འཇིག་རྟེན་གྱི་གཏིང་མཐའ་དཔོག་པ།
དབུགས་ཀྱི་རྒྱུ་བ་འགག་པའི་སྐད་ཅིག་མའི་དུས་ཡུན
སེམས་ཀྱིས་ཐེག་པར་དཀའ་བའི་ནམ་མཁའི་ཤུལ་ལམ་རིང་མོ་དེ་རེད
གློ་བུར་དུས་ཚོད་ཀྱི་ཐག་སྒྲ་འཇགས་པ་དེ
ཤིན་ཏུ་ཡང་བའི་ཚེ་སྲོག་ཅིག་གི་རྫོགས་ཚིག་བཀོད་པ་དང་མཚུངས
དུས་ཚོད་ཉེར་བཞི་ལ་གཟུགས་མེད་ཀྱི་ཚོར་བ་ཞིག་གིས་དེད
སུན་སྣང་མཐའ་ཡས་པའི་གཙེས་ཏེ
སྐམ་རིུད་་དུ་གྱུར་པའི་རང་རང་གྲིབ་མའི་སྟེང་དུ་ཡང་ཡང་སྤོས
སྐབས་རེར་སེམས་ཀྱི་ཟབ་སར་ལོག་ཅིང
སྐབས་རེར་བར་ཐག་རིང་དུ་བཞག་སྟེ་མི་ཚེ་མཇུག་རྫོགས་འགྲོ་བའི
ཆ་མི་སྙོམ་པའི་གཞོན་ནུ་ཕོ་མོ་འགའི་སྣང་བའི་འགལ་འདུ
མ་གཞི་ནས
འཇིག་རྟེན་འདིར་གྱེས་བྲལ་ཞེས་པའི་མིང་ཡིག་ཅིག་མེད་ནའང
མི་རེ་རེའི་ངོ་གདོང་ལ་སྐྱོ་བར་བཙགས་བྱེད་ཀྱི་མེ་ལོང་རེ་མངོན་འདུག
2024.3.20
ཟླ་དང་པོ།
ལས་ཀྱི་སྨོན་ལམ་ཡོད་ཚད་སྤྲིན་པས་རྒྱང་དུ་ཁྱེར་རྗེས
མི་སོ་སོའི་བར་ཐག་སྤྲིན་པ་བཞིན་འཐོར་འགྲོ་བ་ཞིག་ཡིན་པ་རྟོགས
མིག་ཟུང་བཙུམས་ཚེ་ང་ལ་རྣམ་རྟོག་གི་འཕྲོ་འདུ་སྟུན་མར་འབྱུང
དུས་ཀྱི་མེ་ལོང་ནང་དུ་འཆི་བའི་སྒྲ་དང་གཟུགས་ཀྱི་གྲིབ་མ་འཆར་བ
མངོན་སུམ་དུ་ཁྱོད་ལ་སྟོན་ཐབས་དཀའ་ནའང
ངའི་ནང་སེམས་ཀྱི་ཟབ་སར་ལྷག་པའི་ལྷིང་འཇགས་ཁྱོད་ཁོ་ནར་སྟོན
ཟླ་དང་པོ རྨི་ལམ་མོད་པའི་དུས་ཚིགས་ཤིག་ཡིན་ནའང
རྨི་ལམ་རེ་རེའི་རྗེས་སུ
ངས་རང་ཉིད་ཤིན་ཏུ་ཐང་ཆད་པར་བཏང་འདུག
ཟླ་དང་པོར འགྲུལ་བཞུད་གསར་བ་ཞིག་གི་མགོར་སླེབས་པ་བཞིན
བདེ་སྐྱིད་དང་ཡིད་རྟོན་ཁོ་ན་མ་ཡིན་པར
གྱེས་བྲལ་དང་མུན་ནག་དག་ཀྱང་པང་དུ་ལེན་པར་བྱ
ཟླ་དང་པོ སེམས་འདུན་རེ་རེས
རྣམ་ཤེས་དག་རྒྱང་རིང་དུ་ཁྲིད་པར་བྲེལ་བའི་དུས་ཚིགས་ཤིག་གོ
2024.1.1 རྔ་བ་ནས་བྲིས།
ལོག་པ།
ངས་ཉི་འོད་ངོགས་སུ་རྒྱུན་རིང་བའི་དུས་ཚོད་བྲིས
རྨི་ལམ་དུ་ཆར་གྱི་ཐིགས་པས་བསགས་པའི་ཡུལ་ལྗོངས་བྲིས
དགུན་ཁར་རླུང་ལྡང་བའི་གྲིབ་འོག་ནས
བདེ་བའི་ཚོར་བ་ཕྲན་བུ་མྱང་ཐུབ་པའི་སྨོན་ལ་བཏབ
རླུང་དང་ཆར་བའི་ཁྲོད་ན་བཀྲེས་སྐོམ་ཡོད་མི་སྲིད
ངས་མྱ་ངན་གྱིས་གདུང་བའི་མིག་ཆུ་ཐིགས་པ་གཅིག་རླུང་ཁྲོད་དུ་བསྐྱུར
དེ་ཙམ་གྱིས་སྐྱོ་བ་སངས་མ་ནུས་ནའང
སྐམ་རིད་དུ་གྱུར་པའི་ལུས་ཕུང་ཕྱི་རོལ་གྱི་ཆར་བའི་ནང་དུ་ཡང་ཡང་འཁྲིད
ས་སྲོས་དང་མུན་པ་གཉིས་ངོ་བོ་གཅིག་ཏུ་འདྲེས
ཕྱེད་ཀ་མུན་པས་འགེམས་ཤིང་ཕྱེད་ཀ་འོད་སྣང་གིས་གྲུབ་པའི་ངའི་ལུས་པོ
སེམས་ཁོང་དུ་བཞུར་བའི་ཆུ་འཁྱག་ཕོར་གང
མགྲིན་ངག་ཆད་ཟིན་པའི་ཉམ་ང་བའི་གྲིབ་གཟུགས་རེ་རེར་མཆོད
ངས་གླུ་གཞས་ཤིག་ལ་རིག་པ་རྣལ་དུ་ཕབ་སྟེ་རྣ་བ་གཏོད་དགོས་སྙམ་པའི་དུས་མཚུངས་སུ
ཕྱི་རོལ་ཏུ་མུན་པ་འཐིབས་ཏེ་ནམ་གུང་ཡོལ་འདུག
2023.4.8
མེ་ཏོག་ཅིག
ལྡེམ་ལྡེམ་གཡོ་བའི་མེ་ཏོག་རྐང་གཅིག
མངོན་ཆུང་གིས་བཞད་པ་ཁྱོད་ཀྱི་ལང་ཚོ་དང་ཤིན་ཏུ་མཚུངས་འདུག
འདབ་མ་རེ་རེས
སྐྱེས་བུ་ག་ཙམ་གྱི་སེམས་ངོགས་སུ་ན་ཟུག་བཞག་མྱོང་བསམས་ན
ཟིལ་བར་རྒྱས་པའི་ལོ་འདབ་དག་གིས
ང་ལ་ཤིན་ཏུ་ཐང་ཆད་པའི་སྣང་བ་ཞིག་སྟེར་འོངས
ཁ་རོག་གེར་ལྡང་བའི་སྲོད་རླུང་རེ་རེས
རྨ་མེད་པའི་ན་ཟུག་ཡང་ཡང་བཞག་མྱོང་བ་བཞིན
མེ་ཏོག་གི་འདབ་མ་དག་ས་རུ་ཟགས་སྟངས་དེ
དུས་ཚོད་ཀྱི་བར་ཐག་ཅིག་བཞག་པ་དང་མཚུངས
དུས་ཚིགས་ཤིག་བརྒལ་རྗེས
ལོ་མ་རེ་རེར་སེར་ཐིག་བབས་ཤིང་འཁྱག་གྲང་གིས་ཕྱིད་པའི་ཡལ་ག
ཟུངས་ཟད་པའི་ཉམ་ཐག་གི་བགྲེས་སོང་ཞིག་ལྟར་གྱུར་འདུག
སྟོན་མཇུག་ཏུ ལོ་མ་སེར་པོ་དག་རླུང་གིས་གང་སར་ཁུར་དུས
འདས་དོན་གྱི་ཁྲོད་དུ་བསམ་གཞིག་གི་དྲན་པ་ཡང་ཡང་བྲེལ་ཞིང་འཚུབ་དགོས་བྱུང
2021.2.2
དུས་ཀྱི་མེ་ལོང་ངོས་སུ།
ནམ་མཁར་བྱ་ཁྱུ་ཕྱིར་ལྡོག་མེད་པ་བཞིན་འཕུར
རྒྱུན་རིང་བའི་དུས་ཚོད་ཀྱི་སྣེ་རུ
དགའ་སྐྱོ་གཉིས་རེས་མོས་སུ་བྲན་ཏེ་འཕུར
མི་རྣམས་རང་རང་གི་ཞེན་ཆགས་ཀྱི་གཙང་བོར་བརྒལ་དཀའ་བ་བཞིན
གློ་བུར་འཆི་བ་མགོ་ཐོག་ཏུ་ལྷུང་བར་དང་ལེན་དཀའ་འདུག
མི་ཟུང་བཙུམས་ཀྱང་དྲན་པའི་ངོས་ཀྱི་རྣམ་རྟོག་འཇགས་མི་འདུག
འགྲོ་མཚམས་བཞག་ཀྱང་གསོན་པ་དང་འཆི་བའི་བར་ཐག་ཇེ་རིང་དུ་ཕྱིན་མི་འདུག
གློ་བུར་ཆ་ཞོད་དྲག་པོ་ཞིག་བབས་ཏེ
འདི་ཕྱིའི་མེ་ལོང་ངོས་ཀྱི་སྡིག་སྒྲིབ་ལ་ཆུ་བཤལ་ཐེངས་ཤིག་བརྒྱབ་པས
སྐྱེ་བ་འདི་དང་ཕྱི་མའི་རྣམ་སྨིན་ཇེ་ཡང་དུ་ཕྱིན
བདག་དང་བདག་འཛིན་གྱིས་བསླངས་པའི་ཉེས་པ་དག
གཞན་གང་ཡང་མིན་ཏེ
བདག་གི་ཉེས་བྱས་ལས་ཀྱི་གྲིབ་མ་རེད
གསོན་པ་ནི་འཆི་བ་ཡིན་པའི་ངེས་ཤེས་ཡང་དག
བདག་དང་བདག་མེད་ལ་དཔྱོད་པའི་ཤེས་རབ་ཀྱི་བློ་མིག་ལས་རྣམ་པར་རྟོགས་སོ
2024.4.7
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4671
2024 ལོའི་ཟླ 5 ཚེས 11 ཉིན། ཕྱི་དྲོ། 4:18
༼བདག་དང་བདག་འཛིན་གྱིས་བསླངས་པའི་ཉེས་པ་དག
གཞན་གང་ཡང་མིན་ཏེ
བདག་གི་ཉེས་བྱས་ལས་ཀྱི་གྲིབ་མ་རེད
གསོན་པ་ནི་འཆི་བ་ཡིན་པའི་ངེས་ཤེས་ཡང་དག
བདག་དང་བདག་མེད་ལ་དཔྱོད་པའི་ཤེས་རབ་ཀྱི་བློ་མིག་ལས་རྣམ་པར་རྟོགས་སོ༽
རྩོམ་པོ་ཁོང་གི་༼དུས་ཀྱི་མེ་ལོང་ངོས་སུ་༽ཁྲོད་ཀྱི་སྐད་ཆ་འདིའི་ང་ལ་སེམས་དང་སེམས་བྱུང་གི་ངོས་ཤེས་མོག་མོག་ཞིག་ངང་གིས་བྱིན། ཏག་ཏག་ང་ཚོ་ཚང་མ་དཀར་ངོགས་སུ་ཡོད་པའི་མོད་ལ། བདག་དང་བདག་འཛིན་གྱི་དོན་དུ་ཧབ་ཀྱིས་རྒྱུག་ཅིང་ཤུགས་ཀྱིས་འདུར། ཡིན་ནའང་ང་ཚོའི་སེམས་ངོས་སུ་ནམ་ཡང་རང་གི་བྱ་སྤྱོད་ཐ་དག་གིས་བཟོས་པའི་ཉེས་བྱས་ཐ་ཐག་ནམ་ཡང་གྲིབ་མ་བཞིན་འབྲེལ་མི་ཐུབ། འདི་ནི་ང་ཚོའི་མི་གཤིས་ཀྱི་ངོ་བོའམ་ཡང་ན་འུ་ཅག་སྐྱབས་འགྲོ་བ་ཞིག་ཡིན་པའི་ནང་སེམས་ཀྱི་འགལ་འདུའོ།།
དེ་བཞིན་ང་ཚོས་ནམ་རྒྱུན་འཚོ་བའི་ཁྲོད་དུའང་བྱ་ངོས་གང་ཞིག་ཐོབ་ཤོར་གྱི་དོན་དུ་ཧུར་ཐག་བྱེད་པ་ལས།ཤི་གསོན་ལ་འདང་རྒྱག་མཁན་ཤིན་ཏུ་ཉུང་ཉུང་ཡིན།ཡིན་ནའང་ཤི་གསོན་གྱི་དྲི་བ་འདི་ང་ཚོ་ལ་མཚོན་ན་ཤིན་ཏུ་ཆ་རྒྱུས་ཡོད་ལ་ཡང་ཤིན་ཏུ་ལྐོག་གྱུར་རམ་འཇུག་རོང་གི་འདྲི་གཞི་ཞིག་ཡིན། ང་ཚོས་ཤི་གསོན་གྱི་དོན་དག་ལ་འདང་ཞིག་རྒྱབ་ཚོས།ཡང་བསྐྱར་མིག་སྔར་གྱི་དོན་དག་ཡོད་ཚད་དོན་སྙིང་མེད་པའི་སྣང་བ་ཞིག་ལྡོག་མེད་དུ་ཤར་ཡོང་བས། གལ་སྲིད་འདིའི་ངོ་བོའི་གནས་ལུགས་དེ་རྟོགས་དགོས་ན། ཡང་བསྐྱར་བདག་དང་བདག་མེད་ལ་ཤེས་རྟོགས་ཐོབ་དགོས། དེ་ཕྱིན་ཁོང་གི་སྐད་ཆ་འདིར་ཚན་ཉིད་ཀྱི་གོ་བ་ཟབ་མོད་ལྡན་པར་སྙམ།