པ་སྟེ་དེ་ལ་འགྱུར་ལྡོག་གང་ཡང་གཏང་མི་ནུས་པས་སུ་ཞིག་གིས་བདེན་པ་ལ་བཅོས་བསྒྱུར་བྱེད་ཐུབ་བམ། བདེན་པའི་དོན་དང་མཐུན་པར་དཔལ་ལྷ་ནི་དངོས་གནས་ཁ་གྲག་མི་ཤེས་པའི་ལྐུགས་པ་ཞིག་ཏུ་གྱུར་སོང་། དཔལ་ལྷའི་གཉེན་ཉེ་དག་གིས་དཔལ་ལྷ་ལྐུགས་པ་ཡིན་པ་ཚོར་བས་ཡིད་ཕངས་པ་ལ་ཅེས་མི་སྨྲ་མཁན་གཅིག་ཀྱང་མེད། དཔལ་ལྷའི་སྐྱེས་གཟུགས་མཐོང་བའི་མི་མང་པོ་ཞིག་གིས་འབྱོར་སྒེག་ལྷ་ལ་འགྲན་པའི་བུ་མོ་འདི་ལྐུགས་པ་ཡིན་པ་ནི་ཇི་འདྲའི་ཡིད་ཕངས་དགོས་པ་ཞིག་རེད་ཨང་ཅེས་ངག་ལས་ཤོར་བ་ནི་ཉུང་ཉུང་ག་ལ་ཡིན། ད་དུང་ཁོ་མོའི་ལྐུགས་པའི་ལས་དབང་ལ་སྙིང་རྗེ་ཟེར་མཁན་ཡོད་ལ། དཔལ་ལྷའི་འབྱུང་འགྱུར་ལ་སེམས་ཁུར་བྱེད་མཁན་ཡང་ཡོད།
    ཁྱོད་ཀྱིས་ལྐོག་ནས་དཔལ་ལྷ་ལ་ཐེངས་གཅིག་ལྟོས་དང་། ཁོ་མོ་ནི་དངོས་གནས་སྙིང་རྗེ་བོ་ཞིག་ཡོད་པར་མ་ཟད་བྱད་བཞིན་མཛེས་པོ་ཞིག་ཡོད། དཔལ་ལྷ་ཆེས་དགའ་པོ་བྱེད་ས་ནི་ཐག་མཆོངས་ཡིན་ལ། ཐག་མཆོངས་འགྲན་སྡུར་བྱས་ཚེ་དཔལ་ལྷ་ལས་རྒྱལ་མཁན་གཅིག་ཀྱང་མེད། ངས་རྒྱུ་མཚན་དེར་བརྟེན་ཏེ་དཔལ་ལྷ་ལ་ཐག་མཆོངས་ལྷ་མོ་ཞེས་འབོད་བཞིན་ཡོད། ངས་དེ་ལྟར་འབོད་པ་ལ་དཔལ་ལྷའི་རྣམ་འགྱུར་ལ་བལྟས་ན་དེ་ཙམ་འཐད་ཀྱིན་མེད་པ་འདྲ་སྟེ། ངས་ཐག་མཆོངས་ལྷ་མོ་ཞེས་འབོད་ཐེངས་རེར་ཁོ་མོས་ང་ལ་སྡང་མིག་གིས་ལྟ། གལ་ཏེ་ཁོ་རླུང་ལངས་པ་ཡིན་ནའང་། ཁོ་མོ་ནི་གཉོམ་ཆུང་བའི་རི་དྭགས་ཞིག་ལྟར་སྡང་མིག་གིས་ལྟ་བར་བྱེད་པ་ལས། ཞི་མོ་གཞན་ལྟར་ས་ཐོག་ནས་རྡོ་བླངས་སྟེ་སྟེང་དུ་འཕེན་མཁན་ཞིག་གཏན་ནས་མིན།
   སྡེ་བའི་ནང་དུ་མི་ཉུང་བས་བྱད་བཞིན་ལེགས་པ་ནི་ཤིན་ཏུ་ཉུང་། བུད་མེད་དག་མིག་སེར་ལང་ས་དང་སྐྱེས་པ་དག་གི་ཡིད་གཏིང་ནས་འཕྲོག་མཁན་ནི་དཔལ་ལྷ་ཁོ་ན་ཙམ་རེད། སྐྱེས་པ་དག་གི་བློ་རུ་དཔལ་ལྷའི་སྐྱེས་གཟུགས་བློ་རུ་འབབ་པར་བདེན་ནའང་གཉེན་སློང་མཁན་ནི་གཅིག་ཀྱང་མེད། མི་སུ་ཡིན་ཡང་མཛེས་པར་འཁྲེན་ཡང་ཚེ་གཅིག་གི་སྐྱ་ཡ་ལྐུགས་པ་ཞིག་བྱེད་འདོད་མཁན་སུ་ཞིག་ཡོད་སྲིད་དམ། གལ་ཏེ་སྐྱེ་གཟུགས་ཁོ་ནར་བལྟས་ཏེ་དཔལ་ལྷ་ཆུང་མར་བསླང་ན། སྐྱེས་པ་དེས་སྐྱིད་སྡུག་གི་སྐད་ཆ་དང་སྙིང་གཏམ་དྲོད་མོ་སུ་ལ་བཤད། ཁྱིམ་ཚང་སྐྱོང་ཐབས་སྐོར་ནས་བསམ་བློ་སུ་ལ་རྗེ། གང་ལྟར། སྐྱེ་གཟུགས་མཛེས་པར་ཁོ་ནར་བལྟས་ཏེ་དཔལ་ལྷ་ཆུང་མར་བླངས་པ་ཡིན་ན་མི་འོས་པར་སྙམ།
     དཔལ་ལྷ་མཛེས་ཀྱང་ངག་ལྐུགས་པ་ཡིན་པས་སྙིང་མ་རྗེ། འདི་ནི་ནམ་རྒྱུན་རྒན་མོ་བསམ་དཀར་ཁ་ཤས་ཀྱི་ངག་ལས་ཐོས་ཀྱིན་ཡོད། གཟུགས་དང་ལང་ཚོར་བལྟས་ཚེ་དཔལ་ལྷས་ང་ཚོ་སྙིང་རྗེ་ན་འོས་མོད། ཁོ་མོ་ལྐུགས་པ་ཡིན་པས་ལས་དབང་ལ་བལྟས་ཚེ་ང་ཚོས་དཔལ་ལྷ་སྙིང་རྗེ་ན་འོས་པ་འདྲ། གང་ལྟར། སུས་སུ་ཞིག་སྙིང་རྗེ་དགོས་མིན་བཤད་ཁག་པོ་རེད། ཁོ་མོ་ནི་མཛེས་པ་དང་ལྐུགས་པ་ཞིག་ཡིན་པ་ནི་བསྙོན་དུ་མེད། ངས་ནི་ཁོ་མོར་རོགས་རམ་ཆེར་མི་ཐུབ་ཀྱང་སེམས་རྣམ་པར་དག་པའི་སྒོ་ནས་དཔལ་ལྷའི་འབྱུང་འགྱུར་ལ་བདེ་སྐྱིན་ལྡན་པར་སྨོན་ཞེས་སྨོན་འདུན་ཞུ་བཞིན་ཡོད།

༈ ཉ་གཅིག་ཀྱང་མ་ཟིན་པའི་ཉ་བ་རྒན་པོ།

     ཁྱིམ་མཚེས་རྒན་པོ་ནི་ཉ་བ་ཞིག་ཡིན། དབྱར་ཁ་སླེབས་ཚེ། ཁོས་ནམ་རྒྱུན་ཉ་ཀྱུ་དང་ལྕགས་ཟོམ་ལག་ཏུ་བཟུང་ཏེ་། ཉ་འཛིན་པར་འགྲོ་བཞིན་ཡོད། ཉིན་གང་བོར་ཆུ་འགྲམ་ནས་ཉ་འཛིན་པའི་ལས་ལ་བྲེལ་ནའང་། ཕྱིར་ཁྱིམ་དུ་ལོག་སྐབས་ལྕགས་ཟོམ་དུ་ཉ་གཅིག་ཀྱང་མེད། ངས་རྒྱ་སྐད་མ་དག་པ་ཞིག་གིས། ཁོ་ལ་ཁྱོད་ཀྱིས་བཟུང་བའི་ཉ་དག་གང་དུ་ཡོད་དྲིས་པ་ན། ཁོས་དབུགས་རིང་འཐེན་བཞིན་“ངས་ཉ་ཟ་ནི་མ་རེད་”ཅེས་ཕྱིར་ལན་ཙམ་སྤྲོད་པ་ལས། ཁོས་བཟུང་བའི་ཉ་དག་གང་དུ་ཡོད་མེད་ང་ལ་ཐེངས་གཅིག་ཀྱང་བཤད་མ་མྱོང་།
   ང་ཡ་མཚན་སྐྱེས། ཁོས་དངོས་གནས་ཉ་མི་ཟ་བ་ཡིན་ན། ཅིའི་ཕྱིར་དུ་ཉ་འཛིན་པ་ཡིན་ནམ་སྙམ། ཡང་གཅིག་བཤད་ན། ངས་བརྙན་འཕྲིན་ལས་རྒྱ་མི་དག་གིས་ཉ་ཟ་བར་ཐེངས་མང་པོར་མཐོང་མྱོང་བས། ཁོས་ཉ་མི་ཟ་ཟེར་ན་ང་གཏན་ནས་ཡིད་མི་ཆེས། ཡིན་ཡང་། ཁོས་ཉ་ཟ་བཞིན་པ་ནི་ངས་ཐེངས་གཅིག་ཀྱང་མཐོང་མ་མྱོང་། དེ་བས། ང་ཁོ་ལ་ཡིད་མི་ཆེས་པ་ཙམ་ལས། ཁོས་ཉ་ཟ་བའི་རྒྱུ་མཚན་ཡང་དག་ཅིག་ང་ལ་ཅི་ཡང་མེད།
  ང་ནི་སྡེ་བའི་ནང་གི་བྱིས་པ་པྲ་ཆལ་དག་གི་གྲལ་དུ་ཡོད།  ཉིན་ཞིག་ང་དང་བྱིས་པ་པྲ་ཆལ་སྐོར་ཞིག་ཆུ་རྐྱལ་སྐབས། ངས་ཁྱིམ་མཚེས་རྒན་པོ་མཐོང་བྱུང་། ཁོས་སྔར་ལྟར་ལག་ཏུ་ཉ་ཀྱུ་དང་ལྕགས་ཟོམ་ཐོགས་ཏེ། ཉ་འཛིན་པར་བྲེལ་བཞིན་འདུག  ངེད་ཅག་གིས་ཆུ་ལ་རྐྱལ་མཚམས་བཞག་རྗེས། ཁྱིམ་མཚེས་རྒན་པོ་དེས་ད་དུང་ཉ་འཛིན་བཞིན་འདུག
     ཡུན་རིང་པོར་འདི་འདྲ་འགོར་ཡང་ད་དུང་ཉ་འཛིན་བཞིན་འདུག ད་ནི་ཁོས་ཉ་མང་པོ་ཞིག་བཟུང་ཡོད་ངེས་སྙམ། ང་དང་བྱིས་པ་གཉིས་ག་ལེར་ཉ་བ་རྒན་པོ་དེ་ཡི་ཉེ་སར་བཏུད་པ་ཡིན། ཉ་བ་རྒན་པོ་དེས་ཉ་འཛིན་པར་བློ་རིག་རྩེ་གཅིག་ཏུ་བསྒྲིམས་ཡོད་པ་འདྲ། ཁོ་འགུལ་ཙམ་ཡང་མི་བྱེད་པར་ཆུ་ལ་ཅེར་འདུག
ངས་བལྟས་པ་ཙམ་གྱིས་ཁོའི་ཉ་ཀྱུ་ཆུ་ནང་དུ་ཡོད་པ་མཐོང་།གཡོན་དུ་བཞག་ཡོད་པའི་ལྕགས་ཟོམ་དུ་ལྟ་སྐབས། ལྕགས་ཟོམ་སྟོང་བ་རེད། ལོ་མང་པོ་ཞིག་གི་རིང་ལ། ཁོས་འདི་ལྟར་ཉ་གཅིག་ཀྱང་མ་ཟིན་པ་འདྲ།  ནམ་རྒྱུན་ཁྱིམ་དུ་ལོག་སྐབས་ལྕགས་ཟོམ་སྟོང་བ་ཡིན། གལ་ཏེ། ངས་ལག་ཏུ་ཀ་ཏོ་ར་བཟུང་སྟེ་ཉ་འཛིན་པར་སོང་ན། ཆུ་ནང་དུ་ཡོད་པ་ཉ་ཡིན་པས། ཉིན་གཅིག་ལ་ཉ་ཉི་ཤུ་ལྷག་ཆེས་མ་མཐའ་འཛིན་ཐུབ། ཡིན་ཡང་། ཉ་བ་རྒན་པོ་དེས་ཉ་ཅིའི་ཕྱིར་དུ་མ་ཟིན་པ་ཡིན་ནམ།
    ད་ནི་ཉ་བ་རྒན་པོ་དེ་རྒས་ཏེ།  གདོང་དུ་གཉེར་ལམ་ཀྱ་ཀྱུ་ཞིག་འཐེན་འདུག ང་ཆེས་མཐའ་མར་ཁོ་དང་འཕྲད་སྐབས། ཁོས་ང་ལ་ཐུར་སྦྲང་སྟེར་ཞོར། ངས་མི་ཚེ་གང་བོར་ཉ་གཅིག་ཀྱང་འཛིན་མ་མྱོང་ཟེར། ཁྱོད་ཀྱི་ལག་ཏུ་ཉ་ཀྱུ་དང་ལྕགས་ཟོམ་ཐོགས་ཏེ་ཉ་འཛིན་པར་འགྲོ་བ་ངས་ནམ་རྒྱུན་མཐོང་གིན་ཡོད་ཅེས་བཤད་པ་ན། ཁོ་དགོད་བཞིན་དུ། དེ་ནི་ཉི་མ་འཁྱོལ་ཐབས་ཙམ་ལས། ཉ་འཛིན་ཐུབ་མིན་ལ་རེ་བཞག་ཐེངས་གཅིག་ཀྱང་བྱེད་མ་མྱོང་ཟེར།
     དེ་ནས་བཟུང་། ཁྱིམ་མཚེས་རྒན་པོ་དེའི་ཁང་བ་སྟོང་པ་རུ་ལུས་ཏེ་ཡུན་རིང་འགོར་ནའང་། ཁྱིམ་མཚེས་རྒན་པོ་མཐོང་བ་ལྟ་ཅི། ཁང་བ་ལ་བདག་བྱེད་མཁན་ཞིག་ཀྱང་མ་བྱུང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2136