ངའི་མིང་ལ་རྫ་ཤུལ་བློ་བཟང་འབོད།

ངས་དགའ་སྐྱོ་ཚོར་བའི་རི་མོ་གཟུགས་སུ་བསྟར་ནས་སྙན་ངག་ཅེས་པའི་མིང་གིས་བསྙད་དེ་ད་ལྟའི་བར། 《རྔ་བའི་ཚགས་པར།》《ཁམས་པའི་ཚགས་པར།》《ཁྲིམས་ལུགས་ཚགས་པར།》《མཚོ་སྔོན་ཉིན་རེ་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《 བོད་ལྗོངས་ཁྲིམས་ལུགས་ཚགས་པར 》《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ།》《མཚོ་སྔོན་བོད་ཡིག་གསར་འགྱུར》《ཀན་ལྷོ་ཚགས་པར།》《རྒྱལ་ཡོངས་ས་ཆེན་དྲྭ་བ།》《ཁམས་པའི་དྲྭ་བ།》《མཆོད་མེ་བོད་ཀྱི་དྲྭ་བ།》《མཐོང་གྲོལ་དྲྭ་བ》《 ཁམས་པའི་རྩོམ་རིག་སྒྱུ་རྩལ་དུས་དེབ》《མང་རྫོང་ལོ་དེབ》《ཞག་སྒྲོན་ལོ་དེབ》《2023ལོའི་གངས་དཀར་རི་བོའི་དེབ་ཕྲེང་འདོན་ཐེངས་གསུམ་པ་དང་ལྔ་པ་དྲུག་པ།》《ཤྭ་སྐྱ་དུས་དེབ། 》《 ཟླ་ཟེར་དུས་དེབ། 》《 མཚོ་སྔོན་པོ་སྒྱུ་རྩལ་དུས་དེབ། 》《 རྫོང་རུ་དུས་དེབ། 》འབྲི་ཆུའི་དུས་དེབ། མཚོ་མཐའི་གླུ་སྐད་ཀྱི་ལོ་དེབ། 《རྔ་བའི་སྤང་ལྗོངས་དུས་དེབ》 རིག་མཛོད་དུས་དེབ། 《 གཟའ་རུའི་ལོ་དེབ 》གུར་ཀུམ་གསལ་བའི་ཆེན་པོའི་དུས་དེབ། ལྷག་པར་《གཞིས་ཀ་རྩེའི་ཚགས་པར》དུ་བརྩམས་ཆོས་ལྔ་བཅུ་ལྷག་བཤམས་སྟོན་བྱས་ནས་བདག་གི་སྙན་ངག་གི་ཞིང་ས་ལྟ་བུ་གྱུར། ད་དུང་༢༠༢༣ལོའི་གངས་དཀར་རི་བོའི་རྩོམ་རིག་སྒྱུ་རྩལ་གྱི་ཕུལ་བྱུང་རྟགས་མའི་གཟེངས་རྟགས་དང་དེ་ལྟར་དུས་དེབ་དང་དྲྭ་ཚིགས་ཆེ་ཆུང་དུ་མའི་ནང་དུ་སྙན་རྩོམ་མང་དུ་བཀོད་ཅིང་། སྒེར་དེབ་《སྣང་བའི་རྨི་ལམ་》དང་སྨྱུག་གྲོགས་འགའ་དང་ལྷན་དུ《སྒོ་ཐེམ》དང་ཚོར་བའི་སྒྲུང་ཞེས་པའི་དེབ་གཉིས་ཡང་མི་ཡུལ་དུ་ཟས་རིན་གྱི་དོད་དུ་ཕུལ་མྱོང་།

ཚོགས་དྲུག་ཉམས་མགུར།

འདི་ནས་ཁ་བའི་འདབ་མ་སེམས་སུ་ལྷུང་། །
འདི་ནས་དབྱངས་ཀྱི་སྨིན་དྲུག་མགུལ་དུ་དཔྱངས། །
འདི་ནས་རི་བོ་ཉི་ཟླའི་སྙན་ཚིག་བཀླགས། །
འདི་ནས་རང་ཉིད་རང་གིས་མཚོན་ཐབས་བྲིས། །

འདི་ཉིད་བསམ་གཏན་ཞི་བའི་དབེན་ཁྲོད་ཟེར། །
འདི་ནས་རྒྱང་རིང་ཕྱོགས་པའི་སེམས་པ་བོར། །
འདི་ནས་དགའ་སྡུག་སྐྱེན་པའི་ཡིག་ཚོགས་མང་། །
འདི་སྣང་གཟུགས་བརྙན་ནང་གི་གར་མ་ཡིན། །

འདི་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དྲན། །
འདི་རུ་དབྱངས་ཅན་ལྷ་མོའི་ལང་ཚོ་འཁྲུངས། །
འདི་ལྟར་ཉམས་དགའ་དབེན་པའི་ནགས་ཀློང་དུ། །
ཚོགས་དྲུག་དབྱངས་སུ་གྱེར་བའི་གླུ་བ་མང་། །

འདི་ནས་ལོ་དང་ཟླ་བའི་ཧྲག་བར་ནས། །
སྙན་ཚིག་མེ་ཏོག་དཀར་པོ་འཁྲུངས་ཚུལ་ཡོད། །
མི་ཚེ་དགའ་སྡུག་གཉིས་ཀྱིས་བསྡུས་རབས་ཡོད། །
བདག་གི་གླུ་འདི་འཁོར་བའི་མཛའ་གཞས་ཡིན། །

འདི་ནས་གྱེས་བྲལ་བྱུང་བའི་མི་ཚོགས་དག །
འདི་ནས་ལག་བརྡ་བྱས་པའི་གཟུགས་བརྙན་ཡོད། །
འདི་ན་ཕྱིར་དྲན་སྟོང་གི་བསྡུས་གཟུགས་ཡོད།  །
དབྱངས་ཀྱི་དགུ་ཚིགས་སེམས་སུ་འཆར་ཚུལ་ཡོད། །

འདི་ནས་རང་སེམས་དག་ན་རང་གྲོལ་སྐུ། །
རང་བྱུང་ལྷུན་གྱིས་གྲུབ་པའི་སྒྲུང་གཏམ་ཡོད། །
འདི་བཞིན་ཆོས་ཉིད་བདེན་པའི་ཕྱག་རྒྱ་ལས། །
དབྱངས་ཀྱི་མགུར་མ་མགྲིན་རྩེར་དྲངས་སྣང་ཡོད། །

འདི་རུ་ཞོགས་པའི་སྐྱ་རེངས་ཆོས་ཀྱིས་བསུས། །
དམ་ཆོས་འོ་མའི་སྦྲང་ཆར་ཟམ་ཟིམ་འཇོ། །
འདི་ནས་ཕལ་བའི་མི་ཚོགས་ང་འདྲ་བའི། །
བག་ཆགས་ཕྲ་མོར་ཞེན་ནས་ལྷག་ཚུལ་ཡོད། །

འདི་ལ་སྲིད་པའི་གཟུགས་རིས་ཐོགས་པ་ནས། །
འདི་ནས་འཁོར་བའི་བག་ཆགས་སྨིན་ཚུལ་འདུག །
འདི་རུ་འཁྲུལ་སྣང་རབ་རིབ་བྱུང་བ་ནས། །
འཁོར་བའི་ལ་གཞས་ལེན་པའི་ལས་དབང་རྙེད། །

འདི་དག་འཁོར་བའི་མགྲོན་པོ་ཡིན་རབས་ཡོད། །
འདི་ནས་དབྱངས་ཀྱི་སྨིན་དྲུག་འཚོལ་ཚུལ་ཡོད། །
འདུ་འཛི་དབེན་པའི་བསམ་གཏན་ཁང་ཆུང་ནས། །
ཞི་བའི་ཏིང་འཛིན་ངང་ལ་གཞོལ་ཐབས་བྱས། །

འདི་ལྟར་ལྷ་ཚོགས་གཟུགས་སུ་སྤྲུལ་བ་བཞིན། །
འདི་སྐད་སྙན་འཇེབས་ངག་གི་དབྱངས་རྟ་རྡོལ། །
འདི་ནས་རྣམ་ཤེས་ཕྲ་མོས་དབུ་ཁྱུད་བྲིས། །
འཁོར་བའི་གྲོང་ལ་ཕྱི་དྲན་མེད་པར་སྨོན། །

༢༠༢༤/༣/༢༩

ཟླ་བའི་རྟེན་འབྲེལ།

བྲིས་པའི་ཡི་གེ་སེམས་ཀྱི་ངོ་བོར་ཐིམ་སོང་། །
མ་བྲིས་གསང་བ་ངག་ནས་ཐོལ་གྱིས་རྡོལ་བྱུང་། །
ན་ཆུང་མེ་ཏོག་ང་ལ་ལན་གཅིག་གཟིགས་དང་། །
ཕྱིར་དྲན་གཙང་བོའི་ནང་ན་ང་དང་ཁྱོད་ཡོད། །

འཛུམ་ཆུང་དྭངས་མོ་སེམས་ཀྱི་དབུས་སུ་འཁོར་སོང་། །
བརྩེ་སེམས་དར་དཀར་བརྒྱུས་པ་མིག་གིས་མཐོང་བྱུང་། །
ཉ་གང་ཟླ་བའི་ནང་གི་གཟུགས་བཟང་སྨན་ཆུང་། །
སྐྱོ་སྐྱོ་ཞེ་ལ་ཐོགས་པ་དགོས་དོན་མི་འདུག །

ལག་པའི་ཕྱག་རྒྱ་འཆིང་བ་རྟེན་འབྲེལ་ལེགས་སོང་། །
རྐང་པ་རྡོག་སྣ་ཐོགས་པ་སྟབས་ཀ་འགྲིག་བྱུང་། །
ཐེངས་གཅིག་ངོ་ཐུག་བྱུང་བའི་སྨོན་འདུན་ཡོད་ན། །
ལས་སྐལ་ལག་ལ་ཐོབ་པ་ཞེད་སྣང་མི་དགོས། །

རྨ་བྱའི་སྒྲོ་མདོངས་མཛེས་པ་མིག་གི་རྒྱན་རེད། །
ཞེ་འདང་ཡིད་ལ་འཁོར་བ་སེམས་ཀྱི་དྲོད་རེད། །
དྲན་དྲན་ངག་གི་སྒོ་མོ་རྡུང་བའི་སྨན་ཆུང་། །
ཞེ་མཚེར་ཡིད་ལ་བཅངས་བ་དགོས་དོན་མི་འདུག །

ཚིག་ལ་ཚིག་ལན་ཡོད་པ་སྐྱིད་ཅིག་ཡིན་ཚེ། །
འདང་བརྩེའི་མེ་ཏོག་འཁྲུངས་བའི་དུས་ལ་སླེབས་སོང་། །
འཁོར་བའི་གཞས་ཆུང་ནང་གི་གར་མ་ཆུང་ཆུང་། །
ན་ཆུང་ཡིད་འཕྲོག་མ་དེའི་རྒྱབ་གཟུགས་རྙེད་སོང་། །

ལན་གཅིག་འཕྲད་པའི་ཚེ་གཅིག་དྲན་ཤིང་གྱུར་སོང་། །
ཁ་ནས་མ་བོས་སེམས་ནས་འཚོལ་འདོད་བྱུང་སོང་། །
འཁོར་བའི་གྲུ་གཟིངས་ནང་ནས་ལྷན་དུ་འཛོམས་པའི། །
སྙིང་གི་འཕར་ལྡིང་དཀྲོལ་བའི་སྨིན་ལེགས་གཞོན་ནུ། །

གཡུ་ཡི་འཕང་འགྲོ་བསྣམ་པའི་ལྷ་མོ་དཀར་མོ། །
འདོད་པའི་བདུད་རྩི་འཆང་བའི་མི་ཡི་བུ་མོ། །
མཚོ་མཐར་ལང་ཚོ་རྫོགས་པའི་ཁྲུང་ཁྲུང་དཀར་མོ། །
ལས་མཐུན་བྱམས་པའི་ཕྱོགས་ལ་ཡང་ཡང་གཟིགས་ཤོག །

སྨན་ཆུང་ཁེངས་སེམས་ཆེ་བ་དར་མའི་རྟགས་ཤིག །
ཟུར་མིག་འཛུམ་མདངས་རྒོད་པ་གཞོན་པའི་ཉམས་རེད། །
འཁོར་བའི་ཐབ་ཚང་འགྲམ་གྱི་སྨན་ཤར་གཞོན་ནུ། །
མཛའ་གཞས་སེམས་སུ་བཏེགས་པ་དྲན་གྱིན་ཡོད་དམ། །

གནམ་སའི་ངོས་སུ་བཀྲམ་པའི་ཉི་ཟླའི་སྙན་ཚིག །
ཇི་ལྟར་བསམས་ཀྱང་སེམས་སུ་ཤོང་ཐུབ་མ་ཡོད། །
མཚན་མོའི་སྐར་ཚོགས་ནང་གི་སྨིན་དྲུག་ལྷ་མོ། །
ཞེ་འདང་རྨི་ལམ་ནང་ནས་བརྩེ་བ་འཁྱིལ་ཡོད། །

ལས་སྣང་གཟུགས་བརྙན་ནང་ནས་ལག་ཟུང་སྦྲེལ་ཡོད། །
གསང་བའི་བུམ་ཆུང་མཐིལ་ན་དམ་ཚིག་བྲིས་ཡོད། །
སེམས་ཀྱི་བུ་ཆུང་ཁ་ཕྱོགས་ཁྱོད་སར་ཕྱིན་སོང་། །
ཚིག་གི་བཟི་ཁར་འཐམས་ནས་ལུས་སེམས་སྨྱོས་སོང་། །

མཚན་མོའི་ལྷིང་འཇགས་ཁྲོད་ནས་རང་སེམས་མཇལ་བས། །
བརྩེ་བའི་དྲོད་ཁོལ་ཞིག་ལ་འཁྲེང་སེམས་འཁོར་འདུག །
མགུར་མའི་དབྱངས་འགྲོས་རེ་ལ་བདེ་སྡུག་བཅོལ་ནས། །
མིང་དང་ཚིག་གིས་ཁྱོད་དང་འུ་གཉིས་བྲིས་ཡོད། །

༢༠༢༤/༣/༥/

མཛའ་གཞས་ཁ་དོག་ཅན།

ཚེ་གཅིག་དྲན་ཤིང་གི་མེ་ཏོག་སེམས་སུ་འཆང་བ། །
ལས་འབྲས་བསླུ་མེད་ཀྱིས་གནང་བའི་ལེགས་སྐྱེས་ཡིན་འདྲ། །
རྨི་ལམ་དཀར་དམར་ཞིག་རྨིས་པའི་ལམ་འགྲམ་དེ་གའི། །
མ་སྐྱེས་ལྷ་ཞལ་གྱིས་ཕྱུག་པའི་མཛའ་གཞས་བདག་མོ། །

སྣང་བའི་སྤྲོས་ཆེན་གྱིས་བཞེངས་བའི་འཁོར་འདུས་བྲོ་ར། །
བདེ་རྫོགས་ཉམས་ལྡན་གྱི་མཁའ་འགྲོའི་གླུ་སྐད་འདྲ་བའི། །
ལྷན་སྐྱེས་མཛའ་སེམས་ཤིག་ཡིད་ལ་ཡང་ཡང་བརྣག་མཁན། །
འཁོར་བའི་གཞིས་ཁྱིམ་ནས་ཁྱེད་རང་གླེང་དགོས་བྱུང་སོང་། །

བློས་བསླངས་ཡིག་འབྲུ་ཡིས་འཇིག་རྟེན་གསར་དུ་བསྐྲུན་པས། །
འོད་ཀྱི་མེ་ཏོག་གིས་ས་ཆེན་བརྩེ་བས་བཏུམ་སོང་། །
དབྱངས་འགྲོས་ཁ་ཁེར་གྱིས་ཡེ་ནས་མཚོན་ཐབས་མེད་པའི། །
དུངས་སེམས་ཉམས་ལྡན་གྱི་འཁོར་བའི་བདག་མོ་གླེང་འདོད། །

འཁོར་བ་དགའ་སྡུག་གིས་གྲུབ་པའི་འཇིག་རྟེན་དཀར་ནག །
སྣང་བ་ཡུད་ཙམ་གྱིས་འགྱུར་བའི་ཆུ་གཟུགས་རི་མོ། །
འཁྲུལ་གཟུགས་སྣང་བརྙན་གྱི་ངོས་སུ་རྒྱུན་དུ་འཆར་ཡང་། །
ཞེན་པའི་བག་ཆགས་ཀྱི་རྩེ་མོ་ཁྱེད་སར་ལྷག་སོང་། །

འདུ་བྲལ་ཆོས་ཉིད་ཀྱི་གཤིས་ལ་སྙིང་པོ་མི་འདུག །
གྱེས་བྲལ་འགྱུར་ལྡོག་གི་སྣང་ཚུལ་ཡིད་ཐང་ཆད་མོད་། །
འཁོར་བའི་ལྕགས་སྒྲོག་གིས་བཟུང་བའི་རྣམ་ཤེས་ཕྲ་མོ། །
བློ་སྦྱོང་ཆོས་དྲུག་གིས་མ་ཐུལ་བརྩེ་བས་བཟི་སོང་། །

ཚེ་གཅིག་དམ་ཆོས་ཀྱིས་བྱུགས་ནས་ལྷ་ཚོགས་སྤྲུལ་འདོད། །
ཏིང་འཛིན་ཉམས་བཞག་གིས་ངང་ནས་རྫོགས་སངས་རྒྱས་མོས། །
དཀར་གསང་མདངས་ལྡན་གྱི་ཟླ་བའི་འཛུམ་ཆུང་དགོད་དུས། །
བློས་བསླང་ཚོགས་དྲུག་གི་མདུད་པ་རང་སར་གྲོལ་སོང་། །

མཚོ་མཐའི་ཁྲུང་ཁྲུང་གི་དམ་ཚིག་རླུང་ལ་བསྐུར་དོན། །
ཚེ་རབས་ལས་སྐལ་གྱི་གཟུངས་ཐག་ལྷ་ལ་ཕུལ་ཆེད། །
རྣམ་ཤེས་གཟེབ་ནང་གི་བྱེའུ་ཆུང་གཤོག་རྩལ་ཞན་པས། །
འཁོར་འདུས་མཚོ་འགྲམ་གྱི་ངོས་ནས་གྲུབ་གཟུགས་ལྷག་སོང་།།

དྲན་ཤེས་ལོ་འདབ་ཀྱི་སྣེ་མོ་རླུང་གིས་ཁྱེར་སོང་། །
བདེ་སྟོང་ཕྱག་རྫོགས་ཀྱི་དོ་ཧ་གཏེར་དུ་སྦས་སོང་། །
ཧ་ཅང་ཉམ་ཆུང་གི་ལང་ཚོའི་ཚུགས་ཀ་བཟུང་ནས། །
ཤ་ཚའི་སྙིང་གཏམ་གྱི་གཞས་ཆུང་ངག་ནས་འཁྲུངས་སོང་། །

ཀུན་རྟོགས་ཉོན་མོངས་ཀྱིས་གནང་བའི་འཁོར་བའི་རྨི་ལམ། །
བརྩེ་འདུན་ཨ་ལོང་གི་མཛུབ་དཀྲིས་ཞེ་ལ་བཏེགས་ཏེ། །
སྒྱུ་མའི་རི་གྲོང་ནས་མཛའ་བརྩེའི་མགུར་གླུ་བླངས་བས། །
སྨྲེང་བའི་སེམས་གཤིས་ལ་ཡིག་འབྲུའི་ཁ་གསབ་བརྒྱབས་ཡོད། །

༢༠༢༣/༣/༢/

སྡུག་བསྔལ་མེད་པའི་གླུ།

དབྱངས་ཀྱི་སྨིན་དྲུག་བསླེས་པའི་དགུ་མདུད། །
ཚིག་གིས་རི་མོ་ཕབ་པའི་འཇའ་ཚོན། །
ཚོར་བའི་གདངས་སུ་གྱེར་ཙམ་བྱུང་ན། །
འཁོར་འདུས་གཉིས་ཀྱི་ཕྱི་ནང་རྟོགས་སྲིད། །

མུ་ཏིག་མཚོ་ཁར་ཟེགས་པའི་རྨི་ལམ། །
གར་གྱི་སྟངས་སྟབས་མངོན་པའི་སྒྱུ་འཕྲུལ། །
སྣང་བའི་འོད་ཟེར་འཕྲོས་པའི་ཚུལ་གྱིས། །
སྣ་ཚོགས་འགྲོ་བའི་ལས་དབང་མཐོང་འོང་། །

རླུང་བུ་དལ་གྱིས་གཡོ་ཚུལ་དེ་གས། །
དྲན་པའི་རླབས་རིས་དགུང་ལ་འཕྱོ་བ། །
ལས་ཀྱིས་བཏབ་པའི་རེ་འབྲས་ལོས་ཡིན། །
རྨི་ལམ་ནང་གི་འཇའ་ཚོན་འདྲ་བྱུང་། །

རེ་བ་གསར་བ་སེམས་སུ་བཅངས་བ། །
འོད་སྣང་གསར་བའི་སྨོན་འདུན་ཡིན་སྐད། །
འཁོར་བའི་གྲོང་ནས་མགུར་གླུ་ལེན་པ། །
ལས་ཀྱིས་གནང་བའི་ཐོབ་སྐལ་ཡིན་འདྲ། །

དྲན་སེམས་མཚོ་མོའི་ནང་དུ་འཆར་བའི། །
གསེར་གྱི་ཡིག་འབྲུ་རིན་ཐང་ཅན་པོ། །
ཤ་དང་རུས་པའི་གསེབ་ཏུ་བཞག་ཡོད། །
དབྱངས་དང་རོལ་མོས་ཡང་ཡང་དཀྲིས་ཡོད། །

སེམས་ཉིད་སྟོང་པའི་རྩལ་ལས་འཁྲུངས་བ། །
ངག་འགྲོས་སྙན་མོའི་ཡིག་འབྲུ་དམར་པོ། །
བསིལ་འཇམ་གྲིབ་མའི་འཁྲིས་སུ་ཕྱོགས་པ། །
ལས་ཀྱི་སྐོས་ཐེངས་ལོས་ཡིན་གྲོགས་པོ། །

འབྲི་ཐབས་གཞན་དང་མི་འདྲ་མཚར་ལེ། །
བརྗོད་སྟངས་ཀུན་དང་མི་མཐུན་སྡུག་ལེ། །
རང་གཤིས་རང་ལ་འཚམས་པའི་དབྱངས་འགྲོས། །
སུས་ཀྱང་བཅོས་ཐབས་མ་ཡོད་གྲོགས་པོ། །

རི་དང་ལུང་པར་འགྲིམས་ཀྱང་མ་ལྷག །
མཚོ་དང་མཚེའུ་བརྒལ་ཡང་མ་བོར། །
ལུས་དང་གྲིབ་མར་འགྲོག་པ་ནང་བཞིན། །
མཚོན་ཐབས་དེ་གས་གཟུགས་སུ་བཀོད་ཆོག །

ལོ་དང་ཟླ་བ་འདས་ཀྱང་མ་བརྗེད། །
ཞག་དང་ཉིན་མཚན་སོང་ཡང་མ་སྐྱུར། །
ཤེས་རབ་ལྷ་མོས་གནང་བའི་ཡིག་ཚོགས། །
སོར་མོས་དཀྲོལ་ན་ཉམས་ཤིག་ཡོད་ལེ། །

སྐྱེ་ཕྲེང་མུ་ཏིག་ལག་པས་བགྲང་རུང་། །
སྐྱེ་བ་གཅིག་ལ་འབྲལ་ཐབས་མེད་པའི། །
ང་དང་དབྱངས་ཀྱི་ཐ་སྙད་འདི་དག །
འཇིག་རྟེན་བྱེད་པོས་བཀོད་སྒྲིག་ཡིན་འདྲ། །

སེམས་ཀྱི་རྟེན་ས་ཡིག་འབྲུ་འདི་དག །
ལས་གྱི་གྲོགས་ཀྱང་ཐ་སྙད་འདི་ཚོ། །
ང་ལ་དབང་བའི་མིང་དང་ཚིག་འགྲོས། །
སེམས་སུ་ཉར་ནས་རྨི་ལམ་རྨིས་ཡོད། །

འདྲིས་ཤིང་འགྲོག་ན་བརྩེ་བ་ཇེ་ཟབ། །
བྲིས་ནས་བཀླག་ན་དུང་བ་ཆེར་ཟབ། །
ནང་སེམས་མཚོན་པའི་བདག་གི་མིང་ཚིག །
མི་ཚེའི་དགའ་སྡུག་དབྱངས་སུ་གྱེར་རོགས།།

ཐོད་པའི་ཐ་སྙད་ཨ་ཡིག་དཀར་པོ། །
ཕྱིས་ཀྱང་འདག་ཐབས་མེད་པ་ལས་རེད། །
རྣམ་ཤེས་མཚོན་པའི་མིང་ཚིག་མཐའ་དག །
རུས་པའི་དཀྱིལ་དུ་ཡང་ཡང་བརྐོས་ཡོད། །

༢༠༢༣/༡༢/༣༡

དབང་མོའི་གཞས་ཆུང་།

ཕྱི་དྲན་གཙང་བོའི་ནང་དུ། །
སྔོན་ལས་མེ་ཏོག་ཕབ་ཡོད། །
ལས་ཀྱིས་བསླེས་པའི་སྲུང་འཁོར། །
འུ་གཉིས་མགུལ་དུ་བཏགས་ཡོད། །

བརྩེ་བ་མཚོ་མོ་འདྲ་བས། །
མཚོ་ཁའི་ངང་ཆུང་ཆ་གཅིག །
དུང་སེམས་འཁྱུད་མོ་བྱས་པ། །
བརྩེ་བའི་དན་རྟགས་ལོས་ཡིན། །

འཁོར་བའི་གཤིས་སུ་གྲུབ་པའི། །
ང་རང་ཕལ་བའི་མི་ཡིན། །
བཟོ་བལྟ་བཅོས་འདོད་མེད་ཀྱང་། །
བཅོས་སུ་བཏང་བ་ལས་རེད། །

དབྱར་གསུམ་བསིལ་རླུང་འགྲོགས་ནས། །
དྲན་པའི་མཚོ་མོ་རྡོལ་བྱུང་། །
ཚིག་དང་དབྱངས་ཀྱིས་བསླུས་པའི། །
སེམས་ཀྱི་ལྷ་ཚོགས་འདྲ་བྱུང་། །

སྐྱོ་གཞས་རྒྱང་ནས་བླངས་རུང་། །
དྲན་པའི་དྲོད་ཁོལ་ཡལ་མེད། །
མགུར་མའི་ནང་གི་ལྷ་མོ། །
དགྱེས་པའི་འཛུམ་ཞལ་སྟོན་དང་། །

མཛེས་ཉམས་ངོམ་སྟངས་ཤིག་གིས། །
རྔུལ་གྱི་དོག་པའི་མུ་ཏིག །
འགྲམ་པའི་ངོས་སུ་བསྟར་དུས། །
སེམས་སུ་བྲེལ་ཚབ་ཆེ་སོང་། །

ལྷ་ཞལ་སྟོང་ཞལ་བསྒོམས་ཀྱང་། །
ལྷ་གཟུགས་སེམས་སུ་མ་ལྷག །
ཡུད་ཙམ་མཐོང་བའི་སེམས་མ། །
རུས་པའི་གསེབ་ཏུ་ཐིམ་སོང་། །

མཚན་མོའི་རྨི་ལམ་ཡག་སོང་། །
གཟུགས་དང་ལང་ཚོ་རྨིས་སོང་། །
ཉིན་མོའི་འཁྲུལ་སྣང་མཛེས་སོང་། །
མཛེས་པའི་ལྷ་ཞལ་མཐོང་འདྲ། །

ང་ལ་འཁྲུལ་བ་ཡོད་པས། །
འཁོར་བའི་འདབས་ནས་ལུས་སོང་། །
ང་ལ་བག་ཆགས་ཡོད་ཕྱིན། །
ཕྱི་དྲན་ཡང་ཡང་བྱས་སོང་། །

སྐྱོ་གཞས་མཉམ་དུ་བླངས་ཡོད། །
སེམས་ཀྱི་ཕྱི་ནང་ཤེས་ཡོད། །
དབྱངས་རྟ་རེ་རེའི་ནང་ན། །
གཏམ་བརྒྱུད་གླེགས་བུམ་བརྩེགས་ཡོད། །

འཁོར་བའི་ལ་མོ་བརྒལ་བའི། །
ཚོར་བའི་དབྱངས་རྟ་ལེན་མཁན། །
དགའ་སྡུག་སེམས་སུ་བཟུང་ནས། །
སྨིན་དྲུག་ཕྲ་མོ་རྩིས་ཡོད། །

སེམས་ལ་བཟོ་བཅོས་བྱས་ཡོད། །
མཁར་དང་ཕོ་བྲང་བཞེངས་ཡོད། །
དམ་ཚིག་རི་མོས་བཞེངས་བའི། །
ལྷུན་གྲུབ་དབྱངས་ཀྱི་ལྷ་ཚོགས། །

༢༠༢༣/༡/༡༠

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4623