བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །
གང་གི་མཚུངས་མེད་བློ་གྲོས་རབ་གསལ་གྱིས། །
འཁྲུལ་བའི་དྲ་བ་གཏན་ནས་བཅོམ་ཟིན་ནས། །
རྟེན་ཅིང་འབྲེལ་བར་འབྱུང་ལ་མངའ་བརྙེས་པ། །
བློ་གྲོས་མཚུངས་མེད་སྨྲ་བའི་ཉི་མར་འདུད། །
བདེ་གཤེགས་གསུང་གི་ལེགས་བཤད་རྒྱ་མཚོ་ལས། །
ཟབ་དོན་ནོར་བུ་རྟེན་ཅིང་འབྲེལ་འབྱུང་ལམ། །
ཐུབ་པའི་དགོངས་པ་ཇི་བཞིན་བཀྲལ་མཛད་པའི། །
འཕགས་པ་ཀླུ་ཡི་དབང་པོ་དད་ཕྱག་ཡུལ། །
རྒྱལ་བའི་གསུང་རབ་ཟབ་དོན་སྙིང་པོ་བརྙེས། །
ཡང་དག་རིགས་པས་ལོག་སྨྲའི་རི་དྭགས་ཀུན། །
མ་ལུས་སྐྲག་མཛད་སྨྲ་བའི་སེངྒེ་ཞེས། །
གངས་ཅན་མཁས་པའི་གཙོ་བོར་གྱུར་ལ་འདུད། །
རིམ་གཉིས་ཟབ་མོའི་ལམ་ལ་དབང་འབྱོར་ཞིང་། །
མང་ཐོས་གསུང་རབ་རྒྱ་མཚོའི་བདག་ཉིད་ཅན། །
མཁས་ཤིང་གྲུབ་པའི་དབང་ཕྱུག་ཡོངས་ཀྱི་མགོན། །
དཔལ་ལྡན་བླ་མ་སྙིང་གི་པད་མོར་རོལ། །
མཁས་གྲུབ་གོང་མའི་ཐུགས་ཀྱི་བང་མཛོད་དུ། །
ལེགས་པར་བྱོན་པའི་ཟབ་ཅིང་ཕྲ་བའི་གནད། །
ལྟ་བ་མཐའ་བྲལ་སྒོམ་པ་ཟུང་འཇུག་དོན། །
ཚུལ་བཞིན་གསལ་བར་འཆད་ལ་རབ་ཏུ་སྤྲོ། །
      དེ་ཡང་འགྲོ་བ་ལྷ་མི་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་མོ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་འགྲོ་བ་ཀུན་ལ་ཐུགས་བརྩེ་བས་བཟུང་སྟེ། ཕུལ་དུ་བྱུང་བའི་མཁྱེན་རབ་ཀྱི་རྩལ་ལས་གྲུབ་པའི་བཀའ་གསུང་དྲི་མ་མེད་པ་རྒྱ་ཆེ་བ་གཏིང་ཟབ་པ་རྣམ་གྲངས་མང་བ་བླ་ན་མེད་པ་རྨད་དུ་བྱུང་བ་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་མོས་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ལས།   བསྡུ་ན་བཀའ་འཁོར་ལོ་གསུམ་གྱི་ཁོངས་སུ་འདུས་པ་ལས་འདིར་སྐབས་སུ་བབས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཉིས་ཏེ། དང་པོའི་བརྗོད་བྱ་གཙོ་བོ་ནི་ངེས་དོན་མདོ་སྡེ་ཤེར་ཕྱིན་འབུམ་པ་ལ་སོགས་པས་བསྟན་པའི་ཆོས་ཐམས་ཅད་ཐ་སྙད་དུ་རྟེན་ནས་འབྱུང་བ་ཉིད་དང་། དོན་དམ་པ་ལ་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པའི་རྟེན་ཅིང་འབྲེལ་བ་འབྱུང་བ་ཟབ་མོ་དབུ་མའི་ལམ་དང་། བཀའ་ཐ་མའི་བརྗོད་བྱ་གཙོ་བོ་ནི་ལང་ཀར་གཤེགས་པའི་མདོ་ལ་སོགས་པས་བསྟན་པའི་གསལ་སྟོང་ཟུང་དུ་འཇུག་པའི་བདེ་གཤེགས་སྙིང་པོ་དེ་ཉིད་ཡིན་ལ། དེ་ལྟ་བུ་བརྗོད་བྱ་བྱས་པའི་འཁོར་ལོ་བར་མཐའ་གཉིས་ཀྱི་བཀའ་ཡི་དགོངས་པ་ནི། དེ་ཡང་དཔལ་བརྩེ་བ་ཆེན་པོའི་ཞལ་སྔ་ནས། ལུང་བསྟན་གྱུར་པ་ཀླུ་སྒྲུབ་ལ་སོགས་སམ། །མཁའ་འགྲོས་བྱིན་བརླབས་བིར་ཝ་པ་ལ་སོགས། །གྲུབ་ཐོབ་རྣམས་ཀྱི་མན་ངག་ལ་བརྟེན་ནས། །རྗེས་འཇུག་སྐྱེ་བོས་བཀའ་རྣམས་རྟོགས་པ་འགྱུར། ། ཞེས་གསུངས་ཏེ། རྒྱལ་བའི་ལུང་གིས་ཟིན་ཅིང་ཆོས་ཉིད་དོན་དམ་བདེན་པ་མངོན་སུམ་མཐོང་བའི་བཀའ་ཡི་དགོངས་པ་རང་སྟོབས་ཀྱིས་འགྲེལ་བའི་དགོངས་འགྲེལ་བསྟན་བཅོས་ལ་བརྟེན་ནས་རྗེས་འཇུག་སྐྱེ་བོ་དག་གིས་བཀའ་ཡི་དགོངས་པ་རྟོགས་དགོས་པར་གསུངས་པས།  སྐབས་འདིར་ཡང་མདོ་རྒྱུད་དུ་མའི་ལུང་ལས་ཡང་ནས་ཡང་དུ་བསྔགས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་འགྲེལ་བ་ལ་མི་འཕྲོག་པའི་མཁྱེན་རབ་མངའ་ཞིང་། སྟོན་པ་བློ་གྲོས་ཅན་གྱི་ཤེས་རབ་ཁོ་ན་ལས་འཁྲུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དབུ་མའི་ལམ་ཚུལ་བཞིན་ཁོང་དུ་ཆུད་པའི་ཚད་མའི་སྐྱེས་བུར་གྱུར་པ་སངས་རྒྱས་གཉིས་པ་སྟེ་འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་མཛད་པའི་དགོངས་འགྲེལ་བསྟན་བཅོས་དབུ་མ་རིགས་ཚོགས་ལྔ་དང་། བསྟོད་ཚོགས་ཁག་དང་། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་འགྲེལ་བའི་ཐལ་རང་སློབ་དཔོན་རྣམས་ཀྱི་དགོངས་པ་ལ་གཞི་བཅོལ་ཏེ་དབུ་མ་ཚོགས་གཉིས་ལས་བསྟན་པའི་རང་ལུགས་དབུ་མའི་ལྟ་སྒོམ་གཙོ་བོ་ངོས་བཟུང་བ་དང་། ཞར་བྱུང་འཕགས་ཡུལ་གྱི་ཐལ་རང་སློབ་དཔོན་རྣམས་ཀྱི་མཐར་ཐུག་ལྟ་བའི་བཞེད་མཚམས་ལ་མི་མཐུན་པ་མེད་ཚུལ་དང་། གངས་རིའི་ཁྲོད་འདིར་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་བྱུང་བའི་དབུ་མའི་ལྟ་གྲུབ་ཁས་ལེན་བཞིན་དུ། རང་སྟོང་དང་གཞན་སྟོང་། སྔ་རབས་དང་ཕྱི་རབས་ཀྱི་མཐར་ཐུག་ལྟ་བའི་བཞེད་སྲོལ་མི་འདྲ་བའི་དཀའ་བའི་གནས་འགའ་ཞིག་བྱུང་བས། རྒྱ་གར་འཕགས་ཡུལ་གྱི་ཀླུ་སྒྲུབ་ཡབ་སྲས་ཀྱིས་དོན་དམ་རང་གི་ངོ་བོས་མི་སྟོང་པ་སྟོང་བྱེད་ཀུན་རྫོབ་གཞན་གྱིས་སྟོང་པའི་དོན་དམ་བདེན་པ་གཞི་འབྲས་ཀུན་ལ་ཁྱབ་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡེ་ཤེས་བདེན་གྲུབ་གནས་ལུགས་མཐར་ཐུག་ཏུ་བཞེད་མིན་དང་། དགག་གཞི་སྣང་བ་ཚད་གྲུབ་དང་དགག་བྱ་བདེན་གྲུབ་ཙམ་གྱིས་སྟོང་པའི་སྟོང་ཉིད་མེད་དགག་གནས་ལུགས་མཐར་ཐུག་ཏུ་བཞེད་མིན་དང་། དགག་བྱ་སྣང་བ་ཉིད་ཀྱང་མ་གྲུབ་པའི་མཐའ་བྲལ་གྱི་ལྟ་བ་གནས་ལུགས་སུ་བཞེད་མིན་སོགས་ཀྱི་དཀའ་བའི་གནས་ལ་དཔྱད་པ་ལ་རྣམ་པ་གསུམ་སྟེ།
    རིགས་ཚོགས་ལས་ལྟ་བ་མཐའ་བྲལ་བསྟན་ཚུལ། བསྟོད་ཚོགས་ལས་སྒོམ་པ་ཟུང་འཇུག་བསྟན་ཚུལ། དེ་གཉིས་དགོངས་པ་གཅིག་ཏུ་བབས་ཚུལ་ལོ། །
     དང་པོ་ནི། བཀའ་འཁོར་ལོ་བར་པ་ཤེར་ཕྱིན་མདོ་ཡི་དགོངས་པ་ཚུལ་བཞིན་གསལ་བར་བྱེད་པའི་རིགས་ཚོགས་ཁག་གི་དངོས་བསྟན་མཐའ་བྲལ་དབུ་མའི་ལྟ་བ་ནི། གཟུགས་སོགས་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་གཅིག་དུ་བྲལ་སོགས་དབུ་མའི་རིགས་ཆེན་ལྔ་དང་། ཤིང་རྟ་རྣམ་བདུན་གྱི་རིགས་པ་དག་གིས་མཐའ་བཞི་སྤྲོས་པ་རེས་འཇོག་ཏུ་བཀག་ནས་ཅི་ཡང་མ་རྙེད་གང་ཡང་མ་གྲུབ་པའི་མཐའ་བཞི་སྤྲོས་བྲལ་སྟོང་པའི་ལྡོག་པ་ནས་ཐོས་བསམ་གྱི་རིགས་པས་གཏན་ལ་དབབ་པའི་ལྟ་བ་མཐར་ཐུག་པ་བསྟན་པ་ལས་སྒོམ་པ་ཉམས་མྱོང་གི་ལྟ་བའམ་གསལ་བ་རྩལ་འདོན་བྱས་ནས་གསལ་སྟོང་ཟུང་འཇུག་གི་ལྟ་བ་ཅུང་ཟད་ཀྱང་བསྟན་པ་མེད་ལ། དེ་ཡང་མཐའ་བཞི་སྤྲོས་བྲལ་གཏན་ལ་འབབ་ཚུལ་ནི་གཞི་ཤིང་རྟ་ལྟ་བུ་གཅིག་གི་སྟེང་དུ་སྦྱར་ནས་བཤད་པར་བྱ་སྟེ། ཐོག་མར་བདེན་པ་འགོག་པ་ལ་ཤིང་རྟའི་འཕང་ལོ་དང་གཟེར་བུ་སོགས་ཡན་ལག་རེ་རེ་བཞིན་ཤིང་ལྟའི་ངོ་བོར་གྲུབ་མིན་དང་དེ་དག་ལས་གཞན་པའི་ཤིང་རྟ་ཡང་ཡོད་མེད་རིགས་པས་དཔྱད་ན་ཤིང་རྟ་ཞེས་བྱ་བ་ཅུང་ཟད་ཀྱང་མ་རྙེད་པ་དང་། དེ་བཞིན་དུ་ཀུན་རྫོབ་རྟེན་འབྲེལ་གྱི་རྐྱེན་ཉིད་འདུས་པ་ཙམ་ལས་སྒྱུ་མ་དང་རྨི་ལམ་བཞིན་དུ་ཤིང་རྟ་ཞེས་བྱ་བ་སྣང་བས་རང་བཞིན་སྟོང་པ་ལས་མ་འདས་པའི་བདེན་མེད་ཀྱི་ལྟ་བ་གཏན་ལ་ཕབ་ནས་བདེན་འཛིན་གྱི་ཞེན་པ་བཟློག་དགོས་ལ། དེའི་རྗེས་སུ་བདེན་མེད་ཀྱི་ལྟ་བ་དེ་ཡང་བདེན་འཛིན་ཅན་གྱི་བློ་ལ་ལྟོས་ན་གནས་ཚུལ་ཡང་དག་པ་ཡིན་ཀྱང་། རྣམ་རྟོག་གི་ཡུལ་ལས་མ་འདས་པས་ངེས་པར་དགག་དགོས་པ་མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་ཡིན་ཞིང་། འགོག་བྱེད་རིགས་པ་ཡང་དགག་བྱ་བདེན་པ་ཞེས་བྱ་བ་མ་གྲུབ་པས་དེ་མེད་པ་ཡང་མ་གྲུབ་སྟེ་མོ་གཤམ་གྱི་བུ་མེད་པས་དེ་ཤི་བ་མ་གྲུབ་པ་བཞིན་ནོ། །ཞེས་པའི་ལྟོས་གྲུབ་ཀྱི་རིགས་པའོ། །བདེན་བདེན་མེད་གཉིས་ཀ་ཞེས་བྱ་བ་ཡང་མ་གྲུབ་སྟེ། རེ་རེ་ལ་བརྗོད་པའི་སྐྱོན་གནས་པའི་ཕྱིར་དང་། གཉིས་ཀ་མ་ཡིན་པ་ཡང་མ་གྲུབ་སྟེ། དགག་བྱ་གཉིས་པོ་མ་གྲུབ་པའི་ཕྱིར། ཞེས་དགག་བྱ་སྤྲོས་པའི་མཐའ་བཞི་ངོ་བོས་སྟོང་པས་རྟེན་འབྲེལ་སྣང་བ་འཆར་དུ་རུང་བའི་ཚུལ་གྱིས་བསྟན་ཏེ། སྡོམ་གསུམ་ཁ་སྐོང་ལས། ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་ལས། །རྟེན་འབྲེལ་མཐའ་བཞི་སྤྲོས་པ་ཡིས། །སྟོང་ཚུལ་རིགས་པས་གཏན་ཕབ་ནས། །སྟོང་ཉིད་བྱ་བྱེད་རུང་བ་གསུངས། ། ཞེས་གསུངས་སོ། །དེ་ལྟར་རིགས་པས་གཞི་ཡི་སྐབས་སུ་ཡོད་མིན་མེད་མིན་གྱི་མཐའ་བྲལ་གྱི་དོན་གཏན་ལ་ཕབ་ནས། རུས་སྦལ་འཁར་གཞོང་ནང་དུ་བཅུག་པ་ལྟར་རྣམ་རྟོག་གི་འཛིན་པ་གང་དུ་ཡང་འཕྲོ་བའི་གནས་མི་རྙེད་པར་བྱ་བའི་ཆེད་རིགས་ཚོགས་ཁག་ལས་གཞི་ཡི་གནས་ཚུལ་མཐར་ཐུག་པ་མཐའ་བྲལ་གྱི་ལྟ་བ་བསྟན་པ་སྟེ།  དབུ་མ་རྩ་ཤེར་ལས་བསྟན་ཚུལ་ནི། གང་གིས་རྟེན་ཅིང་འབྲེལ་བ་འབྱུང་། །ཞེས་སོགས་མཆོད་བརྗོད་སྐབས་སུ་བསྟན་བཅོས་ལུས་ཀྱི་བརྗོད་བྱ་མ་ལུས་པ་མདོར་བསྟན་པའི་སྒོ་ནས་གཟུགས་སོགས་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་དགག་བྱ་སྐྱེ་སོགས་བརྒྱད་ཀྱིས་སྟོང་པའི་ལྟ་བ་དངོས་སུ་བསྟན་ཅིང་ཤུགས་ལ་དགག་བྱ་སྐྱེ་བ་དང་འགྲོ་འོང་སོགས་གང་ཡང་མ་གྲུབ་པས་དེ་བཀག་པའི་བཀག་ཆོས་སྐྱེ་མེད་དང་འགྲོ་འོང་མེད་པ་སོགས་གང་ཡང་མ་གྲུབ་པ་བསྟན་པའོ། །བསྟན་བཅོས་ལུས་ཀྱི་སྐབས་སུ་ཐོག་མར་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པ་རྐྱེན་དང་འགྲོ་འོང་སོགས་ནས་ལྟ་བའི་བར་ཉི་ཤུ་རྩ་བདུན་དགག་བྱ་གཙོ་བོར་བྱས་ཏེ། ཐ་སྙད་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་བློ་གཏི་མུག་གིས་སྣང་བ་ཙམ་ལས་དོན་ལ་དངོས་པོ་དང་འདུས་བྱས་ཞེས་བྱ་བ་གང་དུ་མ་གྲུབ་པར་གཏན་ལ་ཕབ་ནས། དེའི་འོག་ཏུ་དགག་བྱ་དངོས་པོ་དང་འདུས་བྱས་ཞེས་བྱ་བ་གང་ཡང་མ་གྲུབ་པས་དེ་བཀག་པའི་བཀག་ཆོས་དངོས་མེད་དང་འདུས་མ་བྱས་སོགས་གང་ཡང་མ་གྲུབ་པ་བསྟན་པ་སྟེ། ཁམས་བརྟག་པའི་རབ་བྱེད་ལས། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པ་འགྱུར། །ཞེས་དང་། སྐྱེ་བ་དང་གནས་པ་འཇིག་པ་བརྟག་པའི་རབ་བྱེད་ལས། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་གསུངས་པས་ལྟོས་གྲུབ་ཀྱི་རིགས་པས་མཐའ་ཕྱི་མ་བཀག་པའོ། །ཡང་འདུ་བྱེད་བརྟག་པའི་རབ་བྱེད་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་གསུངས་སྟེ། གལ་ཏེ་ཆོས་རྣམས་ཀྱི་དགག་བྱ་སྟོང་མིན་གྱི་ཆོས་ཅུང་ཟད་ཡོད་ན་དེ་མ་གྲུབ་པའི་སྟོང་པ་ཞེས་བྱ་བ་ཡོད་ཀྱང་། སྟོང་མིན་གྱི་ཆོས་ཅུང་ཟད་ཀྱང་མ་གྲུབ་པས་སྟོང་པ་ཡོད་པ་ག་ལ་འགྱུར་ཞེས་པའི་ཚུལ་གྱིས་མཐའ་ཕྱི་མ་བཀག་སྟེ་མཐའ་བྲལ་གྱི་ལྟ་བ་ཤིན་ཏུ་གསལ་བ་བསྟན་ཏོ། །དེ་བཞིན་དུ་གནས་ལུགས་མཐར་ཐུག་པ་ནི་སྟོང་པ་དང་མི་སྟོང་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་བརྗོད་པ་ཀུན་གྱི་ཡུལ་ལས་འདས་ཀྱང་གདུལ་བྱ་ལ་ཐ་སྙད་གདགས་པའི་དོན་དུ་བསྟན་པའང་གསུངས་ཏེ། དེ་བཞིན་གཤེགས་པ་བརྟག་པའི་རབ་བྱེད་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ་མདོར་ན་ཀུན་རྫོབ་འཁྲུལ་བའི་སྣང་བ་དང་། མཐའ་ཕྱི་མ་ཐམས་ཅད་དགག་བྱ་ཡིན་པ་བསྟན་ནས་གནས་ལུགས་མཐར་ཐུག་པ་ནི་ཡོད་མིན་མེད་མིན་གྱི་སྤྲོས་པ་ཀུན་ལས་འདས་པའི་མཐའ་བྲལ་གྱི་དོན་དུ་བཞེད་པ་ལས། གསལ་སྟོང་ཟུང་འཇུག་གི་ཚུལ་དུ་བསྟན་པ་ཅུང་ཟད་ཀྱང་མེད་དོ། །རིགས་པ་དྲུག་ཅུ་པ་ལས་ནི། ཆོས་ཐམས་ཅད་རང་བཞིན་མེད་ཀྱང་སྣང་བ་སྒྱུ་མ་ལྟ་བུ་ཅུང་ཟད་རྩལ་འདོན་བྱས་ཏེ། ཕྱི་སྣང་སྟོང་དབྱེར་མེད་ཀྱི་ལྟ་བ་དངོས་སུ་བསྟན་པ་ལས། ནང་རིག་སྟོང་ཟུང་འཇུག་གམ་གསལ་སྟོང་ཟུང་འཇུག་གི་ལྟ་བ་དངོས་སུ་བསྟན་པ་མི་སྣང་སྟེ། བདག་ཉིད་ཆེ་རྣམས་དངོས་པོ་དག །གཟུགས་བརྙན་ལྟ་བུར་ཡེ་ཤེས་ཀྱི། །མིག་གིས་མཐོང་ནས་ཡུལ་ཞེས་ནི། །བྱ་བའི་འདམ་ལ་མི་ཐོགས་སོ། །ཞེས་གསུངས་སོ། ། རྩོད་ཟློག་ལས་བསྟན་ཚུལ་ནི། བསྟན་བཅོས་ཀྱི་ཐོག་མར། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་སོགས་གསུངས་ལ། དེའི་དོན་ནི། གལ་ཏེ་ངོ་བ་ཉིད་མེད་པར་སྨྲ་བ་ཁྱེད་ཅག་གི་བཤད་པ་ལྟར་དངོས་པོ་ཀུན་རང་བཞིན་མེད་ན་ཁྱོད་ཀྱི་རང་བཞིན་མེད་དོ་ཞེས་པ་ཚིག་དེ་ཡང་རང་བཞིན་མེད་པས། རང་བཞིན་བཟློག་པ་མི་ནུས་སོ། །ཞེས་དང་། འོན་ཏེ་དངོས་པོ་ཀུན་རང་བཞིན་མེད་ཀྱང་ཚིག་རང་བཞིན་ཡོད་དོ་ཞེ་ན་གཏན་ཚིགས་མི་འདྲ་བའི་ཁྱད་པར་བརྗོད་དགོས་ཞེས་དང་། གཞན་ཡང་གལ་ཏེ་མངོན་སུམ་ལ་སོགས་པའི་ཚད་མ་བཞིས་དམིགས་པའི་དོན་བཟློག་པ་བྱེད་པ་ནི་མི་འཐད་དེ་ཚད་མ་ཉིད་མ་གྲུབ་པའི་ཕྱིར་དང་། མ་དམིགས་པའི་དོན་ཡང་བཟློག་པ་བྱེད་པ་མི་འཐད་ཅེས་སོགས་ཀྱི་སྒོ་ནས་དངོས་པོ་སྨྲ་བས་ཆོས་རང་བཞིན་མེད་པའི་དོན་ལ་མང་དུ་རྒོལ་བའི་རྩོད་ལན་དུ། སྤྲུལ་པ་ཡིས་ནི་སྤྲུལ་པ་དང་། །སྒྱུ་མ་ཡི་ནི་སྐྱེས་བུ་ཡིས། །སྒྱུ་མས་ཕུང་ལ་འགོག་བྱེད་ལྟར། །འགོག་པ་འདི་ཡང་དེ་བཞིན་འགྱུར། །ཞེས་གསུངས་ཏེ། དཔེ་ཇི་ལྟར་ན་སྤྲུལ་པའི་སྐྱེས་བུས་སྤྲུལ་པའི་སྐྱེས་བུ་གཞན་ཕམ་པ་བྱེད་པ་དང་། སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་གཞན་ཕམ་པ་བྱེད་པ་དེ་བཞིན་དུ་ཚིག་དང་གཏན་ཚིགས་རང་བཞིན་གདོད་མ་ནས་མ་གྲུབ་ཀྱང་། ཁས་བླངས་ནང་འགལ་བརྗོད་པས་དངོས་པོ་བདེན་གྲུབ་འཛིན་པའི་ལོག་རྟོག་བཟློག་ནུས་པ་བསྟན་པ་དང་། ཡང་དེ་ཉིད་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་ཏེ། མངོན་སུམ་ལ་སོགས་པའི་ཚད་མ་བཞི་པོ་གང་གིས་ཀྱང་དམིགས་པའི་དོན་མེད་པས་རང་ཕྱོགས་སྒྲུབ་པ་དང་གཞན་སོགས་བཟློག་པའི་སྐྱོན་མི་གནས་པ་གསུངས་པས། གཟུགས་སོགས་རྟེན་འབྲེལ་གྱི་སྣང་བ་ཚད་མས་མ་གྲུབ་པ་འཕགས་པའི་དགོངས་པ་ཡིན་ཞིང་། སྣང་བ་ཚད་གྲུབ་ཏུ་འདོད་པ་ནི་འཕགས་པའི་དགོངས་པ་ལས་རིང་དུ་གྱེས་པ་དང་། མ་དག་འཁྲུལ་བའི་སྣང་བ་ལས་བརྒལ་བའི་དུས་གསུམ་སངས་རྒྱས་ཐམས་ཅད་གཤེགས་པའི་ལམ་ལས་ཕྱི་རོལ་དུ་གྱུར་པ་མངོན་ནོ། །དེ་བཞིན་དུ་ང་ནི་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ནའོ། །ཞེས་པའི་ཚུལ་གྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་པའོ་སྙམ་པའི་དམ་བཅའ་དང་། མི་སྟོང་ངོ་སྙམ་པའི་དམ་བཅའ་ཐམས་ཅད་སྐྱོན་ཅན་དུ་བསྟན་ལ། དེའི་ཕྱིར་བདེན་མེད་དང་སྐྱེ་མེད་ཙམ་གྱི་ལྟ་བས་ཆོག་པར་འཛིན་པ་ནི་ཐུགས་ཚིམ་པ་སྔ་སོང་བའི་སྐྱོན་ལས་ལྟ་བ་མཐར་ཐུག་ད་དུང་རྙེད་མེད་སྐད་འདུག  གཞན་ཡང་དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པ་བྱེད་དོ་ཞེས། །ཡང་དག་མིན་ཏེ་ཁྱོད་ཀྱིས་སྨྲས། །ཞེས་གསུངས་ཏེ། དགག་བྱ་འགོག་བྱེད་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མ་གྲུབ་ལ། དེས་ན་རིགས་པས་ཀྱང་དེ་མ་གྲུབ་པ་ལ་མ་གྲུབ་པ་ངོ་སྤྲོད་པ་ཙམ་ལས་དགག་བྱ་འགོག་བྱེད་གང་དུ་མ་གྲུབ་པ་གསུངས་པ་འདིས་ཀྱང་ཅི་ཡང་མ་གྲུབ་པའི་མཐའ་བྲལ་གྱི་དོན་བསྟན་པ་མངོན་ནོ། །སྟོང་ཉིད་བདུན་ཅུ་པ་ལས། བསྟན་བཅོས་ཀྱི་ཐོག་མར་གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་གསུངས་ཏེ། སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། ཡོད་པ་དང་། མེད་པ་སོགས་འཇིག་རྟེན་ཐ་སྙད་དང་སྒོ་བསྟུན་ནས་སངས་རྒྱས་ཀྱིས་བསྟན་པ་གསུངས་པས། སྣང་བ་འདི་ཚོ་འཇིག་རྟེན་ངོར་བྱས་ཡོད་ཅེས་སྙད་པ་ལས་ཚད་མས་གྲུབ་པ་ནི་མ་བསྟན་ཏོ། །ཡང་དེ་ཉིད་ལས། རྟག་མིན་མི་རྟག་མིན་བདག་དང་། །བདག་མིན་གཙང་མིན་མི་གཙང་མིན། །བདེ་མིན་སྡུག་བསྔལ་མ་ཡིན་ཏེ། །དེ་ཕྱིར་ཕྱིན་ཅི་ལོག་རྣམས་མེད། །ཅེས་གསུངས་ཏེ།  ཆོས་ཐམས་ཅད་རྟག་པ་དང་མི་རྟག་པ་དང་བདག་དང་བདག་མེད་པ་དང་། གཙང་བ་དང་མི་གཙང་བ་གང་ཡང་མ་ཡིན་པར་གསུངས་ཏེ་མཐའ་ཕྱི་མ་བཀག་པའི་མཐའ་བྲལ་གྱི་ལྟ་བ་བསྟན་པའོ། །ཡང་དེ་ཉིད་ལས། འདུས་བྱས་དང་ནི་འདུས་མ་བྱས། །དུ་མ་མ་ཡིན་གཅིག་མ་ཡིན། །ཡོད་མིན་མེད་མིན་ཡོད་མེད་མིན། །མཚམས་འདིར་སྣ་ཚོགས་ཐམས་ཅད་འདུས། །ཞེས་གསུངས་ཏེ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་གཉིས་ཆར་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་གྱི་སྤྲོས་པ་ཀུན་ལས་འདས་པའི་ཚུལ་གྱིས་མཐའ་བྲལ་གྱི་ལྟ་བ་བསྟན་པ་ཡིན་ནོ། །ཞིབ་མོ་རྣམ་འཐག་ལས་ནི། དངོས་སྨྲ་བས་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་བསྒྲུབ་བྱེད་དུ་རྟོག་གེའི་ཚིག་དོན་བཅུ་དྲུག་བཀོད་པ་ལ་དེ་འགོག་པའི་བསྟན་བཅོས་ཡིན་ཏེ། བསྟན་བཅོས་ཀྱི་ཐོག་མར་རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཞེས་རྩོམ་པ་དམ་བཅའ་བའི་སྐབས་སུ་མདོར་བསྟན་པ་དང། བསྟན་བཅོས་ལུས་ཀྱི་སྐབས་སུ་རྟོག་གེའི་ཚིག་དོན་བཅུ་དྲུག་རིམ་བཞིན་ཚད་མ་དང་གཞལ་བྱ་སོགས་ནི་རྟེན་འབྲེལ་ཡིན་པས་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འཐད་བསྟན་པ་སྟེ། ཚད་མ་དང་གཞལ་བྱ་གཉིས་ཀ་འདྲེས་པ་ཡིན་ནོ། །རང་ལས་མ་གྲུབ་པའི་ཕྱིར་རོ། ཞེས་གསུངས་པའི་ཕྱིར་རོ། །འདི་དག་ནི་མཚོན་པ་ཙམ་ཡིན་ཞིང་། མདོར་ན་རྟོག་གེའི་ཚིག་དོན་བཅུ་དྲུག་ཐམས་ཅད་རྟེན་འབྲེལ་དུ་ཁས་བླངས་པས་རྟེན་འབྲེལ་གཞི་བྱས་ལ་རང་བཞིན་འགལ་བ་ཡིན་པ་དང་། རང་བཞིན་གཞི་བྱས་ལ་རྟེན་འབྲེལ་འགལ་བ་ཡིན་པར་བསྟན་པའོ། །དེ་དག་གི་སྒོ་ནས་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས་ཁག་ལས་མཐའ་ཕྱི་མ་དང་ཀུན་རྫོབ་འཁྲུལ་བའི་སྣང་བ་མཐའ་དག་དགག་དགོས་པ་གསུངས་ནས་གཞི་ཡི་གནས་ལུགས་མཐར་ཐུག་པ་མཐའ་བྲལ་གྱི་ལྟ་བ་ཤིན་ཏུ་གསལ་བར་བསྟན་ཅིང་། ངེས་དོན་གྱི་མདོ་ཡི་དགོངས་པ་མཐར་ཐུག་པའང་དེ་ཉིད་ལ་གནས་ཏེ། ལྷའི་བུ་རབ་གནས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་དག་གང་ལས་བཟློག་པའི་ཆོས་དེ་དག་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་པ་དང་མེད་པ་ཡང་མ་ཡིན། ཡོད་པ་དང་མེད་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཞེས་དང་། འབུམ་ཁ་པ་ལས། འདི་ལྟར་མཚན་མ་ལས་ཉོན་མོངས་པ་འབྱུང་སྟེ། མཚན་མ་དེ་གང་ཞེ་ན། གཟུགས་ནི་མཚན་མའོ། །ཚོར་བ་ནི་མཚན་མའོ། །ཞེས་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་མཚན་མ་ཡིན་པར་བསྟན་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། དངོས་དང་དངོས་མེད་བྲལ་བ་དེ། །མཆོག་གི་ལམ་ནི་སྒོམ་པའོ། །བདག་ཏུ་ལམ་སྒོམ་མ་ཡིན་ལ། །བདག་མེད་སྒོམ་པས་མ་ཡིན་ཏེ། །འདི་ལྟར་གཉིས་སུ་མེད་པའི་ལམ། །གྲུབ་ཅིང་བདེ་བ་བླ་ན་མེད། །ཅེས་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དག་དང་མ་དག་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པ་ཡོང་མི་བྱེད། །ཅེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། བདག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ།  །མཐའ་གཉིས་ཀྱི་དབུས་གང་ཡིན་པ་དེ་དཔྱད་དུ་མེད་པ། བསྟན་དུ་མེད་པའོ། །ཞེས་དང་། འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་། ངག་དང་། ཡིད་ཀྱི་རང་བཞིན་དུ་གྱུར་ན་ནི། དེ་དོན་དམ་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པ་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགག་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཞེས་པ་སྟེ། དོན་དམ་པའི་བདེན་པ་གནས་ལུགས་མཐར་ཐུག་པ་ནི། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ཤིང་། གནས་ལུགས་སྟོང་པ་ཉིད་ཅེས་བྱ་བ་གང་དུ་མ་གྲུབ་པ་བསྟན་པའོ། །གནས་ལུགས་སྟོང་པ་ཉིད་ལ་ཞེན་དུ་མི་རུང་བ་ཡང་གསུངས་པ་སྟེ། འབུམ་ལས། སྟོང་པ་ཉིད་ཅེས་བྱ་བར་ཡང་མ་གྲུབ་བོ། །སྟོང་པ་ཉིད་ཅེས་བྱ་བར་ཡང་མ་འཛིན་ཅིག  ཅེས་དང་། ཡུམ་བར་མ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་ཀྱིས་སྒོ་ནས་བཀའ་འཁོར་ལོ་བར་པ་དང་དེའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་རིགས་ཚོགས་ལྔ་ཡི་དངོས་བསྟན་གྱི་ལྟ་བ་མཐར་ཐུག་པ་ནི་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་དགག་བྱར་བྱས་ཤིང་། ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་གསལ་བ་དེ་ཡང་སྦས་དོན་དུ་བྱས་ནས་མཐའ་བྲལ་ནམ་མཁའ་ལྟ་བུའི་དོན་འབའ་ཞིག་ལ་གནས་སོ། །དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་ལས་བསྟན་པའི་མཐར་ཐུག་ལྟ་བའི་གནད་ལ་རྒྱ་གར་འཕགས་པའི་ཡུལ་དུ་བཞེད་སྲོལ་མི་འདྲ་བར་ཅུང་ཟད་ཙམ་ཡང་མི་སྣང་ཡང་། ལྟ་བ་གཏན་ལ་འབབ་བྱེད་ཀྱི་རིགས་པའམ་གཞུང་འཆད་ཚུལ་གྱི་སྒོ་ནས་རྒྱ་གར་འཕགས་ཡུལ་དུ་དབུ་མ་ཐལ་རང་གི་བཀའ་སྲོལ་ཆེན་མོ་གཉིས་བྱུང་བ་ལས།  སྒྲོ་སྐུར་དང་བྲལ་བ་དེ་གཉིས་ཀྱི་ཁྱད་པ་བཤད་པ་ལ།  འཕགས་ཡུལ་གྱི་ཐལ་རང་སློབ་དཔོན་དག་གིས་མཛད་པའི་བསྟན་བཅོས་གཙོ་བོ་དབུ་མ་ཚིག་གསལ། བུདྡྷ་པ་ལི་ཏ། དབུ་མ་འཇུག་པ། ཤེས་རབ་སྒྲོན་མ། དབུ་མ་སྙིང་པོ། རྟོག་གེ་འབར་བ། དབུ་མ་རྒྱན། དབུ་མ་སྣང་བ། བདེན་གཉིས། རིན་ཆེན་སྒྲོན་མ། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་དང་བཅས་པའི་རྒྱ་འགྲེལ་བཅུ་གཅིག་ལ་ཁུངས་བཅོལ་ནས་བཤད་པ་བྱ་སྟེ། དེ་ཡང་མདོ་ལས།  ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པ་དེ་བྱང་ཆུབ་སེམས་པའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། དེ་བཞིན་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པ་དག་པ་དང་། སྤྲོས་པ་མེད་དང་། བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དོ། །ཞེས་གསུངས་ཏེ། མཉམ་ཉིད་བཅུ་བསྟན་པ་ལས་གཞན་རྣམས་གོ་སླ་བར་དགོངས་ཏེ། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་དང་པོར་བདག་ལས་མ་ཡིན་གཞན་ལས་མིན། ཞེས་སོགས་མཐའ་བཞི་སྐྱེ་བ་མེད་པའི་དམ་བཅའ་བཞི་བསྟན་ཞིང་དམ་བཅའ་བཞི་པོ་སྒྲུབ་བྱེད་ཀྱི་རིགས་པ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་གྱི་རིགས་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ལ་མི་འཐད་པའི་ཚུལ་རྒྱས་པར་བརྗོད་ནས་རང་རྒྱུད་དུ་གསུངས་ཤིང་། དེའི་ཕྱིས་སློབ་དཔོན་ཟླ་བས་སྔ་མའི་སྐྱོན་སྤོང་དང་། རང་རྒྱུད་ཀྱི་རིགས་པ་རྒྱས་པ་བཀག་ནས་ཐལ་འགྱུར་གྱི་གཞུང་འཛུགས་པ་ཡིན་ལ། ལུགས་འདི་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་སྒྲུབ་བྱེད་རིགས་པ་བཀོད་ཚུལ་གྱི་སྒོ་ནས་བྱུང་བའོ། །
       འདི་ལ་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་རིགས་པ་བཀོད་ཚུལ་དང་། འཕགས་པའི་དགོངས་པ་གང་ལ་གནས་མིན་དཔྱད་པའོ། །དང་པོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ལུགས་འགོད་པ་ནི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བ་འགྱུར་བའི་ཕྱིར་རོ། །དངོས་པོ་རྣམས་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་ཏེ། གྲངས་ཅན་པས་བདག་ལས་སྐྱེ་བ་ཁས་བླངས་པ་ལ་འབྲས་བུ་རྒྱུའི་དུས་ན་ཡོད་པ་དེ་ཉིད་སླར་སྐྱེ་བ་དང་། ཡོད་པ་སླར་སྐྱེ་བ་ལ་དགོས་པ་མེད་པར་ཁས་བླངས་པ་ལ་འགལ་བ་བརྗོད་ནས། རྒྱུའི་བདག་ཉིད་དུ་ཡོད་པའི་མངོན་པ་མི་གསལ་བའི་བུམ་པ་ལ་སོགས་ཀྱི་དངོས་པོ་རྣམས་ཆོས་ཅན། སྐྱེ་བ་དོན་མེད་དང་། ཐུག་པ་མེད་ཐལ། རང་གི་ངོ་བོ་ཡོད་པ་ཉིད་སྐྱེ་བའི་ཕྱིར། ཡང་དེ་ཆོས་ཅན། བདག་ལས་སྐྱེ་བ་མེད་པ་ཐལ། སྐྱེ་བ་དོན་ཡོད་པ་དང་སྐྱེ་བ་ཐུག་པ་དང་བཅས་པ་ཡིན་པའི་ཕྱིར། ཞེས་ཁས་བླངས་འགལ་བ་བརྗོད་པའི་ཐལ་འགྱུར་གྱི་ལམ་ནས་བདག་ལས་སྐྱེ་བ་འདོད་པའི་ལོག་རྟོག་བཟློག་པའོ། །
       གཉིས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང་། ཐལ་བ་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པ་བྱ་བ་དང་། དེའི་ཆོས་ཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བ་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པ་འགྱུར་བའི་ཕྱིར་གྲུབ་པའི་མཐའ་དང་འགལ་བ་འགྱུར་རོ་ཞེས་སྐྱོན་སྨྲས་སོ།  །འདིའི་དོན་ནི། སངས་རྒྱས་བསྐྱངས་ཀྱི་ངག་འདི་ནི་རང་རྒྱུད་ཡིན་ནམ་ཐལ་འགྱུར་ཡིན། དང་པོ་ལྟར་ན། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་བཞིན། ཞེས་བཀོད་པ་ལྟར་གཏན་ཚིགས་དང་དཔེ་བརྗོད་དགོས་པ་ལས། ཁྱོད་ཀྱིས་དེ་མ་བརྗོད་པས་རང་རྒྱུད་མི་རིགས་ཅེས་པའི་དོན་ཏེ། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། རྣམ་པར་བཤད་པ་དེ་ལ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་དམ་བཅས་པ་དེ་ཙམ་ཁོ་ན་ཞིག་གྲགས་པར་ཟད་ཀྱི་ཇི་ལྟར་བདག་ལས་སྐྱེ་བ་མེད་པའི་གཏན་ཚིགས། ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་དང་། ཡོད་པ་བདག་ལས་སྐྱེ་བ་མེད་པའི་དཔེར་ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་བྱ་བ་ལྟ་བུ་མ་བརྗོད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ་ཞེས་གསུངས་སོ།  །གཞན་ཡང་སངས་རྒྱས་བསྐྱངས་ཀྱི་ངག་དེས་གཞན་གྱིས་སྨྲས་པའི་ཉེས་པ་བསལ་མི་ནུས་ཏེ། དངོས་པོ་རྣམས་སྐྱེ་བ་དོན་མེད་པ་ཡིན་ཏེ། རང་གི་བདག་ཉིད་དུ་ཡོད་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་དོན་རྒྱུའི་བདག་ཉིད་དུ་ཟེར་བ་ཡིན་ནམ། འབྲས་བུ་བདག་ཉིད་དུ་ཟེར་བ་ཡིན། དང་པོ་ལྟར་ན་འགལ་བ་དང་། ཕྱི་མ་ལྟར་ན་གྲུབ་པ་ལ་བསྒྲུབ་པ་ཡིན་ཞེས་བརྗོད་པའི་ཉེས་པ་བསལ་མི་ནུས་པ་ཡིན་ནོ་ཞེས་དང་། གཉིས་པ་ཐལ་འགྱུར་ལྟར་ན། སྒྲུབ་བྱེད་མི་འཕེན་ན་ཐལ་འགྱུར་ཡང་དག་ཏུ་མི་རུང་བས་ལོག་རྟོག་བཟློག་མི་ནུས་ལ། འཕེན་ན་ནི་སྐྱེ་བ་དོན་ཡོད་པ་དང་། ཐུག་པ་ཡོད་པ་དང་། གཞན་ལས་སྐྱེ་བ་འགྱུར་བས། སློབ་དཔོན་ཀླུ་སྒྲུབ་ཀྱི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་རོ་ཞེས་མཐའ་བཞི་སྐྱེ་བ་འགོག་པའི་ཐལ་འགྱུར་གྱི་རིགས་པ་འབའ་ཞིག་ལ་སྐྱོན་བརྗོད་པའོ། །
     དེ་ལས་འཕྲོས་ཏེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དགོངས་པ་འཚོལ་བ་ལ།
སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཐའ་བཞི་སྐྱེ་འགོག་གི་རིགས་པ་ནི་སྔ་ཕྱིར་རྒོལ་གཉིས་ཀ་ལ་གྲགས་པའི་ཚུལ་གསུམ་ཚང་བའི་རང་རྒྱུད་ཀྱི་གཏན་ཚིགས་བཞེད་དེ། ཤེས་རབ་སྒྲོན་མ་ལས། དམ་བཅས་པ་ཙམ་གྱིས་བསམ་པའི་ཚིག་གིས་དོན་མི་འགྲུབ་པས།     འདིར་ཕྱོགས་ཀྱི་ཆོས་ནི་ཡོད་པ་ཉིད་ཡིན་པར་གཟུང་སྟེ། འདི་ལྟར་བདག་ལས་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ལ་སྙད་གདགས་པའི་ཕྱིར་རོ། །ཞེས་དང་། དབུ་མ་སྙིང་པོ་ལས། ཡང་ན་མིག་ལ་སོགས་པ་དག །བརྟགས་པའི་བདག་ཉིད་ཉིད་ཀྱིས་སྟོང་། །བྱས་པའི་ཕྱིར་དང་འཇིག་པའི་ཕྱིར། ། དཔེ་ན་སྒྱུ་མའི་འོ་མ་བཞིན། །ཞེས་དང་། ཡང་དེ་ཉིད་ལས། གྲགས་པའི་ཆས་ནི་དེ་གྲུབ་ཕྱིར། །ཁོ་བོའི་དཔེ་ནི་མེད་མ་ཡིན། །ཞེས་དང། དབུ་མ་ཤེར་སྒྲོན་ལས། འདི་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་སོགས་ཀྱི་གཞུང་གི་དགོངས་པ་སྣང་ངོ་། །རང་རྒྱུད་ཀྱི་གཏན་ཚིགས་འགོད་ཚུལ་ནི། ནང་གི་འདུ་བྱེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། ཡོད་པ་ཡིན་པའི་ཕྱིར། དཔེ་ན་ཤེས་པ་བཞིན་ནོ་ཞེས་པ་ལྟ་བུ་བཀོད་པའོ། །དེའི་ཚེ་ནང་གི་འདུ་བྱེད་ལྟ་བུ་བྱེ་བྲག་ཆོས་ཅན་དུ་འཛིན་པའི་དགོས་པ་ཡང་ཆོས་ཐམས་ཅད་ཆོས་ཅན་དུ་གཟུང་ན་ཤེས་པ་ལྟ་བུ་མཐུན་དཔེ་གཟུང་དུ་མི་རུང་བས། ཆོས་ཅན་བྱེ་བྲག་ཏུ་བཟུང་བ་ནི་དེ་ལས་གཞན་པ་མཐུན་དཔེ་གཟུང་རུང་བའི་ཆེད་དུའོ།  །དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ནི་རང་རྒྱུད་པའི་གཞུང་ལུགས་ཀུན་གྱི་དགོངས་པ་གཅིག་ཏུ་སྣང་བས། དེའི་དགོས་པ་ཡང་།  རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་དོན་དམ་གནས་ཚུལ་དང་། ཀུན་རྫོབ་སྣང་ཚུལ་སོ་སོར་ཕྱེ་ནས་བློ་འཁྲུལ་བའི་ཐ་སྙད་ཀུན་རྫོབ་ཀྱི་རྣམ་བཞག་ལས་བརྒལ་ཏེ་དོན་དམ་གནས་ཚུལ་གྱི་དབང་དུ་བྱས་ན་སྐྱེ་བ་དང་སྐྱེ་མེད་ཡོད་པ་དང་མེད་པ་སོགས་ཀུན་རྫོབ་ཀྱི་སྣང་བ་འདི་དག་གང་དུ་ཡང་མ་གྲུབ་པའི་དོན་དང་། དོན་དེ་ཡང་དོན་དཔྱོད་རིགས་པས་དབང་པོ་སྒོ་དྲུག་གི་ཀུན་རྫོབ་སྣང་ཚུལ་ལས་བརྒལ་ནས་བདེན་པ་འཚོལ་དགོས་ཞེས་པའི་བརྡ་ཚིག་གོ  །དེས་ན་སློབ་དཔོན་འདིའི་ལུགས་ལ་ཆོས་ཅན་དེའི་གནས་ཚུལ་ལ་དཔྱོད་པའི་ཚེ་ཆོས་ཅན་དེ་ཉིད་དོན་དམ་ཚད་མས་མ་གྲུབ་ཀྱང་ཐ་སྙད་ཚད་མས་ནི་ངེས་པར་གྲུབ་སྟེ། ཤེར་སྒྲོན་ལས། གཞན་གྱི་ཕྱོགས་འབའ་ཞིག་ལ་གྲགས་པའི་ཕྱོགས་ཀྱི་ཆོས་ཀྱིས་ནི་སྒྲུབ་པར་བྱ་བའི་ཆོས་བདག་ལས་སྐྱེ་བ་མེད་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་གྲགས་པ་དང་། སྒྲུབ་པའི་ཆོས་ཡོད་པ་ཉིད་རྒོལ་བ་དང་། ཕྱིར་རྒོལ་བ་གཉིས་ཀ་ལ་གྲགས་པ་ཡོད་པ་དེ་ནི་སྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་ཞེས་བྱའོ་ཞེས་གསུངས་ཤིང་།  དེའི་རྗེས་སུ་བྱོན་པའི་དཔལ་སྦས་ཀྱིས་དེ་ཁོ་ན་ཉིད་སྣང་བ་ལས། བསྒྲུབ་བྱའི་ཆོས་དང་རྗེས་མཐུན་པ། །རིགས་པ་ཤེས་པས་ཆོས་ཉིད་དུ། །རྟག་ཏུ་བྱེད་པ་དེ་ཡི་ཕྱིར། །མཁས་པས་རང་གི་ཆོས་ཅན་སྨོས། །དངོས་པོ་མེད་པ་ཉིད་ཀྱི་ཆོས། །བསྒྲུབ་བྱའི་བདག་ཉིད་རྗེས་མཐུན་པའི། །དངོས་པོ་མེད་ཉིད་ཆོས་ཅན་ཡིན། །དེ་བས་འདི་མ་གྲུབ་པ་ཡིན། །ཞེས་དང་། དབུ་མ་བདེན་གཉིས་ལས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །གང་གི་ཚེ་ན་གཞན་ན་མིན། །དེ་བས་རིགས་པ་སྨྲ་བ་རྣམས། །དེ་སྐད་སྨྲ་བ་སུ་ཞིག་འགོག །ཅེས་དང་། དབུ་མ་རྒྱན་ལས་ཀྱང་། གཞུང་གིས་བསྐྱེད་པའི་བྱེ་བྲག་གི །ཆོས་ཅན་སྤངས་ནས་མཁས་པ་དང་། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་སྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟ་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་སྐད་གདབ། །ཅེས་དང་། དེ་བཞིན་དུ་བདེན་གཉིས་རང་འགྲེལ་ལས། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་འདི་ཐ་སྙད་ཀྱི་རྒོལ་བ་དང་། ཕྱིར་རྒོལ་བ་དག་གི་བློའི་བདག་ཉིད་ལ་སྣང་བའི་ཆོས་ཅན་ཆོས་དང་དཔེ་ཉིད་དུ་རྣམ་པར་བཞག་པར་འབྱུང་གི་ཆོས་ཅན་ཆོས་ལ་སོགས་པ་གཉིས་ཀ་མ་གྲུབ་པ་ཉིད་ཀྱིས་རྗེས་སུ་དཔག་པ་འབྱུང་བ་མི་རུང་བའི་ཕྱིར། ཞེས་དང་། དབུ་མ་སྣང་བ་ལས་ཀྱང་།  ཁོ་བོ་ཅག་ཀྱང་ཚིག་ཙམ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྒྲུབ་པ་ཡང་མ་ཡིན་ལ། ཐལ་བ་སྒྲུབ་པ་ཙམ་གྱིས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡང་དག་པའི་ཚད་མ་ཉིད་ཀྱིས་བསྒྲུབས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པས་རང་རྒྱུད་པའི་ལུགས་ལ་ཆོས་ཅན་དེའི་གནས་ཚུལ་དཔྱོད་པའི་ཚེ་ཆོས་ཅན་ཚད་མས་གྲུབ་པར་ཞལ་གྱིས་བཞེས་པ་ནི་རང་རྒྱུད་པའི་སློབ་དཔོན་ཀུན་གྱི་དགོངས་པ་ཡིན་པར་མངོན་ནོ། །འོ་ན་ཐལ་རང་གཉིས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་པ་འགྱུར་ཏེ། རྟེན་འབྲེལ་གྱི་སྣང་བ་རིགས་པས་འགོག་མི་འགོག་གི་ཁྱད་པ་ཡོད་དོ་སྙམ་ན། གཞུང་གི་བཤད་ཚུལ་ལ་འགལ་བ་ལྟར་སྣང་ཡང་དོན་ལ་འགལ་བའི་སྐྱོན་མེད་དེ། རྟེན་འབྲེལ་གྱི་སྣང་བ་དོན་ལ་མ་གྲུབ་པ་དང་ཐ་སྙད་དུ་ཡོད་པ་དབུ་མ་ཐལ་རང་གཉིས་ཀས་བཞེད་ལ། དབུ་མ་ཐལ་འགྱུར་པས་ཆོས་ཅན་དེའི་གནས་ཚུལ་དཔྱོད་པའི་སྐབས་སུ་ཆོས་ཅན་དེ་ཚད་གྲུབ་ཏུ་ཁས་མི་ལེན་ཀྱང་དེ་སྣང་བ་ནི་ལམ་གྱི་སྐབས་སུ་བཟློག་དགོས་ལ། རང་རྒྱུད་པས་ནི་ཆོས་ཅན་དེའི་གནས་ཚུལ་ལ་དཔྱོད་པའི་སྐབས་སུ་ཆོས་ཅན་ཚད་གྲུབ་ཏུ་ཞལ་གྱིས་བཞེས་ཀྱང་མཐོང་ལམ་ལྟ་བུ་མཉམ་བཞག་ཡེ་ཤེས་ལ་མི་སྣང་བ་འདོད་པས་ལྟ་བ་ལ་འགལ་བ་གང་ཡང་མེད་དོ། །རང་རྒྱུད་པས་སྣང་བ་ཚད་གྲུབ་ཏུ་ཁས་ལེན་ཚུལ་དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་རྗེས་འབྲང་དང་བཅས་པ་གསལ་བུ་ཁ་ཅིག་གིས་མཐའ་དང་པོ་བདེན་དངོས་འགོག་པའི་སྐབས་སུ་ཁས་ལེན་པ་ཡིན་གྱི་མཐའ་ཕྱི་མ་རྣམས་འགོག་པའི་སྐབས་སུ་ཁས་མི་ལེན་ཞེས་པའི་ཞིབ་ཆ་མཛད་པ་དེ་ཡང་མི་དགོས་ཏེ། དེའི་སྐབས་སུ་ཚད་མས་གྲུབ་ཅེས་པའི་དོན་ནི་ཐ་སྙད་ཚད་མས་གྲུབ་ཅེས་པའི་དོན་ཡིན་པ་ལས། དོན་དམ་ཚད་མ་དང་དོན་དཔྱོད་རིགས་ངོར་གྲུབ་ཅེས་པའི་དགོངས་པ་ནི་གཏན་མ་ཡིན་པས། དེའི་ཕྱིར་མཐའ་ཕྱི་མ་འགོག་པའི་སྐབས་སུ་ཡང་དེ་ཙམ་ཞིག་ནི་ཁས་ལེན་དུ་རུང་སྟེ། ཐ་སྙད་ཀུན་རྫོབ་ཀྱི་དབང་དུ་བྱས་ན་ཐ་སྙད་ཚད་མས་གྲུབ་པ་དང་། དོན་དམ་གནས་ཚུལ་གྱི་དབང་དུ་བྱས་ན་ཚད་མ་དང་རིགས་པ་གང་གིས་ཀྱང་མ་གྲུབ་པར་སྣང་ཙམ་ཡང་དོན་དཔྱོད་རིགས་པའི་དགག་བྱར་བྱས་ཤིང་། ལྟ་བ་གཏན་ལ་འབེབ་པའི་སྐབས་སུ་བདེན་གཉིས་སོ་སོར་བྱས་ཏེ་ཆོས་ཅན་སྣང་ཙམ་པོ་གྲུབ་ཅེས་པ་ཀུན་རྫོབ་ཀྱི་དབང་དུ་བྱས་པ་དང་། དོན་དམ་གནས་ཚུལ་གྱི་དབང་དུ་བྱས་ན་རྟེན་འབྲེལ་སྣང་ཙམ་པོ་ཡང་དོན་དཔྱོད་རིགས་པའི་དགག་བྱ་ཡིན་པས། དོན་དམ་མམ་གནས་ཚུལ་དང་ཡིན་ཚུལ་གྱི་དབང་དུ་བྱས་ན་གཟུགས་སོགས་རྟེན་འབྲེལ་གྱི་སྣང་བ་རྡུལ་ཙམ་ཡང་མ་གྲུབ་པ་ཀུན་ཏུ་མཚུངས་པ་སྟེ། དབུ་མ་སྙིང་པོ་ལས། མཁས་པའི་ཚུལ་ལ་དཔྱད་པ་ལ། །གྲགས་པའི་གནོད་པ་ཡོད་མ་ཡིན། །དེ་ཉིད་ལ་ནི་མ་རིག་པའི། །ལིང་ཏོག་མདོངས་པའི་ཚིག་སྐབས་མེད། །ཅེས་དང་། མཁས་པའི་ལུགས་ཀྱིས་བརྟགས་པ་ལ། །གྲགས་པས་གནོད་པ་མ་ཡིན་ཏེ། །ཇི་ལྟར་ཆོས་བདག་མེད་པ་དང་། །སྐད་ཅིག་མ་ཞེས་བརྗོད་པ་བཞིན། །ཞེས་གསུངས་པའི་ཕྱིར་དང་། དོན་དམ་པ་ལ་མཐའ་ཕྱི་མ་བཀག་པའི་མཐའ་བྲལ་གྱི་ལྟ་བ་ཡང་ཞལ་གྱིས་བཞེས་པ་སྟེ། དབུ་མ་སྙིང་པོ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལས་གཞན་མིན་གཞན་མ་ཡིན  །ཞེས་དང་། ཡོད་དང་མེད་པའི་རྟོག་བྲལ་ཞིང་། །ཤེས་རབ་སྤྱོད་པས་གནས་པ་ལ། །ཞེས་དང་། རྟོག་གེ་འབར་བ་ལས། དེའི་ཕྱིར་ན་ལྟ་བ་རྣམ་པ་གཉི་ག་ཡང་སྤྲོས་པ་མ་ལུས་པ་སྤངས་ནས་ཞི་བ་བདེ་བ་འདོད་པའི་མཁས་པ་རྣམས་ལ་སྡུག་བསྔལ་དུ་གྱུར་པ་ཡིན་ནོ། །ཞེས་དང་། དེའི་རྗེས་སུ་འབྲང་བའི་རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཞེད་པ་སྟེ། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། དབུ་མ་རྒྱན་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅི་ཡང་ཀླན་ཀ་བྱ་མི་ནུས། །ཞེས་དང་། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་སོགས་ཀྱི་སྒོ་ནས་མཐར་ཐུག་ལྟ་བའི་བཞེད་མཚམས་ནི་མཐའ་བྲལ་གྱི་དོན་ལ་གནས་པས་དབུ་མ་ཐལ་རང་གི་ལྟ་བའི་གནད་ལ་ཁྱད་པར་མེད་པའི་ཚུལ་ཡང་དེ་ཉིད་དོ། །དེ་ལྟ་བུ་གནས་ལུགས་རྟོགས་པའི་འཕགས་པའི་མཉམ་བཞག་ལ་ཡང་མཚན་མ་དང་སྣང་བ་གང་ཡང་མི་མངའ་བར་བཞེད་དེ། དབུ་མ་སྙིང་པོ་ལས། མཚན་མ་མེད་ཕྱིར་སྣང་བ་མེད། །སྣང་མེད་ཕྱིར་ཡང་མཚན་མ་མེད། །མཚན་མ་མེད་ཅིང་སྣང་མེད་པ། །ལྟ་འདོད་བདག་ཉིད་གྲོལ་བ་མཐོང་། །ཞེས་གསུངས་པའི་དེའི་འགྲེལ་བ་རྟོག་གེ་འབར་བ་ལས། གང་དག་དེ་མཐོང་བར་འདོད་པའི་རྣལ་འབྱོར་པ་གྲོལ་བའི་བདག་ཉིད་ཅན་དེ་དག་གིས་ཀྱང་སངས་རྒྱས་དེ་མཚན་མ་མེད་པ་དང་སྣང་བ་མེད་པ་ཉིད་དུ་མཐོང་སྟེ། ཞེས་དང་། དེ་བཞིན་དུ་མིག་དག་པ་ལ་སྐྲ་ཤད་ཀྱི་སྣང་བ་མེད་པ་དང་། གཉིད་སད་པའི་ཚེ་རྨི་ལམ་གྱི་སྣང་བ་མེད་པ་སོགས་ཀྱི་དཔེ་དོན་སྦྱར་ནས་འཕགས་པའི་མཉམ་བཞག་ལ་སྣང་བ་མེད་པར་གསུངས་སོ། །སངས་རྒྱས་སར་མཉམ་རྗེས་ཐ་དད་མེད་པ་ཡང་བཞེད་དེ།  དབུ་མ་རིན་ཆེན་སྒྲོན་མ་ལས། དེ་བས་ན་མཉམ་པར་བཞག་ཅེས་པ་དང་། རྗེས་ལས་ཐོབ་པ་ཞེས་བྱ་བ་དེ་དག་ནི་གདུལ་བྱ་དངོས་པོ་ལ་ཞེན་པའི་ཚིག་སྟེ། ཆོས་ཐམས་ཅད་ཟད་པའི་མཐར་གྱུར་པ་མྱ་ངན་ལས་འདས་པའི་དུས་ན་ཇི་ལྟ་བུ་ཞིག་ཡོད། ཅེས་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་ཚེ་མཉམ་རྗེས་ཐ་དད་མེད་པ་གསུངས་ཤིང་། སྔར་གྱི་ལུང་དེའི་མཇུག་ཐོག་ཏུ། སངས་རྒྱས་རྣམས་ཀྱིས་དུས་ཀུན་ཏུ། །དེ་བཞིན་ཉིད་ལ་མཉམ་པར་བཞག །བརྗོད་དུ་མེད་པའི་གནས་སྐབས་དེར། །འཇུག་པའང་ལྡོག་པ་ཡོད་པ་མིན། །ཡེ་ཤེས་ཉིད་ཀྱང་ཇི་ལྟ་བུ། །མཉམ་བཞག་རྗེས་ཐོབ་ག་ལ་ཞིག །གལ་ཏེ་དེ་ལ་དེ་མངའ་ན། །སར་ཞུགས་རྣམས་ཀྱང་ཁྱད་ཅི་ཡོད། །ཅེས་པའི་ཚུལ་གྱིས་སངས་རྒྱས་སར་མཉམ་རྗེས་ཐ་དད་མེད་པ་གསུངས་སོ། །འོ་ན་ཀུན་མཁྱེན་གྱིས་འཇུག་པ་དཀའ་འགྲེལ་ལས། དབུ་མ་རང་རྒྱུད་པའི་ལུགས་ལ་འཕགས་པའི་མཉམ་བཞག་སྣང་བཅས་དང་། སངས་རྒྱས་སར་མཉམ་རྗེས་ཐ་དད་ཡོད་པ་གསུངས་པ་དང་འགལ་ལོ་སྙམ་ན། དེའི་དོན་ནི་ཀུན་མཁྱེན་རོང་སྟོན་གྱི་བཞེད་པ་ལྟར་དབུ་མ་རང་རྒྱུད་པའི་ལུགས་ལ་སྣང་བ་དམིགས་ནས་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་མཉམ་པ་བཞག་པའི་ཡེ་ཤེས་དང་། སྣང་བ་མེད་པར་ནམ་མཁའི་དཀྱིལ་ལྟ་བུ་ལ་མཉམ་པར་བཞག་པའི་མཉམ་བཞག་གཉིས་ཡོད་པ་གསུངས་པས་སྔ་མ་ལ་དགོངས་པ་སྣང་། སངས་རྒྱས་སར་དབུ་མ་བདེན་གཉིས་ཀྱི་དགོངས་པ་ལྟར་སྐྱེ་འགག་གི་སྣང་བ་བཅས་པ་གསུངས་པས་དེ་ཉིད་ལ་དགོངས་ཏེ་སངས་རྒྱས་སར་མཉམ་རྗེས་ཐ་དད་དུ་གསུངས་པར་སྣང་། འོ་ན་རང་རྒྱུད་པས་ཆོས་ཅན་དང་ཚུལ་གསུམ་ཚད་གྲུབ་ཏུ་ཞལ་གྱིས་བཞེས་ན། རང་རྒྱུད་ཀྱི་གཏན་ཚིགས་དེས་མྱུ་གུ་བདེན་མེད་ལྟ་བུ་ཡོངས་གཅོད་སྒྲུབ་བམ་མི་སྒྲུབ། དང་པོ་ལྟར་ན། བདེན་མེད་སྒྲུབ་པའི་རང་རྒྱུད་ཀྱི་སྒྲུབ་བྱེད་ཡང་དག་ཡོད་ཅིང་། དེ་རྟོགས་པའི་ཚད་མ་ཡང་ཡོད་ལ། དེ་ཡོད་ན་རང་རྒྱུད་པའི་གཞུང་ལས། ཚད་མས་གནོད་ན་ཚད་མའི་བདག །ཡིད་བརྟན་དུ་ནི་མི་རུང་འགྱུར། །ཞེས་གསུངས་པས། རིགས་པ་ཕྱི་མས་དེ་བཀག་ཏུ་མི་རུང་བ་འདོད་པས་ལྟ་བ་མཐའ་བྲལ་གྱི་དོན་ལ་གནས་པར་ཤིན་ཏུ་འགལ། ཕྱི་མ་ལྟར་ན་དེ་རང་རྒྱུད་ཀྱི་དམ་བཅའ་ཡིན་པར་འགལ་ལོ་ཞེ་ན། དང་པོ་ལྟར་ན་སྐྱོན་དེ་ལྟར་དུ་གནས་པས་ཁས་ལེན་མི་རུང་ལ། ཕྱི་མ་ལྟར་ན་རང་རྒྱུད་ཀྱི་དམ་བཅའ་ཁས་ལེན་ཞེས་པའི་དོན་ནི་མཐའ་བཞི་སྐྱེ་འགོག་གི་སྐབས་སུ་སྐྱེ་མེད་དང་བདེན་མེད་རེ་ཞིག་ཁས་བླངས་པས་རང་རྒྱུད་ཀྱི་དམ་བཅའ་ཡིན་ལ། གནས་སྐབས་དང་མཐར་ཐུག་ཀུན་ཏུ་དེ་ལྟར་དུ་ཁས་མ་བླངས་པས་སྐྱོན་མི་གནས་སོ། །དེས་ན་རང་རྒྱུད་པའི་ལུགས་ལ་ཡང་། དོན་དཔྱོད་རིགས་པས་མཐའ་བཞི་སྐྱེ་བ་དང་བདེན་པ་སོགས་ཕར་འགོག་པ་ཙམ་ལས་སྐྱེ་མེད་དང་བདེན་མེད་མི་སྒྲུབ་པ་ཡིན་ཏེ། དབུ་མ་སྙིང་པོ་ལས།  དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པ་མི་འདོད་དེ། །རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། །མཐོ་ཡོར་ལ་ནི་མི་བློ་བཞིན། །ཞེས་དང་། དེའི་སྔ་འགྲེལ་དུ་རྟོག་གེ་འབར་བ་ལས། གལ་ཏེ་ཁོ་བོས་བསྒྲུབས་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་བཀག་པས་མེད་པའི་ངོ་བོ་ཉིད་བསྒྲུབས་པར་གྱུར་ན་ནི་དེ་ལྟར་ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་ཁོ་བོ་མཐའ་གཉིས་སྤང་བའི་ཚུལ་གྱིས་དབུ་མའི་ལམ་སྟོན་པའི་ཤེས་པ་རྟོགས་པར་འདོད་པ་དེའི་ཕྱིར་མེད་པ་ཉིད་ཀྱང་འགོག་པར་བྱེད་དེ། ཞེས་དང་། ཡང་དེ་ཉིད་ལས། ཡོད་པ་ཉིད་དགག་པ་ཙམ་བྱེད་ཀྱི་མེད་པ་ཉིད་སྒྲུབ་པ་མ་ཡིན་པས་ཡུངས་ཀར་དང་རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་བར་ཡོད་པ་ཡིན་ཏེ། ཞེས་དང་།  དབུ་མ་ཤེར་སྒྲོན་ལས། འདི་ལྟར་ཁོ་བོས་ནི་སྐྱེ་མཆེད་རྣམས་ཀྱི་ཡོད་པ་ཉིད་དགག་པ་སྨྲས་པ་ན་ངོ་བོ་ཉིད་ཡོད་པ་དགག་པ་བྱས་པར་ཟད་ཀྱི་དངོས་པོ་མེད་པ་ཉིད་དུ་ནི་མ་སྨྲས་ཏེ། ཞེས་གསུངས་པས། མཐའ་གཉིས་པ་བདེན་མེད་དང་སྐྱེ་མེད་ལྟ་བུ་ནི་དགག་བྱ་ལས་བསྒྲུབ་བྱ་མི་འདོད་དོ། །འགོག་བྱེད་ཀྱི་རིགས་པ་ནི་ནང་གི་འདུ་བྱེད་ཆོས་ཅན། དོན་དམ་པར་བདེན་མེད་ཀྱང་མ་ཡིན་ཏེ། བྱས་པའི་ཕྱིར། དཔེར་ན་སྒྱུ་མའི་འོ་མ་བཞིན། ཞེས་པ་ལྟ་བུ་བཀོད་པའོ། །འོ་ན་ཀུན་མཁྱེན་སྨྲ་བའི་སེངྒེས་མཐུན་དཔེ་ཚད་མས་གྲུབ་པ་གསུངས་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། ཀུན་མཁྱེན་གྱི་དགོངས་པ་ནི་དབུ་མ་ཤེར་སྒྲོན་ལས་མཐའ་བཞི་སྐྱེ་འགོག་སྐབས་སུ་མཐུན་དཔེ་ཚད་གྲུབ་ཏུ་བཀོད་པ་གཞིར་བྱས་ཏེ་གསུངས་པ་ཡིན་ལ། གཞན་དུ་ན་དབུ་མ་སྙིང་པོའི་རྩ་འགྲེལ་གཉིས་ཀྱི་དགོངས་པར་འགྲོ་བ་དཀའོ། །གཞན་ཡང་གསལ་བུ་ཁ་ཅིག་གིས་འདོད་པ་ལ། དོན་དམ་བདེན་མེད་ཀྱང་མ་གྲུབ་སྟེ། ཞེས་པ་ལྟ་བུ་བཀོད་མི་རིགས་ཏེ་བདེན་མེད་ནི་རིགས་པས་གྲུབ་ལ། དེ་འགོག་ཏུ་མི་རུང་། འོ་ན་ཇི་ལྟར་འགོད་ཅེ་ན་དོན་དམ་པར་བདེན་མེད་བདེན་པར་མ་གྲུབ་སྟེ། ཞེས་འགོད་དགོས་ཟེར་རོ། །དེ་ནི་མི་འཐད་དེ། དེ་ལྟར་ན་བདེན་པའི་མཐའ་ནི་མཐའ་དང་པོ་ཡིན་པས་དབུ་མ་རང་རྒྱུད་པས་མཐའ་ཕྱི་མ་འགོག་ཚུལ་ཇི་ལྟར་ཡིན། ལེགས་པར་སོམས་ཤིག
   གསུམ་པ། དཔལ་ལྡན་ཟླ་བས་སྐྱོན་སྤངས་མཛད་པའི་ཚུལ་ནི། སྐྱོན་འདི་དག་ཐམས་ཅད་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་། །ཞེས་སོགས་དང་། དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་སོགས་གསུངས་ཏེ། ཁྱོད་ཀྱིས་སངས་རྒྱས་བསྐྱངས་ཀྱི་ངག་དེས་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པའི་དོན་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པའི་དོན་ནམ། གཞན་གྲགས་རྟགས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པའི་དོན་ཡིན། དང་པོ་ལྟར་ན་རང་རྒྱུད་ཀྱི་གཏན་ཚིགས་མ་བརྗོད་པ་དེ་ཉིད་ཀྱི་ཕྱིར་འཐད་པ་ཡིན་ཏེ། རང་རྒྱུད་ཀྱི་རྟགས་དོན་མེད་པ་དང་། ནུས་པ་མེད་པ་དང་། རང་རྒྱུད་མི་རིགས་པ་གསུམ་ལས། དང་པོ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དེས་གྲངས་ཅན་པས་ཁྱོད་ཀྱི་དངོས་པོ་བདག་ལས་སྐྱེ་བ་ཁས་བླངས་པ་ལ། འབྲས་བུ་ཡོད་པ་ཉིད་རྒྱུ་དང་། དེ་ཉིད་སླར་ཡང་སྐྱེའོ་ཞེས་འདོད་པ་ལ་ཁས་བླངས་འགལ་བ་བསྟན་ཏེ། རྒྱུའི་བདག་ཉིད་དུ་ཡོད་པའི་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་ཀྱི་དངོས་པོ་རྣམས་ཆོས་ཅན། སྐྱེ་བ་དོན་མེད་དང་། ཐུག་པ་མེད་པར་ཐལ། རང་གི་ངོ་བོ་ཡོད་པ་ཉིད་སྐྱེ་བའི་ཕྱིར། ཡང་དེ་ཆོས་ཅན། བདག་ལས་སྐྱེ་བ་མེད་པར་ཐལ། སྐྱེ་བ་དོན་ཡོད་པ་དང་ཐུག་པ་དང་བཅས་པ་ཡིན་པའི་ཕྱིར། ཞེས་ཁས་བླངས་འགལ་བ་བརྗོད་པས་ལོག་རྟོག་བཟློག་ནུས་ཤིང་། དེ་བཟློག་པས་སྐྱེ་བ་འཛིན་པའང་བཟློག་པས། དེའི་འོག་ཏུ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་བརྗོད་པ་ལ་དགོས་པ་མེད་དོ། །གཉིས་པ་ནི། དེ་ལྟར་ཁས་བླངས་ནང་འགལ་བ་བརྗོད་པས་ལོག་རྟོག་མི་བཟློག་ན་དེའི་ཚེ་ངོ་ཚ་དང་ཁྲེལ་མེད་པས་རང་རྒྱུད་ཀྱི་ངག་བརྗོད་པས་ཀྱང་བཟློག་མི་ནུས་ཏེ། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་རང་རྒྱུད་མི་རིགས་པ་ནི། བདག་ལས་སྐྱེ་བ་ཡོད་མེད་དཔྱོད་པའི་སྐབས་སུ་ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་ཁྱད་པར་གྱི་ཆོས་སྒྲུབ་པ་བྱེད་པའི་རང་རྒྱུད་ཀྱི་གཏན་ཚིགས་རིགས་པ་མ་ཡིན་ཏེ། རང་རྒྱུད་ཡིན་ན། ཆོས་ཅན་མངོན་སུམ་ལ་སོགས་པའི་ཚད་མ་བཞི་པོ་གང་རུང་གིས་རྒོལ་ཕྱིར་རྒོལ་གཉིས་ཀའི་ངོར་མཐུན་སྣང་གྲུབ་པའི་སྟེང་དུ་གཞན་ཕྱོགས་བདག་སྐྱེ་བཀག་ནས་རང་ཕྱོགས་བདག་སྐྱེ་མེད་པ་བསྒྲུབ་དགོས་པ་ལས་དེ་ལྟར་མ་གྲུབ་པས་རང་རྒྱུད་མི་རིགས་པ་གསུངས་ཤིང་ཤེས་བྱེད་ཀྱི་ལུང་ཡང་། འཕགས་པའི་ལྷ་ཡི་ལུང་གཅིག་དང་། རྩོད་ཟློག་གི་ལུང་གཉིས་དྲངས་པས་སྣང་བ་ཀུན་རྫོབ་ཀྱི་གནས་ཚུལ་བཙལ་བའི་ཚེ་སྣང་བ་ཉིད་མ་གྲུབ་པས་དེ་དགག་སྒྲུབ་བྱེད་པའི་རང་རྒྱུད་ཀྱི་གཏན་ཚིགས་མི་རིགས་པ་བསྟན་པའོ། །གཞན་གྱིས་སྨྲས་པའི་ཉེས་པ་བསལ་མི་ནུས་པའི་སྐྱོན་ཡང་མེད་དེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དེས་དངོས་ཤུགས་ཅི་རིགས་པའི་སྒོ་ནས། རྒྱུའི་བདག་ཉིད་དུ་ཡོད་པའི་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་པའི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། གང་རང་གི་བདག་ཉིད་དུ་ཡོད་པ་དེ་ལ་ནི་བདག་ལས་སྐྱེ་བ་མེད་དེ། མངོན་གསལ་གྱི་བུམ་པ་བཞིན་ནོ། །རྒྱུའི་བདག་ཉིད་དུ་ཡོད་པའི་བུམ་པ་དེའང་རང་གི་བདག་ཉིད་དུ་ཡོད་པས་བདག་ལས་སྐྱེ་བ་མེད་དོ། །ཞེས་སྦྱོར་བ་ཡན་ལག་ལྔ་ལྡན་བརྗོད་ནས། རྒྱུའི་བདག་ཉིད་དུ་ཡོད་པའི་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་བདག་ལས་སྐྱེ་བ་མེད་པ་བསྒྲུབ་བྱར་བྱས་པས། གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་ཞིང་། དཔེ་མངོན་གསལ་གྱི་བུམ་པའི་སྟེང་དུ་རྗེས་འགྲོའི་ཁྱབ་བ་བསྟན་པས་འགལ་བའི་སྐྱོན་དུ་འགྱུར་བ་ཡང་མེད་པས་ན། གཞན་གྱིས་སྨྲས་པའི་ཉེས་པ་བསལ་མི་ནུས་པའི་སྐྱོན་མེད་དོ། །ཕྱི་མ་གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་ཡང་མེད་དེ། དངོས་ཤུགས་ཅི་རིགས་སྒོ་ནས་དེ་ལྟ་བུ་སྦྱོར་བ་ཡན་ལག་ལྔ་ལྡན་གྱི་གཞན་གྲགས་གཏན་ཚིགས་བརྗོད་པས་སོ། །ཐལ་བ་ལས་བཟློག་པའི་སྐྱོན་ཡང་མེད་དེ། སངས་རྒྱས་བསྐྱངས་ཀྱི་ངག་དེ་ཐལ་འགྱུར་གྱི་ངག་ཡིན་པས། ཐལ་བར་འགྱུར་བ་བཟློག་པའི་དོན་ཡང་ཕ་རོལ་པོ་ཉིད་འབྲེལ་བ་ཡིན་གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ། ཞེས་དང་། དེའི་ཕྱིར་ཐལ་བ་སྒྲུབ་པ་ནི་ཕ་རོལ་པོའི་དམ་བཅའ་ལ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཐལ་བ་ལས་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །ཞེས་སོགས་གསུངས་ཏེ། ཁོ་བོ་ཅག་གིས་བརྗོད་པའི་ཐལ་འགྱུར་གྱི་ངག་ནི་གཞན་ཕྱི་རྒོལ་གྱི་ལོག་རྟོག་བཟློག་པའི་ཆེད་འབའ་ཞིག་བཀོད་པ་ཡིན་པ་ལས། རང་ཕྱོགས་སྒྲུབ་པའི་ཆེད་དུ་བཀོད་པ་མ་ཡིན་པས། ཐལ་བ་ལས་བཟློག་པའི་སྐྱོན་མི་གནས་ཏེ། སྒྲ་རྣམས་ནི་དབྱུག་པ་དང་ཞགས་པ་ཅན་བཞིན་དུ་སྨྲ་བ་པོ་རང་དབང་མེད་པར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། སློབ་དཔོན་གྱི་དགོངས་པ་ཡང་དེ་ལྟར་ཡིན་པ་རྩ་ཤེར་གྱི་ལུང་ཤེས་བྱེད་དུ་དྲངས་ནས་རང་རྒྱུད་མི་འཐད་པ་དང་ཐལ་འགྱུར་འཐད་པའི་ཚུལ་རྒྱས་པ་གསུངས་སོ། །གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས་ཞེས་སོགས་གསུངས་ཏེ། རང་རྒྱུད་ཀྱི་སྦྱོར་བ་མི་འཐད་པ་ཚུལ་ནི། དོན་དམ་གྱི་ཁྱད་པར་བཀོད་པ་ལ་དོན་མེད་དེ། ཁྱད་པར་དེ་དགག་ཆོས་བདག་ལས་སྐྱེ་བ་སོགས་ཀྱི་ཁྱད་པར་དུ་བཀོད་པ་ཡིན་ནམ། ཆོས་ཅན་ནང་གི་སྐྱེ་མཆེད་ཀྱི་ཁྱད་པར་དུ་བཀོད་པ་ཡིན། དང་པོ་ལྟར་ན་དགོས་པ་ཅིའི་ཕྱིར་བཀོད་ཅེས་འདྲི། གལ་ཏེ་དགག་ཆོས་ཀུན་རྫོབ་ཏུ་བཀག་ན་ལུང་དང་གྲགས་པ་དང་འགལ་བའི་ཉེས་པ་ཡོད་པས་དེ་དང་མི་འགལ་བའི་ཕྱིར་བཀོད་པ་ཡིན་ཞེ་ན། དེའང་མི་འཐད་དེ། བདག་ལས་སྐྱེ་བ་ཀུན་རྫོབ་ཏུའང་ལུང་ལས་ཁས་མ་བླངས་པའི་ཕྱིར་དང་། འཇིག་རྟེན་པ་རྣམས་ལ་ནི་རྒྱུ་ལས་འབྲས་བུ་འབྱུང་བ་ཙམ་ལས་བདག་དང་གཞན་སོགས་ལས་སྐྱེ་བ་མ་གྲགས་སོ། །གཉིས་པ་ལྟར་ན་གལ་ཏེ་ཆོས་ཅན་ནང་གི་སྐྱེ་མཆེད་ཀྱི་ཁྱད་པར་དུ་སྦྱར་ཏེ། འདི་ཀུན་རྫོབ་ཏུའང་མཐའ་བཞི་སྐྱེ་བ་དགག་པ་འདོད་པའི་ཕྱིར་རོ་ཞེ་ན། འོ་ན་ལེགས་ལྡན་འབྱེད་རང་ཉིད་ལ་ཕྱོགས་ཀྱི་ཆོས་དང་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་ཏེ། རང་གིས་དོན་དམ་པར་མིག་སོགས་ཀུན་རྫོབ་པ་ཁས་མ་བླངས་པའི་ཕྱིར་རོ། །གལ་ཏེ་རང་གི་སྡེ་བ་དག་གིས་གྲངས་ཅན་གྱི་ངོར་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟག་མི་རྟག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སྒྲ་ཙམ་ཆོས་ཅན་དུ་འཛིན་པ་བཞིན་འདིར་ཡང་བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ནང་གི་འདུ་བྱེད་ཙམ་ཆོས་ཅན་དུ་འཛིན་པས་སྐྱོན་མེད་དོ་ཞེ་ན། དེ་ལྟར་ན་ཆོས་ཅན་ནང་གི་འདུ་བྱེད་ལ་རིགས་པས་དཔྱད་ནས་སྐྱེ་སོགས་འགོག་པའི་ཚེ། ཆོས་ཅན་རིགས་པས་རྙེད་པ་ཉམས་པར་ཁས་བླངས་པ་དང་འགལ་ཏེ། སྐྱེ་མེད་ཡུལ་དུ་བྱེད་པའི་བློ་ནི་རིགས་ཤེས་ཕྱིན་ཅི་མ་ལོག་པའི་བློ་ཡིན་པར་ཁས་བླངས་ཤིང་། དེས་མ་རྙེད་པར་ཁས་བླངས། མིག་སོགས་ནང་གི་སྐྱེ་མཆེད་ནི་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ཡིན་པར་ཁས་བླངས་པའི་ཕྱིར། ཁྱབ་སྟེ་ཕྱི་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་གཉིས་འཛིན་སྟངས་དངོས་སུ་འགལ་བས་གཅིག་གིས་གྲུབ་པ་གཅིག་ཤོས་ཀྱིས་མི་འགྲུབ་པའི་ཕྱིར་རོ། །ཞེས་སོགས་ཀྱིས་སྒོ་ནས་དཔལ་ལྡན་ཟླ་བས་གནས་ལུགས་གཏན་ལ་དབབ་པའི་ཚེ་ཐལ་འགྱུར་རིགས་པས་མཚན་འཛིན་གྱི་ཞེན་ཡུལ་ཐམས་ཅད་སུན་ཕྱུང་སྟེ་ལོག་རྟོག་བཟློག་པ་ཙམ་ལས་ཡོངས་གཅོད་དུ་སྟོང་ཉིད་ཅེས་བྱ་བ་གང་ཡང་གཟུང་དུ་མེད་པས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་གནས་ལུགས་མཐའ་བྲལ་དུ་ཁས་ལེན་བཞིན་དུ་དེ་གཏན་ལ་འབེབ་བྱེད་རང་རྒྱུད་འདོད་པ་ལ་མི་འཐད་པའི་ཚུལ་བརྗོད་པ་ལས་མཐར་ཐུག་ལྟ་བའི་བཞེད་མཚམས་ལ་སྐྱོན་བརྗོད་པ་མི་སྣང་ངོ་། །
    དེ་ལས་འཕྲོས་ཏེ་དཔལ་ལྡན་ཟླ་བའི་བཞེད་སྲོལ་བཀོད་པ་ནི། དབུ་མའི་རིགས་ཆེན་ལྔ་དང་ཤིང་རྟ་རྣམ་བདུན་གྱི་རིགས་པས་ཆོས་ཅན་སྣང་བའི་དངོས་པོའི་གནས་ཚུལ་བཙལ་བའི་ཚེ་ཆོས་ཅན་ཉིད་ཀྱང་འཁར་གཞོང་དག་པའི་ནང་གི་སྐྲ་ཤད་ལྟར་མ་གྲུབ་ཅིང་། གལ་སྲིད་གྲུབ་ན་རིགས་པས་དཔྱད་བཟོད་དུ་རྙེད་པས་བདེན་གྲུབ་ཏུ་ཐལ་བར་འགྱུར་ལ། ཆོས་ཅན་སྣང་བའི་འཇིག་རྟེན་ཚད་མ་ཡང་དབང་ཤེས་འཁྲུལ་བ་བཞིན་ཚད་མིན་གྱི་བློ་སྟེ། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་གསུངས་ཏེ། ཡུལ་ཅན་ཐ་སྙད་ཚད་གྲུབ་ཆེད་དུ་བཀག་ཅིང་། ཡུལ་གྱི་ངོས་ནས་གཟུགས་སོགས་རྟེན་འབྲེལ་གྱི་སྣང་བ་འཁར་གཞོང་དག་པའི་སྐྲ་ཤད་དང་མཚུངས་པར་ཡོད་པ་མ་ཡིན་པར་གསུངས་ཏེ། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་། །ཞེས་སོགས་གསུངས་ཏེ་གཞི་ཡི་སྐབས་སུ་ཐལ་འགྱུར་གྱི་རིགས་པས་སྣང་བ་ཉིད་དགག་བྱར་བྱས་ཏེ་མཐའ་བྲལ་གྱི་དོན་གཏན་ལ་དབབ་པའོ། །དེ་ཡང་ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་སྤྱིར་ཐལ་རང་སློབ་དཔོན་ཀུན་གྱིས་ཐ་སྙད་ཀྱི་བདེན་པ་ལ་མ་བརྟེན་པར་དམ་པའི་དོན་རྟོགས་མི་ནུས་པ་དང་། འཇིག་རྟེན་ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་མ་བརྟག་བཞིན་དུ་ཁས་ལེན་དགོས་པར་ཞལ་མཐུན་ཀྱང་། ཀུན་རྫོབ་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་འཕགས་པའི་དགོངས་པ་ཚུལ་བཞིན་བཀྲལ་བའི་སློབ་དཔོན་ནི་དཔལ་ལྡན་ཟླ་གྲགས་ཏེ། ས་མྱུག་ལྟ་བུའི་རྒྱུ་འབྲས་ཐམས་ཅད་རྒྱུ་ས་བོན་ལ་བརྟེན་ནས་འབྲས་བུ་མྱུ་གུ་འབྱུང་བ་ལྷན་སྐྱེས་བློས་དེ་ལྟར་སྣང་བ་ཙམ་ལས་གཞན་སྒྲུབ་བྱེད་བདག་གཞན་གང་ལས་འབྱུང་བ་དཔྱད་དུ་མེད་པ་སྟེ། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང་། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པའི་ཕྱིར་དང་། མདོར་ན་ཐ་སྙད་དུ་ཕན་ཚུན་ལྟོས་ནས་གྲུབ་པའི་ཆོས་རྣམས་གཅིག་དང་ཐ་དད་གང་ཡང་དཔྱད་དུ་མེད་པར་གང་ཞིག་ལ་ལྟོས་ནས་གང་ཞིག་འབྱུང་བ་ཙམ་ཁས་ལེན་ཞིང་། དེ་ཉིད་རིགས་པས་བཙལ་བའི་ཚེ་ཐ་སྙད་རྟེན་འབྲེལ་གྱི་སྣང་བ་ཉིད་ཀྱང་དགག་བྱར་བྱས་ཏེ་དགག་བྱ་རགས་པ་བཀག་པའི་དབུ་མའི་ལྟ་བ་ནི་དབུ་མ་འཇུག་པ་ལས་དངོས་སུ་བསྟན་པའོ། །མཐའ་ཕྱི་མ་བཀག་པའི་གནས་ལུགས་མཐའ་བྲལ་བསྟན་ཚུལ་ནི། འཇུག་པ་རང་འགྲེལ་ལས། གཉིས་སུ་མེད་པའི་བློ་ནི། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །ཞེས་དང་། དབུ་མ་ཚིག་གསལ་ལས། ཁོ་བོ་ཅག་ནི་འདི་མེད་པ་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདི་གཞན་གྱིས་ཡོད་པ་ཉིད་དུ་ཡོངས་སུ་བརྟགས་པ་འགོག་པ་ཡིན་ནོ། །དེ་བཞིན་དུ་ཁོ་བོ་ཅག་ནི་འདི་ཡོད་པ་ཉིད་དུ་སྒྲུབ་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་གཞན་གྱིས་མེད་པ་ཉིད་དུ་བརྟགས་པ་སེལ་བ་ཡིན་ཏེ། མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། །ཞེས་དང་། བཞི་བརྒྱ་པའི་འགྲེལ་ཆེན་ལས། ཐམས་ཅད་མེད་པར་ལྟ་བའི་དྲི་མ་བཀྲུ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་ཡོད་དོ་ཞེས་བསྟན་པ་དང་། དངོས་པོ་མངོན་པར་ཞེན་པ་ཐམས་ཅད་སྤང་བའི་ཕྱིར་འགའ་ཞིག་ཏུ་མེད་དོ་ཞེས་དང་། ཡང་རྣམ་པ་གཉིས་ཀར་ལྟ་བ་སྤང་བའི་ཕྱིར་ཡོད་པ་དང་མེད་པ་ཞེས་དང་། སྤྲོས་པ་རྣམ་པ་ཐམས་ཅད་དུ་གཅད་པའི་ཕྱིར་གཉིས་ཀ་མ་ཡིན་པ་ཞེས་བྱ་བར་ཡང་རབ་ཏུ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་གཞི་ཡི་སྐབས་སུ་འཁོར་འདས་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཡོད་མེད་རྟག་ཆད་ཀྱི་སྤྲོས་པའི་མཐའ་ཀུན་ཐལ་འགྱུར་རིགས་པའི་དགག་བྱར་བྱས་ཏེ། ཀུན་རྫོབ་ཀྱི་སྤྲོས་པ་ཅི་ཡང་མ་རྙེད་གང་ཡང་མ་གྲུབ་པ་ཙམ་ལ་གཞི་ཡི་གནས་ཚུལ་མཐར་ཐུག་པ་བཞེད་ཅིང་། ལམ་གྱི་སྐབས་སུ་ཡང་། མ་མཐོང་བ་ཉིད་དེ་མཐོང་བ། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། ཞེས་དང་། ཆོས་ཡང་དག་པར་སྡུད་པ་ལས། ཅི་ཡང་མ་མཐོང་བ་ནི་དོན་དམ་པ་མཐོང་བའོ། །ཞེས་གསུངས་པ་ལྟར་རྟོགས་བྱེད་ཀྱི་བློ་ཞིག་གིས་རྟོགས་བྱའི་ཡུལ་ཞིག་རྟོགས་པ་མ་ཡིན་པར་འཁོར་འདས་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཡོད་མེད་རྟག་ཆད་སོགས་མཐའ་གང་དུ་ཡང་མ་གཟིགས་ཅི་ཡང་མ་མཐོང་གང་ལ་ཡང་མ་ཞེན་པ་བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པ་ཙམ་ལ་དེ་ཁོ་ཉིད་རྟོགས་པའི་ཐ་སྙད་མཛད་པ་ལས། དེའི་ཚེ་རང་རིག་གསལ་ཆ་དེ་ཡང་ཁས་མི་ལེན་པས་འགའ་ཞིག་འགའ་ཞིག་གིས་རྟོགས་པ་ལྟ་བུ་མ་ཡིན་ནོ། །དེ་ལྟ་བུ་ལམ་དེ་གོམས་པ་ཕུལ་དུ་བྱུང་བ་ན་གཞིའི་གནས་ལུགས་མཐའ་བྲལ་གྱི་དོན་མངོན་དུ་གྱུར་པ་ཙམ་ལ་འབྲས་བུ་སངས་རྒྱས་ཀྱི་ཉི་མ་ཤར་བའི་ཐ་སྙད་མཛད་པ་ལས། སྐུ་དང་ཡེ་ཤེས་མཚན་དང་དཔེ་བྱད་སོགས་གང་ཡང་ཐོབ་པ་མེད་པ་སྟེ།  ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་མེད། ཅེས་གསུངས་པ་སྒྲ་ཇི་བཞིན་པའོ། །འདི་ལྟ་བུ་གཞི་ལམ་འབྲས་བུའི་རྣམ་བཞག་ནི་བཀའ་འཁོར་ལོ་བར་པ་དང་དབུ་མ་རིགས་ཚོགས་རྣམས་ཀྱི་དངོས་བསྟན་དང་། དེའི་དགོངས་པ་ཕྱིན་ཅི་མ་ལོག་པ་འགྲེལ་བའི་ཐལ་རང་གི་སློབ་དཔོན་རྣམས་ཀྱི་གཞུང་ལས་བྱུང་བའི་རྣམ་བཞག་གོ །
   གཉིས་པ་དེ་ལྟར་ཐལ་རང་གི་སློབ་དཔོན་དག་གིས་འཕགས་པའི་དགོངས་པ་བཀྲལ་ཚུལ་གཉིས་བྱུང་བ་ལས། འཕགས་པའི་དགོངས་པར་གང་འཐད་མིན་གྱི་དཀའ་བའི་གནས་ལ་ཅུང་ཟད་དཔྱད་པ་ལ་སློབ་དཔོན་གྱི་གཞུང་ཉིད་ལ་འཇུག་སྟེ་དགོངས་པ་འཚོལ་དགོས་པས། འདི་ཡིན་དེ་མིན་གྱི་ཤན་འབྱེད་པ་ལ་ཅུང་ཟད་དཀའ་ཡང་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་གི་སྒྲོན་མེ་ལ་འཁྲི་སྟེ་ཅུང་ཟད་གླེང་བར་བྱ་སྟེ། དེ་ཡང་གོང་དུ་བཤད་པ་བཞིན་མཐར་ཐུག་ལྟ་བའི་གནད་ལ་དབུ་མ་ཐལ་རང་གཉིས་བཞེད་སྲོལ་མི་འདྲ་བའི་ཁྱད་པར་མེད་ཀྱང་། ཆོས་ཅན་དེའི་གནས་ཚུལ་དཔྱོད་པའི་སྐབས་སྣང་བ་འགོག་མིན་དང་། དབུ་མ་རྩ་ཤེར་གྱི་རིགས་པ་དག་རང་རྒྱུད་འདོད་མིན་དང་། དགག་བྱར་དོན་དམ་གྱི་ཁྱད་པར་ཡོད་མེད་སོགས་ཀྱི་བཞེད་སྲོལ་མང་དུ་བྱུང་ཡང་། དཔལ་ལྡན་ཟླ་བའི་བཞེད་སྲོལ་འདི་ཉིད་འཕགས་པའི་དགོངས་པར་འབྱོར་ཆེ་བ་སྣང་སྟེ། དོན་དམ་གཏན་ལ་དབབ་པའི་གཞིར་གྱུར་པའི་དངོས་རྟེན་ཐ་སྙད་བདེན་པ་ནི་འཇིག་རྟེན་གྲགས་པ་དང་སྒོ་བསྟུན་ནས་གསུངས་པ་སྟེ། སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་གསུངས་ཏེ་རྩ་ཤེར་རབ་བྱེད་བདུན་པའི་རྩོད་ལན་དུ་སྐྱེ་གནས་འཇིག་པ་སོགས་འཇིག་རྟེན་གྲགས་པའི་ཐ་སྙད་དང་སྒོ་བསྟུན་ནས་བསྟན་པ་ལས་དོན་དམ་གྱི་དབང་དུ་མིན་པ་གསུངས་པས་སློབ་དཔོན་ཉིད་ཀྱིས་ཀུན་རྫོབ་འཇིག་རྟེན་གྲགས་པ་དང་སྒོ་བསྟུན་པ་ཤིན་ཏུ་གསལ་ཞིང་། རབ་བྱེད་གཞན་ནས་བསྟན་པའི་ཐ་སྙད་བདེན་པ་ཡང་དེ་བཞིན་དུ་འཇིག་རྟེན་གྲགས་པ་དང་སྒོ་བསྟུན་པར་ཤེས་པར་བྱ་དགོས་སོ། །ཡང་དེ་ཉིད་ལས། དམ་པའི་དོན་ནི་དེར་ཟད་དེ། །འཇིག་རྟེན་ངོར་བྱས་ཐ་སྙད་དག །སྣ་ཚོགས་ཐམས་ཅད་རྫོགས་སངས་རྒྱས། །བཅོམ་ལྡན་འདས་ཀྱིས་བརྟེན་བརྟག་མཛད། །ཅེས་གསུངས་པས་ཀྱང་ཀུན་རྫོབ་འཇིག་རྟེན་གྲགས་པ་དང་སྒོ་བསྟུན་པ་བསྟན་ཏོ། །དེ་བཞིན་དུ་སྣང་བ་དེ་ཉིད་རིགས་པས་བཙལ་བའི་ཚེ་ཚད་མ་བཞི་པོ་གང་གིས་ཀྱང་མ་གྲུབ་པ་ཡང་སློབ་དཔོན་ཉིད་ཀྱི་དགོངས་པ་སྟེ། རྩོད་ཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང་། གཟུགས་སོགས་སྣང་བ་ཐམས་ཅད་གདོད་ནས་མ་གྲུབ་ཀྱང་རྟེན་ཅིང་འབྲེལ་བའི་སྣང་བ་འདི་ནི་མ་རིག་པའི་སྟོབས་ལས་བྱུང་བའི་འཁྲུལ་བའི་སྣང་བ་ཡིན་པའང་གསུངས་ཏེ། དབུ་མ་རྩ་ཤེར་ལས། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །གནས་ལུགས་གཏན་ལ་དབབ་པའི་རིགས་པ་ཡང་ཐལ་འགྱུར་གྱི་རིགས་པར་གསུངས་ཏེ། རྩ་ཤེར་ལས། གང་གི་བགོམ་པ་ལ་འགྲོ་བ། །དེ་ཡི་བགོམ་ལ་འགྲོ་མེད་པ། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་ལ་འགྲོ་བ་ཡིན་ཕྱིར་རོ། །ཞེས་དང་། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་གྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །ཅེས་དང་། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་པས་མཚོན་པའི་རིགས་པ་ཕལ་ཆེར་བ་འགལ་བ་བརྗོད་པའི་ཐལ་འགྱུར་དང་། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་དང་། དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། །ཞེས་པས་མཚོན་པའི་རིགས་པ་འགའ་ཞིག་ནི་གཞན་གྲགས་ཀྱི་རིགས་པ་དང་། ཅི་སྟེ་དེ་ནི་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང་། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་པ་དང་། ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཞེས་པས་མཚོན་པའི་རིགས་པ་འགའ་ཞིག་ནི་རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་པས་མཚོན་པའི་རིགས་པ་འགའ་ཞིག་ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཐལ་འགྱུར་ཡིན་ལ། དེ་ལྟ་བུ་ཐལ་འགྱུར་གྱི་རིགས་པ་འབའ་ཞིག་གིས་གཞན་གྱི་ཕྱོགས་སེལ་བ་མཛད་དོ། །མདོར་ན་གནས་ལུགས་སྨྲ་བསམ་བརྗོད་ཡུལ་འདས་པའི་ཁས་ལེན་ཀུན་བྲལ་ཡིན་པས། དམ་བཅའ་དང་རྣམ་རྟོག་གི་ཞེན་ཡུལ་ཐམས་ཅད་ནི་ཀུན་རྫོབ་ཀྱི་སྤྲོས་པ་ཡིན་ལ། དེ་དག་དགག་བྱར་བྱས་ནས་ཁས་ལེན་ཀུན་བྲལ་གྱི་ལྟ་བ་མཐར་ཐུག་པ་གཏན་ལ་འབེབ་བྱེད་ཀྱི་རིགས་པ་ནི་ཐལ་འགྱུར་གྱི་རིགས་པ་ལ་བཞེད་དོ།  །
གཉིས་པ་བསྟོད་ཚོགས་ལས་སྒོམ་པ་ཟུང་འཇུག་བསྟན་ཚུལ་ལ།
དབུ་མ་གཞན་སྟོང་པས་བཀྲལ་ཚུལ་དང་། དབུ་མ་རང་སྟོང་པས་བཀྲལ་ཚུལ་གཉིས་ལས།
   དང་པོ་ནི། དབུ་མ་གཞན་སྟོང་པ་ཀུན་མཁྱེན་དོལ་པོ་པས་བསྟོད་ཚོགས་ཁག་ནས་བསྟན་པའི་ཆོས་དབྱིངས་ངོས་འཛིན་ཚུལ་ནི། རང་གི་ངོ་བོས་མི་སྟོང་པ་སྟོང་བྱེད་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་ཟག་མེད་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་རྟག་བརྟན་བདེན་གྲུབ་ཀྱི་ངོ་བོ་གཞི་འབྲས་ཀུན་ཏུ་གདོད་མ་ནས་ཁྱབ་པ་མཚན་དཔེའི་ཡོན་ཏན་རང་ཆས་སུ་ལྡན་པའི་ཆོས་དབྱིངས་ཡེ་ཤེས་ལ་བཞེད་དོ། །དེ་ཡང་ཀུན་རྫོབ་གཞན་གྱིས་སྟོང་ཡང་དོན་དམ་རང་གི་ངོ་བོས་མི་སྟོང་པའི་ཤེས་བྱེད་དུ། ཆོས་དབྱིངས་བསྟོད་པ་ལས། སྟོང་པ་ཉིད་ནི་བསྟན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱི་ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། སེམས་ཅན་ཀུན་ལ་གདོད་མ་ནས་ཁྱབ་པའི་ཤེས་བྱེད་ནི། ཡང་དེ་ཉིད་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་དང་། དེ་ཡང་ཡེ་ཤེས་ཡིན་པའི་ཤེས་བྱེད་ནི། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ནས་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོགས་ཆོས་དབྱིངས་བསྟོད་པའི་ལུང་དག་ལ་ཁུངས་བཅོལ་ཞིང་། དེ་ཡང་རྒྱུད་བླ་མ་སོགས་བྱམས་ཆོས་ཕྱི་མ་ཁག་དང་། ཐོགས་མེད་སྐུ་མཆེད་ཀྱི་བསྟན་བཅོས་རྣམས་དང་། མདོ་ནི་དཔལ་ཕྲེང་སེང་གེ་ང་རོའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། འཕེལ་འགྲིབ་མེད་པའི་མདོ་དང་། མྱང་འདས་ཆེན་མོའི་མདོ་དང་བཅས་པའི་བཀའ་ཐ་མའི་དགོངས་པ་ཡིན་པར་བསྟན་ཏེ། སོར་མོ་ཕྲེང་བའི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་། དེ་བཞིན་གཤེགས་པའི་སྙིང་པོ་གཡུང་དྲུང་མ་ཡིན་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་གཡུང་དྲུང་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །ཞེས་དང་། དཔལ་ཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་གཉིས་ཏེ། ཡོད་པ་དང་མེད་པའོ། །དེ་ལ་ཡོད་པ་ནི་འདི་ལྟ་སྟེ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་དྲན་པ་ཉེ་བར་བཞག་པ་གསུམ་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་མོ་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང་ཐབས་མཁས་པ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང་། ཡེ་ཤེས་ལྔ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་ནི་ཡོད་པ་ཞེས་བྱའོ། །ཞེས་སོགས་ཀྱི་བཀའ་ཐ་མ་ངེས་དོན་མཐར་ཐུག་པའི་དགོངས་པ་ཡིན་པར་བསྟན་ཏོ། །པཎ་ཆེན་ཤཱཀྱ་མཆོག་གིས་ཀྱང་དེ་དང་འདྲ་བ་ཡེ་ཤེས་དེ་འདུས་བྱས་ཡིན་པ་ཙམ་ལས་གཞི་འབྲས་ཀུན་ཏུ་ཡོད་ཅིང་བདེན་གྲུབ་གྱི་ངོ་བོ་ཡིན་པ་ཞལ་གྱིས་བཞེས་པ་ལ་ཁྱད་མེད་དོ། །
   དེ་དག་ནི་འཐད་པ་མ་སྣང་སྟེ། བཀའ་བར་པའི་དགོངས་པ་མིན་པ་ཁྱེད་ཅག་གིས་ཀྱང་བཞེད་ལ། བཀའ་ཐ་མའི་དགོངས་པ་ཡང་མིན་ཏེ། དེ་ཡང་མྱང་འདས་ཆེན་མོའི་མདོ་ལས། དེ་ལ་སེམས་ཅན་ཐམས་ཅད་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་ད་ལྟར་ཉོན་མོངས་པ་རྣམས་ཡོད་པས། དེའི་ཕྱིར་ད་ལྟར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་དོ། །ཞེས་པ་དང་། རིགས་ཀྱི་བུ་ངས་འོ་མའི་ནང་ན་ཞོ་ཡོད་དོ། །ཞེས་མ་གསུངས་ཀྱི་འོ་མ་ལས་ཞོ་འབྱུང་པའི་ཕྱིར་ཞོ་ཡོད་ཅེས་བྱས་སོ། །རིགས་ཀྱི་བུ་འོ་མའི་ཚེ་ན་ཞོ་མེད། མར་དང་ཞུན་མར། ཉིང་ཁུ་ཡང་མེད་དེ། དྲོད་དང་དྲི་མ་ལ་སོགས་པའི་རྐྱེན་གྱིས་འོ་མ་ལས་ཞོ་འབྱུང་བའི་ཕྱིར། འོ་མ་ལ་ཞོའི་རང་བཞིན་ཡོད་དོ་ཞེས་སྨྲས་སོ། །ཞེས་སོགས་ཀྱིས་སྒོ་ནས་གཞི་དུས་སུ་ཡེ་ཤེས་དང་མཚན་དཔེ་མེད་ཅིང་། འོ་མ་ལས་ཞོ་འབྱུང་བ་ལ་དགོངས་ཏེ་འོ་མ་ལ་ཞོ་ཡོད་དོ་ཞེས་སྨྲས་པ་བཞིན་སེམས་ཅན་ལ་མ་འོངས་པ་བླ་ན་མེད་པའི་བྱང་ཆུབ་ཡོད་པའི་ཕྱིར་སེམས་ཅན་སངས་རྒྱས་ཀྱི་རང་བཞིན་དུ་བཤད་པ་ཡིན་གྱི། སེམས་ཅན་ལ་སངས་རྒྱས་དང་ཡེ་ཤེས་མེད་པ་བཀའ་ཐ་མ་ཉིད་ལས་གསལ་ཞིང་། མདོ་ཁ་ཅིག་ལས་ཡོད་པ་ལྟ་བུ་བཤད་པ་དེའང་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བ་གསུངས་ནས། རྒྱལ་བ་ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཀྲལ་ཟིན་པས། སླར་ཡང་དེའི་དོན་ལ་འཁྲུལ་བ་མི་བྱའོ། །
     གཉིས་པ་རང་ལུགས་དབུ་མ་རང་སྟོང་པས་བཀྲལ་ཚུལ་ནི། 
    ཀུན་མཁྱེན་གྱིས་བདེ་མཆོག་ཆོས་འབྱུང་ལས་གསུངས་པ་ལྟར་སྤྱི་བསྟོད་ཚོགས་ལ་བཅོ་བརྒྱད་ཡོད་པ་ལས། རིགས་ཚོགས་དང་མཐུན་པ་ལྟ་བ་མཐའ་བྲལ་བསྟན་པའི་བསྟོད་ཚོགས་ཁག་དང་། ཐབས་ཀུན་རྫོབ་ཀྱི་ཆ་ནས་བསྟན་པའི་བསྟོད་ཚོགས་ཁག་དང་།  སྒོམ་པ་ཟུང་འཇུག་གི་ཆ་ནས་བསྟན་པའི་བསྟོད་ཚོགས་ཁག་གསུམ་ལས། དང་པོ་ལ་རྣམ་པ་བརྒྱད་ལས། དང་པོ་དཔེ་མེད་པའི་བསྟོད་པ་ལས་བསྟན་ཚུལ་ནི། གཞུང་འདི་ནི་སྤྱི་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་ཀྱི་དོན་ཚུལ་བཞིན་གཟིགས་པའི་བླ་ན་མེད་པའི་ཤེས་རབ་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་མཚོན་བྱེད་དཔེ་ཡི་སྒོ་ནས་མཚོན་མི་ནུས་པའི་ཚུལ་གྱིས་བསྟོད་པ་སྟེ། དངོས་པོ་མེད་པའི་དོན་རིག་པས། །དཔེ་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་ཤིང་། རྟོགས་བྱ་ནི་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པ་དེ་ཉིད་བསྟན་པ་སྟེ། དོན་དམ་པ་ཡི་ཡོད་པ་ཉིད། །རྟོགས་དང་རྟོགས་བྱ་མི་མངའ་ཞིང་། །ཨེ་མའོ་མཆོག་ཏུ་རྟོགས་དཀའ་བའི། །ཆོས་ཉིད་སངས་རྒྱས་རྣམས་ཀྱིས་རྟོགས། །ཞེས་དང་། རྟོགས་པའི་ཚུལ་ཡང་ཀུན་རྫོབ་འཁོར་བས་བསྡུས་པའི་སྣང་བ་ཐམས་ཅད་ཡུལ་གདོད་མ་ནས་མ་གྲུབ་པ་ལ་དེ་དེ་ཉིད་དུ་གཟིགས་པ་ཙམ་ལ་རྟོགས་པའི་ཐ་སྙད་མཛད་པ་དང་། འབྲས་བུ་ཞི་བ་མངོན་དུ་གྱུར་ཚུལ་ཡང་འཁོར་བ་ཞེས་བྱ་བ་སྤང་བྱ་དང་མྱང་འདས་ཞེས་བྱ་བླང་བྱ་ལྟ་བུ་མ་ཡིན་པར་ཀུན་རྫོབ་འཁོར་བའི་སྣང་བ་ཐམས་ཅད་མ་དམིགས་པ་ཙམ་ལ་ཞི་བ་མངོན་དུ་གྱུར་བར་གསུངས་ཏེ། འཁོར་བ་སྤངས་པར་གྱུར་པ་ཡིས། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མ་དམིགས་པ་ཉིད་ཀྱི། །ཞི་དེ་མགོན་པོ་ཁྱོད་ཀྱིས་རྟོགས། །ཞེས་སོགས་རྒྱ་ཆེར་གསུངས་པས་རིགས་ཚོགས་དངོས་བསྟན་གྱི་དགོངས་པ་དང་ཤིན་ཏུ་མཐུན་པ་སྣང་།  གཉིས་པ་འཇིག་རྟེན་ལས་འདས་པའི་བསྟོད་པ་ལས་བསྟན་ཚུལ་ནི། ཕུང་སོགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་མཚུངས་པས་གནས་སྐབས་རང་བཞིན་སྟོང་པ་ཉིད་དང་། མཐར་ཐུག་ལ་བདེན་བདེན་མེད་ཀྱི་ལྟ་བ་ཀུན་སྤང་བྱ་དང་། ཡུལ་གང་ལ་ཞེན་ན་ཤིན་ཏུ་སྨད་པའི་གནས་ཡིན་པ་བསྟན་ཏེ། ཀུན་རྟོག་ཐམས་ཅད་སྤང་པའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་སོགས་ཀྱིས་ཡུལ་མཐའ་ཐམས་ཅད་དགག་བྱ་དང་། ཡུན་ཅན་ཞེན་པ་ཐམས་ཅད་སྤང་བྱར་བསྟན་པས་མཐའ་བྲལ་གྱི་ལྟ་བ་དངོས་སུ་བསྟན་པ་གསལ། གསུམ་པ་དོན་དམ་པར་བསྟོད་པ་ལས་བསྟན་ཚུལ་ནི། གནས་ལུགས་དོན་དམ་པའི་བདེན་པ་ནི་སྨྲ་བསམ་བརྗོད་ཡུལ་ལས་འདས་ཀྱང་གདུལ་བྱ་གཞན་ལ་ཐ་སྙད་ཀྱིས་སྒྲོ་བཏགས་པའི་ཚུལ་གྱིས་བསྟོད་པ་གསུངས་ཏེ། དེ་ལྟ་ན་ཡང་གང་འདྲ་བས། །དེ་བཞིན་ཉིད་དོན་སྤྱོད་ཡུལ་གྱི། །འཇིག་རྟེན་བཏགས་པ་ལ་གནས་ནས། །གུས་པ་ཆེན་པོས་བདག་གིས་བསྟོད། །ཅེས་གསུངས་སོ། །བཞི་པ་སྐུ་གསུམ་ལ་བསྟོད་པ་ལས་བསྟན་ཚུལ་ནི། སྤྲོས་པ་ཀུན་ལས་འདས་པའི་དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུ་དང་། དེ་ཉིད་མངོན་སུམ་དུ་གཟིགས་པའི་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དང་། དེ་ཉིད་བདག་རྐྱེན་དུ་བྱས་ནས་གདུལ་བྱ་རིགས་ཅན་གསུམ་ལ་གང་ལ་གང་འདུལ་གྱི་སྐུ་སྟོན་པའི་སྤྲུལ་སྐུ་གསུམ་ལ་བསྟོད་པའི་གཞུང་སྟེ། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་རྒྱ་ཆེན་གཞིར་གྱུར་པ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ལྔ་པ་བསམ་གྱིས་མི་ཁྱབ་པའི་བསྟོད་པ་ལས་བསྟན་ཚུལ་ནི།  དབུ་མ་རྩ་ཤེར་དང་མཐུན་པ་ཡོད་ཅེས་པ་ནི་རྟག་པའི་མཐའ་དང་མེད་ཅེས་པ་ནི་ཆད་མཐའ་ཡིན་པ་ངོས་བཟུང་ནས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་གནས་ལུགས་ནི་སངས་རྒྱས་ཀྱིས་བསྟན་པ་གསུངས་ཏེ། ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་པ་ནི་ཆད་པར་ལྟ། །དེས་ན་མཐའ་གཉིས་བྲལ་བ་ཡི། །ཆོས་དེ་ཁྱོད་ཀྱིས་བསྟན་པ་མཛད། །ཅེས་དང་། གནས་ལུགས་མཐར་ཐུག་པ་མཐའ་བཞི་དང་བྲལ་བ་ཡང་གསུངས་སྟེ། དེས་ན་ཆོས་རྣམས་མུ་བཞི་དང་། །བྲལ་བར་ཁྱོད་ཀྱིས་བཀའ་སྩལ་ལགས། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་བླ་ན་མེད་པའི་བསྟོད་པ་ལས་བསྟན་ཚུལ་ནི། གང་གིས་ཚུལ་རོལ་ཕ་རོལ་སྤངས། །ཤེས་བྱའི་རང་གི་ངོ་བོ་མཆོག །ཡེ་ཤེས་རྫུ་འཕྲུལ་སྟོབས་ཀྱིས་བསལ། །བླ་མེད་དེ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་ཏེ། ཚུལ་རོལ་ཕ་རོལ་གྱི་མཐའགཉིས་སྤངས་པའི་ཆོས་ཀྱི་དབྱིངས་ལ་བསྟོད་པ་ཙམ་ལས་གཞན་སྤྲོས་པ་ཆེར་མ་མཛད་དོ། །བདུན་པ་འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ལས་བསྟན་ཚུལ་ནི། བསྟོད་པ་བྱ་བ་དང་བསྟོད་མཁན་དང་། མཐའ་དང་དབུས་དང་། གཟུང་བ་དང་འཛིན་པ་གང་ཡང་མ་མཆིས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལ་བསྟོད་པ་སྟེ། སུ་ལ་བསྟོད་ཅིང་སུ་ཡིས་བསྟོད། །མཐའ་མ་མཆིས་ཤིང་དབུས་མ་མཆིས། །གཟུང་དང་འཛིན་པ་རྣམ་སྤངས་པའི། །རྟོག་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པའི་ཕྱིར་རོ། །བརྒྱད་པ་བསྟོད་པ་ལས་འདས་པ་བསྟོད་པ་ལས་བསྟན་ཚུལ་ནི། བདེན་བདེན་མེད་ཀྱི་ལྟ་བ་ཐམས་ཅད་སྤངས་བའི་ཕྱིར་སྟོང་ཉིད་ཀྱི་ལྟ་བ་བསྟན་པ་གསུངས་པས་མཐའ་ཕྱི་མ་བཀག་པའི་མཐའ་བྲལ་བསྟན་པ་སྟེ། ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །མགོན་པོ་ཁྱོད་ཀྱིས་སྟོང་པ་གསུངས། །ཞེས་དང་། དེ་ཡང་ཡོངས་སུ་བཏགས་པ་སྟེ། །དངོས་སུ་མགོན་པོ་ཁྱོད་མི་བཞེད། །སྟོང་དང་མི་སྟོང་བཞེད་མ་ལགས། །གཉིས་ཀར་ཁྱོད་དགྱེས་མ་ལགས་ཏེ། །ཞེས་སོགས་གསུངས་སོ། །
     གཉིས་པ་ཐབས་ཀུན་རྫོབ་ཀྱི་ཆ་ནས་བསྟོད་པའི་བསྟོད་ཚོགས་བརྒྱད་ལས། དང་པོ་སེམས་ཅན་མགུ་བ་བྱ་བའི་བསྟོད་པ་ལས་ནི། ཞི་བའི་མཐའ་སེལ་བྱེད་ཐབས་སྙིང་རྗེ་ཆེན་མོ་སོགས་ལམ་གྱི་ཆ་གཙོ་བོར་བསྟན་པ་སྟེ། སྙིང་རྗེ་བཏང་ནས་གནས་པར་གྱུར་པ་ལྷུང་བ་གང་ཡིན་པ། །དེ་ནི་དེ་ལས་སྙིང་རྗེས་བསླང་བར་ནུས་ཀྱི་གཞན་གྱིས་མིན། །ཞེས་གསུངས་སོ། །གཉིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་ལས་བསྟན་ཚུལ་ནི། འཕགས་བཞི་ཡུམ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོར་བསྟོད་པའི་གཞུང་སྟེ། སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་མ། །ཁྱོད་ཉིད་གཅིག་པུ་ཐར་པའི་ལམ། །དེ་ལྟར་གཞན་དག་མེད་པར་ངེས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ་ལས་ནི། འགྲོ་བའི་སྡུག་བསྔལ་ཀུན་ལས་སྐྱོབ་པ་བྱེད་པའི་ཐབས་སྙིང་རྗེ་ཆེན་མོ་ལམ་གྱི་ཆ་གཙོ་བོར་བསྟན་པ་སྟེ། བོས་ཤིང་བོས་ཤིང་འགྲོ་བ་མ་ལུས་པ། །ཕོངས་པ་འདི་དག་ཀུན་ལས་ཁྱེད་སྐྱོབ་མཛད། །ཅེས་དང་། འགྲོ་ལ་རྟག་ཏུ་བུ་གཅིག་འདྲ་བ་ཡི། །བརྩེ་བའི་ཐུགས་ནི་མངའ་ཞིང་སྒྲོལ་སྤྱོད་པ། །ཞེས་སོགས་གསུངས་སོ། །བཞི་པ་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་བསྟོད་པ་ལ་གཉིས་ཡོད་པ་ལས་གཅིག་ཤོས་ལས་ནི། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བྱང་ཆུབ་སྙིང་པོར་སངས་རྒྱས་བདུད་ནི་བཏུལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ཕྱག་འཚལ་ལོ། །ཞེས་སོགས་ཚིགས་བཅད་བརྒྱད་ཀྱི་སྒོ་ནས་བྱང་ཆུབ་མཆོད་རྟེན་དང་། བཀྲ་ཤིས་འབྱུང་བའི་མཆོག་རྟེན་དང་།  གྲོང་ཁྱེར་འདུལ་མཛད་ཀྱི་མཆོད་རྟེན་དང་། ཐུགས་རྗེ་འབྱུང་བའི་མཆོད་རྟེན་དང་། ཆོ་འཕྲུལ་བསྟན་པའི་མཆོད་རྟེན་དང་། རྒྱལ་བའི་མཆོད་རྟེན་དང་། རྣམ་དག་མཆོད་རྟེན་དང་། མྱང་འདས་མཆོད་རྟེན་བརྒྱད་ལ་བསྟོད་པའོ། །ལྔ་པ་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་བསྟོད་པ་གཅིག་ཤོས་ལས་ནི། གཞུང་གོང་མ་དང་བརྗོད་བྱེད་ཚིག་མི་འདྲ་བ་ཙམ་ལས། བརྗོད་བྱའི་དོན་ལ་ཁྱད་པར་མི་སྣང་ངོ་། །དྲུག་པ་མཛད་པ་བཅུ་གཉིས་བསྟོད་པ་ལས་ནི། གང་གིས་དང་པོ་བྱུང་ཆུབ་ཐུགས་བསྐྱེད་ནས། །ཞེས་སོགས་ཚིགས་བཅད་བཅུ་བཞིས་མཛད་པ་བཅུ་གཉིས་སྐྱོང་བའི་སྟོན་པ་ཐུགས་རྗེ་ཅན་ལ་བསྟོད་པའོ། །བདུན་པ་ཕྱག་འཚལ་བའི་བསྟོད་པ་ལས་ནི། གནོད་བྱེད་འདོད་ཆགས་ཞེ་སྡང་དང་། །སྲིད་འཁོར་རྨོངས་ཆེན་དྲ་བ་སྤངས། །མཆོག་སྦྱིན་མཛད་པ་རྒྱལ་བ་མཆོག །མཆོག་བྱུང་སངས་རྒྱས་བདག་ཕྱག་འཚལ། །ཞེས་སོགས་ཀྱི་སྒོ་ནས་ཡོན་ཏན་སྣ་ཚོགས་པ་མངའ་བའི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བའོ། །བརྒྱད་པ་དམྱལ་བ་ནས་འདོན་པ་ལས་ནི། འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །དབུལ་བའི་འདམ་དུ་བྱིང་བ་ལ། །ཡོངས་སུ་མཁྱེན་པ་བསྐྱེད་ནས་ནི། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཞེས་སོགས་ཀྱི་སྒོ་ནས་བདག་འཁོར་བའི་འདམ་ལས་སྐྱོབ་ཏུ་གསོལ་བའོ། །
     གསུམ་པ་སྒོམ་པ་ཟུང་འཇུག་གི་ཆ་ནས་བསྟན་པའི་བསྟོད་ཚོགས་ལས་ནི་རྣལ་འབྱོར་པའི་ཉམས་མྱོང་ལས་བྱུང་བའི་གསལ་སྟོང་ཟུང་འཇུག་གི་ལྟ་བའམ་བཀའ་འཁོར་ལོ་ཐ་མའི་དངོས་བསྟན་གྱི་ལྟ་བ་ཆེད་དུ་བསྟན་བྱ་གཙོ་བོར་བྱས་ལ། དོན་དེ་ངེས་པ་ལ་ཟུང་འཇུག་གི་ཡ་གྱལ་གཉིས་པོ་ཚུལ་བཞིན་ངེས་དགོས་པ་ལ་དགོངས་ཏེ་སྟོང་པ་རིགས་ཚོགས་དང་འཁོར་ལོ་བར་པ་ལས་གཙོ་བོར་བསྟན་ཞིང་། གསལ་ཆ་བསྟོད་ཚོགས་དང་འཁོར་ལོ་ཐ་མ་ལས་ཅུང་ཟད་རྩལ་འདོན་བྱས་པ་ཙམ་ལས། གསལ་ཆ་དོན་དམ་དུ་བསྟན་པ་མེད་དོ། །དེས་ན་བསྟོད་ཚོགས་ལས་བསྟན་བྱ་མཐར་ཐུག་པ་གསལ་སྟོང་དབྱེར་མེད་ཀྱི་ཆོས་དབྱིངས་ངོ་བོ་ནི། ཐོག་མ་མེད་པ་ནས་ད་ལྟ་དང་། སེམས་ཅན་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་རྒྱུན་མ་ཆད་པ་དགེ་མི་དགེ་གང་གི་རིས་སུ་མ་གཏོགས་པ་ཐབས་ཀྱིས་ཟིན་མ་ཟིན་བྱེ་བྲག་གིས་འཆིང་གྲོལ་ཀུན་གྱི་གཞིར་གྱུར་པ། ཐབས་ཀུན་རྫོབ་ཀྱི་མཚན་ཉིད་གསལ་ཙམ་མ་འགགས་པ་རང་བཞིན་མཐའ་བཞི་སྤྲོས་པས་སྟོང་པ་དང་དབྱེར་མེད་པའི་ངོ་བོ་གསལ་སྟོང་ཟུང་འཇུག་གམ་རིག་སྟོང་ཟུང་འཇུག་གི་ཆ་ལ་འཇོག་སྟེ། ཆོས་དབྱིངས་བསྟོད་པ་ལས།  གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་དང་། ཡང་དེ་ཉིད་ལས། སྟོང་པ་ཉིད་ནི་བསྟན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱི་ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། ། ཞེས་དང་། སྡོམ་གསུམ་ཁ་སྐོང་ལས། བསྟོད་པའི་ཚོགས་ལས་སྟོང་ཉིད་དེའང་། །ཅི་ཡང་མེད་ཙམ་ཡིན་སྤངས་ནས། །འཁོར་འདས་ལྷུན་འགྲུབ་སེམས་ཉིད་ཀྱི། །ཡིན་ཕྱིར་བྱ་བྱེད་རུང་བར་གསུངས། །ཞེས་དང་། ཡང་དེ་ཉིད་ལས། འདིར་ནི་བྱམས་མགོན་ཀླུ་སྒྲུབ་ཀྱིས། །གསལ་བ་རྒྱུན་ཆགས་མ་འགགས་པ། །མཐའ་བཞིའི་སྤྲོས་པས་སྟོང་པ་ཡི། །ཟུང་འཇུག་འདུས་མ་བྱས་ལ་བཞེད། །ཅེས་དང་། འཇམ་མགོན་ས་པཎ་ནས། སེམས་སྟོང་པར་ངོ་འཕྲོད་པའི་ཆ་ལ་དཀོན་མཆོག་གསུམ་ཚང་དུ་མི་བཏུབ། སེམས་རིག་སྟོང་ཟུང་འཇུག་ལ་དཀོན་མཆོག་གསུམ་གྱི་ས་བོན་ཚང་ཞིང་། ཟུང་འཇུག་གི་དོན་ལེགས་པར་རྟོགས་པ་ལ་མངོན་འགྱུར་ཉིད་དུ་ཚང་བ་ཡིན། ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཀྱང་། གསལ་བ་མ་འགག་པའི་སྟོང་པ་དེ། །ཟུང་འཇུག་གི་གནས་ལུགས་ཡིན་པ་གོ །ཞེས་དང་། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ནས། སྣང་བ་དང་ནི་སྟོང་པ་གཉིས། །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོགས་ཀྱི་སྒོ་ནས་གསལ་སྟོང་ཟུང་འཇུག་གི་ལྟ་བ་མཐར་ཐུག་པ་བསྟན་ཏོ། །དེ་ཡང་རྣལ་འབྱོར་པའི་སྒོམ་པའི་ཉམས་མྱོང་གི་ལྟ་བ་ཡིན་ཚུལ་ནི། ཤེར་ཕྱིན་མདོ་དང་རིགས་ཚོགས་དག་གིས་དངོས་བསྟན་མཐའ་བྲལ་གྱི་ལྟ་བ་ནི་རིགས་ཚོགས་ཁག་ལས་བྱུང་བའི་ཐོས་བསམ་གྱི་རིགས་པ་དག་གིས་ཀུན་རྫོབ་རྣམ་རྟོག་གི་ཞེན་ཡུལ་ཐམས་ཅད་དགག་བྱར་བྱས་ཏེ། ཅི་ཡང་མ་རྙེད་པའི་མཐའ་བྲལ་ནམ་མཁའ་ལྟ་བུ་བསྟན་པ་ལས། གསལ་སྟོང་ཟུང་འཇུག་གི་དོན་ཆེར་མེད་དོ་སྙམ། འོན་ཀྱང་། རྣམ་འབྱོར་པའི་སྒོམ་པ་ཉམས་ལེན་གྱི་སྐབས་སུ་རང་སེམས་གསལ་བའི་ཆ་དེ་རང་དབྱིངས་སྤྲོས་བྲལ་ལས་ནམ་ཡང་གཡོ་བ་མེད་པ་ཤེས་ནས། དབྱིངས་རིག་བསྲེ་སྟེ་བཅས་བཅོས་དགག་བསྒྲུབ་མེད་པར་མཉམ་པ་བཞག་ནས་རྟོགས་དགོས་པས་གསལ་སྟོང་ཟུང་འཇུག་གི་ལྟ་བ་ནི་སྒོམ་པ་ཉམས་མྱོང་ལས་བྱུང་བའི་ལྟ་བའི་རིམ་པ་ཡིན་པར་མངོན་ནོ། །ལྟ་བ་དེ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། ཐོག་མར་ཐོས་བསམ་གྱིས་རིགས་པས་གཏན་ལ་ཕབ་པའི་དོན་ནམ་ལྟ་བས་ཐག་བཅད་པའི་དོན་དེ་ཉིད་ཤེས་པ་གསལ་རིག་གི་རྒྱུན་མ་འགག་པའི་ཤེས་རབ་དེ་ཉིད་ཀྱིས་བྱིང་རྒོད་སོགས་ཏིང་ངེ་འཛིན་གྱི་སྐྱོན་མཐའ་དག་སྤངས་ནས་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་བསྒོམ་པས་ཉམས་སུ་ལེན་དགོས་ལ། དེ་ཡང་སྒོམ་བྱུང་གི་ཤེས་རབ་རྣལ་མ་ཞིག་སྐྱེ་བ་ལ་ཐོག་མར་ཞི་གནས་བཙལ་དགོས་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས་། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །ཞེས་གསུངས་ཏེ་ཐོག་མར་ཞི་གནས་ལ་བརྟེན་དགོས་པ་གསུངས། ཞི་གནས་ཀྱི་དམིགས་རྟེན་ཡང་ཀུན་མཁྱེན་གྱིས་ལྷ་སྐུ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་ཐོག་མར་ལྷ་སྐུ་སོགས་དམིགས་རྟེན་གང་རུང་ཞིག་ལ་སེམས་རྣམ་པ་གཞན་ལ་མི་གཡེང་བ་རྩེ་གཅིག་ཏུ་གནས་དགོས་ཤིང་། དེའི་ཚེ་ཡང་ཏིང་ངེ་འཛིན་གྱི་སྐྱོན་ཆེ་ཤོས་དམིགས་པ་མི་གསལ་བ་དང་རྣམ་རྟོག་གཞན་དུ་གཡེང་བའི་བྱིང་རྒོད་གཉིས་ཀྱི་གཉེན་པོ་དྲན་པ་ཤེས་བཞིན་ལ་བརྟེན་དགོས་པ་སྟེ། དབུ་མ་སྙིང་པོ་ལས། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ཞི་གནས་ཀྱི་ཉེས་པ་ལྔ་དང་གཉེན་པོ་འདུ་བྱེད་བརྒྱད་ཚུལ་བཞིན་ཤེས་པར་བྱས་ནས་སྔར་ཐོས་བསམ་ཤེས་རབ་ཀྱིས་མཐའ་བཞི་གང་དུ་མ་རྙེད་པ་བྱས་ནས་དེའི་ངང་ལ་ཏིང་ངེ་འཛིན་གྱི་སྐྱོན་ཐམས་ཅད་སྤངས་ནས་དང་པོ་སྒྲིམ་བར་དུ་ལྷོད་མཐའ་མར་རང་སོར་བཟུང་སྟེ་བློ་རྩེ་གཅིག་ཏུ་གནས་པ་ནི་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་རིམ་ཡིན་ལ། མཐའ་མ་རང་སོར་བཟུང་བའི་ཚེ་སྤྲོས་འཛིན་གྱི་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་ཡང་རང་སེམས་གསལ་བའི་གདང་ནི་མ་འགག་པས་དེ་ཉིད་མཐའ་བཞི་སྤྲོས་པ་བྲལ་བའི་དབྱིངས་དང་བསྲེ་ནས་དབྱེ་མེད་དུ་བསྒོམ་པའི་རིམ་པ་ནི་སྒོམ་པ་ཟུང་འཇུག་གི་གོ་བ་དཔྱིས་ཕྱིན་པའོ། །དེ་ལྟར་ཡིན་པར་ཡང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། གཉིས་མེད་ཀྱི་བློས་མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་བླངས་བར་བསྟན་པ། ཞེས་གསུངས་ལ། ལེགས་བཤད་འདི་ནི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མ་ལུས་པ་གནད་གཅིག་ཏུ་དྲིལ་ནས་བསྟན་པའི་སྡོམ་ཚིག་ཅིག་ཀྱང་ཡིན་པ་སྣང་ངོ་། །ཀུན་མཁྱེན་གྱི་དགོངས་པ་ཡང་དེ་ཉིད་ཡིན་ཏེ། དྲིས་ལན་པད་བཞད་ལས། དཔྱད་ཚེ་མཐའ་བཞི་མ་རྙེད་ཀྱང་། །ཤེས་པ་གསལ་ཙམ་མ་འགག་པ། །བྱིང་རྒོད་ལ་སོགས་སྐྱོན་སྤང་ནས། ། རང་དགར་བཞག་པ་སྒོམ་པ་ཡིན། །ཞེས་དང་། སྡོམ་གསུམ་ཁ་སྐོང་ལས། འདིར་ནི་བྱམས་མགོན་ཀླུ་སྒྲུབ་ཀྱིས། །གསལ་བ་རྒྱུན་ཆགས་མ་འགགས་པ། །མཐའ་བཞིའི་སྤྲོས་པས་སྟོང་པ་ཡི། །ཟུང་འཇུག་འདུས་མ་བྱས་ལ་བཞེད། །ཅེས་དང་། ཡང་དེ་ཉིད་ལས། ལང་གཤེགས་སྟུག་པོ་བཀོད་པ་དང་། །རྣལ་འབྱོར་དབང་ཕྱུག་མན་ངག་དང་། །དཔལ་ལྡན་ཟླ་བའི་ཞབས་སོགས་ཀྱིས། །ཀུན་གཞིའི་སྒྲ་ཡང་འདི་ལ་བཞེད་། །ཅེས་དང་། རྗེ་བཙུན་རེད་འདའ་བའི་དབུ་མའི་ལྟ་ཁྲིད་ལས། རང་གི་བློ་མཐའ་གང་ལ་ཡང་མི་གནས་གང་དུ་ཡང་མི་འཛིན་པར། མཚན་མ་གང་ཡང་ཡིད་ལ་མི་བྱེད་པར་སེམས་མཉམ་པར་བཞག་པར་བྱའོ། །ཞེས་དང་། ཡང་དེ་ཉིད་ལས། འོན་ཀྱང་དེ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་དབྱེ་བ་ཅུང་ཟད་ཀྱང་མེད་དོ། །ཞེས་སོགས་ཀྱི་སྒོ་ནས་སྒོམ་པ་ཉམས་ལེན་གྱི་རིམ་པ་ལ་སྦྱར་བ་མཛད་དོ། །དེ་བཞིན་དུ་ཀུན་མཁྱེན་རོང་སྟོན་གྱི་སྒོམ་ཁྲིད་ལས། ཕྱི་སྣང་སྟོང་དབྱེར་མེད། ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པ་ནི། དོན་མདོར་བསྡུས་པའོ། །ཞེས་དང་། མདོ་ལས། འོད་སྲུངས། སེམས་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན། ཞེས་གསུངས་སོ། །མདོར་ན་སྒོམ་པ་ཉམས་ལེན་སྐབས་སུ་ཟུང་འཇུག་ཏུ་ཉམས་སུ་ལེན་དགོས་པ་ནི་དཔལ་ལྡན་ས་སྐྱ་པའི་མཁས་གྲུབ་ཀུན་གྱི་དགོངས་བཞེད་མཐར་ཐུག་པ་ཡིན་པ་མ་ཟད། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཀུན་གྱི་དགོངས་པའང་དེ་ཉིད་ལ་བབས་པ་སྣང་སྟེ། རྗེ་བཙུན་མི་ལ་རས་པའི་ཞལ་སྔ་ནས། སྣང་སྲིད་སེམས་སུ་འདུས་ཏེ་གདའ། །སེམས་ཉིད་གསལ་བའི་ངང་ལ་གདའ། །དེ་ལ་ངོས་བཟུང་མེད་པ་གདའ། །ཞེས་དང་། རྗེ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུས་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །ཅེས་དང་།དེ་བཞིན་བླ་མ་མི་ཕམ་གྱི་ཞལ་སྔ་ནས། སྤྲོས་བྲལ་དབུ་མ་ཆེན་མོ་དང་། །འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །དེ་ལས་ལྷག་པའི་ལྟ་བ་མེད། །གང་ཕྱིར་སྣང་སྟོང་རེས་འཇོག་ཏུ། །འཛིན་མེད་མཐའ་བཞིའི་སྤྲོས་པ་དང་། །བྲལ་ཕྱིར་དེ་ལས་གཞན་གྱུར་ན། །སྤྲོས་དང་བཅས་པ་ཉིད་ཕྱིར་རོ། །ཞེས་དང་། དེ་བཞིན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་ལས། སེམས་འཕྲོ་བའི་ཡུལ་དང་འཕྲོ་མཁན་གྱི་སེམས་རྣམས་བརྟགས་ན་སྟོང་པར་རྟོགས་པ་དང་སྟོང་པར་རྟོགས་པའང་བཙལ་བའམ་དཔྱད་པ་ན་སྟོང་པར་རྟོགས་པ་དང་། ཞེས་དང་། ཡང་དེ་ཉིད་ལས། སྟོང་པར་རྟོགས་པ་དེས་མཚན་མེད་ཀྱི་རྣལ་འབྱོར་ལ་འཇུག་པར། ཞེས་སོགས་ཀྱི་གཞུང་གི་དགོངས་པ་མཐར་ཐུག་པའོ། །དེ་ལྟར་ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་གསལ་རིག་གི་ངོ་བོ་ནི། ཐོག་མ་མེད་པའི་དུས་ནས་སེམས་ཅན་ནས་སངས་རྒྱས་ས་ཡི་བར་དུ་རྒྱུན་མ་ཆད་པ། དགེ་མི་དགེ་ལ་སོགས་པའི་རིས་སམ་ཡུལ་དྲུག་པོའི་ཕྱོགས་སུ་མ་ཆད་པ། ཚོགས་དྲུག་ལས་ངོ་བོ་ཐ་དད་དུ་ཡོད་པ་མ་ཡིན་ཞིང་། ཐབས་ཀྱིས་ཟིན་མ་ཟིན་བྱེ་བྲག་གིས་འཆིང་གྲོལ་ཀུན་གྱི་གཞིར་གྱུར་པ། ཐབས་ཀུན་རྫོབ་ཀྱི་མཚན་ཉིད་གསལ་ཙམ་མ་འགགས་པའི་གསལ་རིག་གི་ངོ་བོ་ལ་འཇོག་གོ །དེ་ཉིད་སོ་སོ་སྐྱེ་བོ་གནས་སྐབས་སུ་ཀུན་གཞི་རྣམ་ཤེས་དང་། སྡེ་སྤྲུལ་གྱིས་གསུངས་པ་ལྟར་ས་དང་པོ་ནས་ཀུན་གཞི་རྣམ་ཤེས་ཡེ་ཤེས་སུ་གནས་འགྱུར་བའི་འགོ་རྩོམ་ནས་སངས་རྒྱས་པའི་ཚེ་མེ་ལོང་ལྟ་བུ་ཡེ་ཤེས་སུ་གནས་གྱུར་ཟིན་པས། ཀུན་མཁྱེན་གྱིས་སངས་རྒྱས་སར་ཀུན་གཞི་མེད་པ་གསུངས་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །གསལ་ཆ་དེ་ཡང་ཆོས་དབྱིངས་བསྟོད་པ་དང་སེམས་ཀྱི་རྡོ་རྗེ་བསྟོད་པ་ལས་དངོས་སུ་བསྟན་ཏེ། སེམས་ཀྱི་རྡོ་རྗེ་བསྟོད་པ་ལས། གང་གིས་སེམས་བྱུང་དྲ་བ་ནི། །སེམས་ཉིད་ཀྱིས་ནི་བསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཐབས་ཀྱིས་ཡང་དག་པར་ཟིན་ན་སེམས་ཀྱི་རྨོངས་པ་སེམས་ཉིད་ཀྱིས་སེལ་ནུས་པའི་རང་སེམས་གསལ་བ་ལ་ཕྱག་འཚལ་བའི་སྒོ་ནས་གསལ་བ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཆོས་དབྱིངས་བསྟོད་པ་ལས། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཞེས་དང་། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང་རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀུན་ཏུ་བསྩགས་པ་དང་ཉེ་བར་བསྩགས་པ་ཡིན་པའི་ཕྱིར་རོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང་། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རླབས་བདུན་རྣམས་དང་ལྷན་ཅིག་གནས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུ་གསལ་རིག་དེ་ཡང་འདུས་བྱས་ཡིན་པས་བདེ་གཤེགས་སྙིང་པོ་ནི་མ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། ཚོགས་བརྒྱད་འདུས་བྱས་ཡིན་པའི་ཕྱིར། །བདེ་གཤེགས་སྙིང་པོར་མི་འཐད་དོ། །མདོ་ལས་བདེ་གཤེགས་སྙིང་པོ་ནི། །འདུས་མ་བྱས་སུ་གསུངས་པའི་ཕྱིར། །ཞེས་དང་། མདོ་ལས་བདེ་གཤེགས་སྙིང་པོ་འདུས་མ་བྱས་སུ་བསྟན་ཚུལ་ནི། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་སོ། །ཞེས་གསུངས་པའོ། །དེ་ཉིད་རང་བཞིན་སྤྲོས་བྲལ་ལས་མ་འདས་ཀྱང་གནས་ལུགས་དོན་དམ་བདེན་པ་ནི་མ་ཡིན་ཏེ། རྒྱུད་གསུམ་གནོད་འཇོམས་ལས། རྗེ་བཙུན་ས་སྐྱ་པས། སེམས་ཀྱི་མཚན་ཉིད་གསལ་རིག་སྟེ། །གསལ་རིག་རང་བཞིན་སྟོང་པ་ཡིན། །ཞེས་གསུངས་ཕྱིར་ན་གསལ་རིག་ཉིད། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །ཞེས་དང་། དེ་བཞིན་དུ་ལམ་འབྲས་ཆོས་འབྱུང་ལས། འོན་ཀྱང་ཀུན་གཞིར་འཇོག་པ་ནི་གསལ་བའི་ཆ་ནས་འཇོག་པ་གཙོ་ཆེ་ཞིང་། ཆོས་དབྱིངས་སུ་འཇོག་པ་ནི་སྟོང་པའི་ཆ་ནས་འཇོག་པ་གཙོ་ཆེ་ལ། ངོ་བོ་ཟུང་འཇུག་ཡིན་པ་ལ་ནི་ཁྱད་པར་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ལང་ཀར་གཤེགས་པའི་མདོ་སོགས་འཁོར་ལོ་ཐ་མ་རྣམས་ལས་གཙོ་བོར་བསྟན་པའི་ཀུན་གཞི་གསལ་རིག་ངོ་བོ་དེ་ཉིད་སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་དེ་བདེན་པ་གྲུབ་པས་འཁོར་འདས་ཀུན་གྱི་གཞིར་རུང་བར་འདོད་ཅིང་། དབུ་མ་པའི་སློབ་དཔོན་རྣམས་ཀྱིས་སེམས་དེ་ཡང་བདེན་པ་གྲུབ་ན་གཉེན་པོ་བསྐྱེད་པ་དང་། སྒྲིབ་པ་སྤོང་དུ་མི་རུང་བས། རང་བཞིན་སྟོང་པའི་ཕྱིར་ན། འཆིང་གྲོལ་ཀུན་གྱི་གཞིར་རུང་བ་གསུངས་པ་སྟེ། གང་ལ་སྟོང་ཉིད་རུང་བ་དེ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
གསུམ་པ་དེ་གཉིས་དགོངས་པ་གཅིག་ཏུ་བབས་ཚུལ་ནི།  
     མདོར་ན་དབུ་མ་ཚོགས་གཉིས་དངོས་བསྟན་གྱི་ལྟ་བའམ། འཁོར་ལོ་བར་མཐའ་གཉིས་ཀྱི་དངོས་བསྟན་གྱི་ལྟ་བ་དང་། ཀུན་མཁྱེན་གོ་རམས་པའི་དབུ་མའི་འགྲེལ་ཆེན་བཞི་དང་། སྡོམ་གསུམ་གྱི་འགྲེལ་བའི་སྐོར་དང་དྲིས་ལན་ཁག་དང་བཅས་པའི་དངོས་བསྟན་གྱི་ལྟ་བ་ཐམས་ཅད་འགལ་མེད་གནད་གཅིག་ཏུ་བབས་ཚུལ་ནི་འདི་ལྟར་སྟེ། དེ་ཡང་ཀུན་གཟིགས་གོ་རམས་པའི་ཞལ་སྔ་ནས། དཔྱད་ཚེ་མཐའ་བཞི་མ་རྙེད་ཀྱང་། །ཤེས་པ་གསལ་ཙམ་མ་འགག་པ། །བྱིང་རྒོད་ལ་སོགས་སྐྱོན་སྤང་ནས། །རང་དགར་བཞག་པ་སྒོམ་པ་ཡིན། །ཞེས་གསུངས་པ་ལྟར་ཐོག་མར་ཐོས་བསམ་རིགས་པས་གཞི་ཡི་གནས་ལུགས་གཏན་ལ་དབབ་པའི་ཚེ་སོ་སོ་སྐྱེ་བོ་རྣམ་རྟོག་གི་ཞེན་པས་འཆིང་བ་ལ་དགོངས་ནས་གཟུགས་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱི་རོལ་གྱི་དངོས་པོ་དང་། ནང་གསལ་རིག་གི་ཤེས་པ་ཐམས་ཅད་ཡོད་མེད་རྟག་ཆད་ཀྱི་སྤྲོས་པའི་མཐའ་ཀུན་དབུ་མའི་རིགས་ཆེན་དག་གིས་ཆེད་དུ་དགག་བྱར་བྱས་པའི་ཚེ། ཀུན་རྫོབ་ཀྱི་སྤྲོས་པ་ཅི་ཡང་མ་རྙེད་ཀྱང་སྒོམ་པའི་ཉམས་ལེན་སྐབས་སུ་རྟེན་ཅིང་འབྲེལ་བ་འབྱུང་བའི་གསལ་བ་སྒྱུ་མ་ལྟ་བུ་ཞིག་བསླུ་མེད་སྙོན་མེད་ཀྱི་ཚུལ་གྱིས་གཏན་ནས་རྒྱུན་ཆད་དུ་མེད་པ་མྱོང་བས་གྲུབ་ལ། དེས་ན་འཁོར་ལོ་བར་པ་དང་། དེའི་དགོངས་འགྲེལ་དང་བཅས་པའི་ལྟ་བ་ནི་ཐོས་བསམ་རིགས་པས་གཏན་ལ་དབབ་པའི་ལྟ་བ་དང་། འཁོར་ལོ་མཐའ་མ་དང་། དེའི་དགོངས་འགྲེལ་དང་བཅས་པའི་ལྟ་བ་ནི། ཐོས་བསམ་རིགས་པས་དཔྱད་པའི་ཚེ་སྤྲོས་པའི་མཐའ་ཀུན་ལས་འདས་ཀྱང་སྒོམ་པ་ཉམས་ལེན་སྐབས་སུ་གསལ་རིག་གི་རྒྱུན་མ་འགག་པ་དེ་ཉིད་མཐའ་བྲལ་གྱི་ལྟ་བའམ་རིགས་ཚོགས་ཁག་གི་དངོས་བསྟན་གྱི་ལྟ་བ་དང་ཟུང་དུ་འཇུག་པའི་ལྟ་བ་ཡིན་པས། ཚོགས་གཉིས་དགོངས་པ་འགལ་མེད་དུ་ལེགས་པར་གྲུབ་བོ། །དེའི་ཚེ་གསལ་བ་མ་འགག་པའི་དོན་ཡང་རིགས་པས་རྙེད་པའི་དོན་ནི་མ་ཡིན་ཏེ། ཀུན་མཁྱེན་གྱིས་དཔལ་གསང་འདུས་ཀྱི་འགྲེལ་བ་ལས། དེས་ན་སྟོང་པའི་ཚེ་ན་ཡང་ཚོལ་མཁན་གྱི་གསལ་བ་མི་འགག་པས། གསལ་བ་མི་འགག་པ་དང་། གསལ་བ་རྙེད་པ་ནི་གཅིག་ཏུ་འཁྲུལ་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་དབུ་མ་ཚོགས་གཉིས་ཟུང་སྦྲེལ་ལས་བསྟན་པའི་ལྟ་བ་དང་། འཁོར་ལོ་བར་ཐ་གཉིས་པོ་ཟུང་སྦྲེལ་ལས་བསྟན་པའི་ལྟ་བ་དང་། སྒོམ་པའི་ཉམས་ལེན་སྐབས་སུ་དངོས་སུ་མྱོང་བས་གྲུབ་པའི་ཟུང་འཇུག་གི་ལྟ་བ་ཡིན་ནོ། །དོན་དེ་དག་ནི་མཁས་གྲུབ་གོང་མ་རྣམས་ཀྱི་ཐུགས་ཀྱི་བང་མཛོད་ལ་ལེགས་པ་གནས་པའི་གནད་དཔལ་ལྡན་བླ་མ་དམ་པའི་ཞལ་གྱི་བུམ་བཟང་ལས་ཐོབ་པའི་གསུང་གི་བདུད་རྩི་དག་འཆི་མེད་གཉུག་མའི་གོ་འཕང་ལ་རེ་འཆའ་བའི་སྐལ་ལྡན་ཡོངས་ལ་སྐྱེས་སུ་ཕུལ་བའོ།། །།
སླར་སྨྲས་པ།
གསུང་རབ་ཀུན་གྱི་ཟབ་དོན་སྙིང་པོ་སྟེ། །
རང་བཞིན་སྤྲོས་བྲལ་ཟུང་འཇུག་དབུ་མའི་ལམ། །
ཅུང་ཟད་འདྲིས་པ་བླ་མའི་དྲིན་ཡིན་པས། །
ཡོངས་འཛིན་དམ་པ་དེ་ཡིས་ད་དུང་སྐྱོངས། །
འདི་བརྩོན་དགེ་བས་སྐྱེ་འགྲོ་མ་ལུས་པ། །
གསུང་རབ་ཀུན་གྱི་ཟབ་དོན་སྙིང་པོའི་དོན། །
ལེགས་པ་མཁྱེན་པའི་བློ་གྲོས་རབ་རྒྱས་ཏེ། །
མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །
ཅེས་པ་འདི་ནི་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ཁམས་བྱེ་ལྔ་རིག་ནང་བསྟན་སློབ་གླིང་དབུ་མ་གོང་མའི་སློབ་མ་ཁྲ་རིགས་དངོས་གྲུབ་རྡོ་རྗེ་ནས་ལོ་མཇུག་རྒྱུགས་རྩོམ་དུ་བྲིས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་དར་རྒྱས་སུ་བྱེད་ནུས་པའི་རྒྱུར་གྱུར་ཅིག དགེའོ། །   དགེའོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2139