༄༅།།སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དཔེ་དེབ་མཚམས་སྦྱོར་གྱི་གཏམ།
སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི༢༠༢༢ལོའི་འབྲིང་རམས་མཐར་ཕྱིན་འཛིན་གྲྭའི་སློབ་མ་རྫ་བ་ཚུལ་ཁྲིམས་ནོར་བུའི«མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་གཅིག་ཏུ་དྲིལ་ཏེ་ཀུན་གཞི་རྣམ་ཤེས་ལ་དཔྱད་པ»ཞེས་པའི་དེབ་འདི་ནི། ཁོང་ཉིད་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་ལོ་ངོ་བཞིའི་རིང་གཞུང་ཆེན་ཁག་དང་དེང་རབས་རིག་གཞུང་ཞིབ་འཇུག་སོགས་བསླབ་ཚན་ཁག་ལ་སློབ་སྦྱོང་བྱས་པའི་འབྲས་རྟགས་སུ་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་པ་ཡིན་པས། ངེད་སློབ་གླིང་གི་སི་ཁྲོན་བོད་བརྒྱུད་སློབ་གླིང་གི་དམིགས་བསལ་གཟེངས་ཐོན་གྲུབ་འབྲས་སུ་བརྩིས་ནས་པར་དུ་བསྐྲུན་པ་ཡིན།

༄༅།། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་ཀྱི་དཔེ་དེབ་མཚམས་སྦྱོར་གྱི་གཏམ།
རྫ་པ་ཚུལ་ཁྲིམས་ནོར་བུས་བརྩམས་པའི«མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་གཅིག་ཏུ་དྲིལ་ཏེ་ཀུན་གཞིའི་རྣམ་ཤེས་ལ་དཔྱད་པ»ཞེས་པའི་དཔྱད་རྩོམ། ཕྲན་གྱི་ལག་ལ་འབྱོར་ནས་དཔེ་གཟིགས་ཡང་ཡང་བྱས་པར་བརྒྱུད། ཁོང་གི་དཔྱད་རྩོམ་དམ་བཅའ་ཡི་ནང་དུ་ཞུགས་པའི་སྐལ་བ་ཡང་ཐོབ་སོང་། 
རྫ་པ་ཚུལ་ཁྲིམས་ནོར་བུ་འཁྲུངས་ས་ཕྲན་གྱི་ཕ་ཡུལ་ཡིན་ཞིང་། ཐུན་མོང་དང་ཐུན་མིན་གྱི་གཙུག་ལག་རིག་གཞུང་ཐོས་བསམ་མཛད་ས་གཙོ་བོ་སྡེ་དགེའི་རྫོང་སར་ཁམས་བྱེ་བཤད་གྲྭ་རེད། ཁོང་སི་ཁྲོན་ཞིང་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་སློབ་གཉེར་དུ་ཕེབས་ནས་དེང་རབས་སྤྱི་ཚོགས་ཚན་རིག་གི་རིག་གཞུང་ཞིབ་འཇུག་གི་རིགས་ལམ་དང་མཐུན་པའི་དཔྱད་རྩོམ་འདི་བརྩམས་ཏེ་མཐར་ཕྱིན་དམ་བཅའ་འཇོག་པའི་སྐབས། དགེ་སློབ་ཡོངས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་སོང་། 
ཀུན་གཞིའི་རྣམ་ཤེས་ནི་གནའ་དེང་གི་ནང་པའི་མཚན་ཉིད་ལྟ་གྲུབ་སྨྲ་བ་ཕལ་ཆེ་བས་དཀའ་གནད་དུ་བརྩི་བའི་གླེང་གཞི་གལ་ཆེ་བ་ཞིག་རེད། རྒྱ་གར་སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་འདི་ལ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང་བརྟེན་པ་ས་བོན་གྱི་ཀུན་གཞི་རིགས་གཉིས་ཕྱེས་ཏེ་འགྲེལ་བཤད་གནང་བ་དང་། བོད་ཀྱི་ས་བཟང་མ་ཏི་པཎ་ཆེན་སོགས་ཀྱིས་འདི་ལ་འགྲེལ་བཤད་མི་འདྲ་བ་གནང་སྟེ་ཕྱིས་བྱོན་མཁས་པ་རྣམས་ཀྱིས་སླར་ཡང་འདི་ཕྱོགས་ལ་དཔྱད་ཞིབ་གསལ་ཐག་ཆོད་པ་ཞིག་མི་བཏང་ཐབས་མེད་པ་ཆགས་ཡོད། 
རྫ་པ་ཚུལ་ཁྲིམས་ནོར་བུས་བོད་ཀྱི་ཕྱི་ནང་རིག་གཞུང་ལ་བརྩེ་བ་ཟབ་མོས་ཀུན་ནས་བསླངས་ཏེ་མདོ་རྒྱུད་བསྟན་བཅོས་མང་པོར་དཔེ་གཟིགས་གནང་། ཚད་མའི་ལུང་དང་དངོས་སྟོབས་རིགས་པའི་སྒྲུབ་བྱེད་སྟོབས་ལྡན་མང་པོ་བཀོད། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་ཅ་ཅོའི་བཤད་ཡམ་དུ་མའི་དྲི་མ་བསལ། ཚིག་དོན་གྱི་བརྗོད་པ་ཁ་གསལ་ཞིང་གཟུར་བོའི་བློས་དཔྱད་པ་ཞིབ་མོ་བཏང་སྟེ་དཔྱད་འབྲས་རྨད་དུ་བྱུང་བ་ཀུན་གྱི་སྤྱན་ལམ་བསྟར་བ་ལ། རྗེས་སུ་ཡི་རངས་ཀྱི་མཆོད་པའི་ལྷ་རྫས་བཅས། 
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་མིང་འཛིན་པ་རྫ་པ་ཚེ་རིང་འགྱུར་མེད་ཀྱིས་བོད་རབ་བྱུང་བཅུ་བདུན་པའི་ཤིང་འབྲུག་སྟེ་སྤྱི་ལོ་༢༠༢༤ཟླ་བ་༣པའི་མཇུག་ལ་ཕུལ་བ་དགེའོ། །
༄༅།།སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་མུ་པོའི་དཔེ་དེབ་མཚམས་སྦྱོར་གྱི་གཏམ།
དེ་ཡང«མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་གཅིག་ཏུ་དྲིལ་ཏེ་ཀུན་གཞིའི་རྣམ་ཤེས་ལ་དཔྱད་པ»ཞེས་པ་འདི་ནི་རྫ་བ་ཚུལ་ཁྲིམས་ནོར་བུ་མཆོག་གི་བློ་གྲོས་ཀྱི་ཉིང་བཅུད་བསྡུས་པའི་མཐའ་དཔྱད་ཀྱི་གྲུབ་འབྲས་ཤིག་སྟེ། ཁོང་གིས་བཀའ་འཁོར་ལོ་རིམ་པ་གསུམ་དང་། དེ་འབྲེལ་གྱི་རྒྱུད་སྡེ་རྣམས་ལས་ཀུན་གཞིའི་རྣམ་ཤེས་དངོས་ཤུགས་ཀྱི་སྒོ་ནས་ཇི་ལྟར་བསྟན་ཚུལ་དང་། དེའི་དགོངས་དོན་རྒྱ་དཀར་ནག་དང་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཇི་ལྟར་བཀྲལ་ཚུལ་དང་། དུས་རབས་རིམ་བྱུང་གི་འཕགས་བོད་ཀྱི་མཁས་གྲུབ་དག་གིས་བཞེད་ཚུལ་རྣམས་གུང་བསྒྲིགས་ཤིང་། 
གཞུང་སྔ་ཕྱིའི་ཚིག་དོན་གྱི་ཆ་དང་། འདོད་ཚུལ་མི་མཐུན་པ་དང་། དོགས་གནས་དང་། དཔྱད་གཞི་རྣམས་རིམ་བཞིན་བཀོད་དེ་ཀུན་གཞིའི་རྣམ་ཤེས་ལ་དཔྱད་པ་དང་འབྲེལ་ཀུན་གཞིའི་རྣམ་ཤེས་དེ་གང་གིས་གྲུབ་དང་། ཚུལ་ཇི་ལྟར་གྲུབ་པ་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པའི་བཅུད་ཕྱུང་། ལུགས་དང་གྲུབ་མཐའི་བཞེད་པ་མཐའ་དག་གི་ལེགས་ཆ་གཅིག་ཏུ་བསྡུས་ཏེ། དེང་རབས་ཀྱི་འགྲོས་དང་མཐུན་ཞིང་ཚན་རིག་དང་ཆོས་ཉིད་ཀྱི་བདེན་པ་གཙུག་ཏུ་བཀུར་ཞིང་ཆོས་བརྒྱུད་སོ་སོའི་འདོད་ཚུལ་རྣམས་ལུང་རིགས་ཟུང་འབྲེལ་གྱི་སྒོ་ནས་གཏན་ལ་ཕབ་ཅིང་། ཀུན་གཞིའི་ངོ་བོ་དང་ཆོས་ཉིད་གཞིར་བཟུང་སྟེ་མདོ་སྔགས་ཀྱི་དགོངས་པ་གནད་གཅིག་ཏུ་དྲིལ་བའི་སྔོན་མེད་ཀྱི་ལེགས་བཤད་གསར་པ་ཞིག་འདི་ན་སྨིན་ཡོད་པས། 
སླད་མར་གཞུང་ལུགས་སློབ་གཉེར་པ་དང་། རིག་གཞུང་ཞིབ་འཇུག་པ་རྣམས་ལ་བལྟ་རིན་དང་དཔྱད་རིན་ཡོད་པའི་ཆེད་དེབ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཡོད་དོ། །
  ཞེས་པ་འདི་ནི་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པ་མུ་པོ་ནས། ཕྱི་ལོ་༢༠༢༤ལོའི་ཟླ་བ༣པའི་ཚེས་༡༣་ཉིན་གུས་སྦྱར།

༄༅།།དེབ་འདི་རྩོམ་པ་པོའི་དཔེ་དེབ་མཚམས་སྦྱོར་གྱི་གཏམ།
གུས་པ་བགྲང་བྱ་བཞིའི་རིང་ལ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གྲྭར་ཞུགས་ཏེ། སློབ་སྐབས་ཀྱི་ངལ་གསོའི་སྐབས་སུ་ཡང་ཟླ་བ་རེ་དང་ཉིན་བཅོ་ལྔ་ཙམ་ལ་ཡང་དཔེ་མཚམས་སྡོད་ཅི་ཐུབ་བྱས་པ་དང་། གཟའ་མཇུག་གི་ངལ་གསོའི་སྐབས་སུ་དཔྱད་རྩོམ་འདི་དང་འབྲེལ་བའི་དཔེ་ཀློག་ལ་འཇུག་ཅི་ཐུབ་བྱས། མཐར་ཕྱིན་ལ་ཉེ་བའི་ལོ་དེར་ཟླ་བ་གཅིག་ལྷག་ཡུལ་དངོས་རྟོག་ཞིབ་ཏུ་སོང་བ་དང་། དཔེ་མཛོད་ཁང་རྣམས་སུ་ཡིག་ཆ་འཚོལ་བའི་བགྱི་བ་ལྷུར་བླངས། 
སློབ་གླིང་གི་གདན་ཞུའི་དགེ་རྒན་རྣམས་ཀྱི་མདུན་དུ་དཔྱད་རྩོམ་གྱི་ཁ་བྱང་སྙན་ཞུ་དང་། དཔྱད་རྩོམ་ལེགས་པར་གྲུབ་པའི་རྗེས་སུ་ཆོས་བརྒྱུད་ཁག་ལྔའི་དགེ་སློབ་ལྷན་འཛོམས་ཀྱི་མདུན་དུ་དཔྱད་རྩོམ་གྱི་ནང་དོན་དང་ཞིབ་འཇུག་གི་ཐབས་ལམ་སོགས་ཀྱི་སྙན་ཞུའི་བགྲོ་གླེང་ཚོགས་ཐུབ་པ་བྱུང་། 
དཔྱད་རྩོམ་འདི་ནི་མདོ་རྒྱུད་ཀྱི་བཀའ་དང་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་བརྒྱ་དང་བདུན་ཅུ་ལྷག་དཔྱད་གཞིར་བཟུང་ཞིང་། སྔོན་བྱོན་གྱི་མཁས་གྲུབ་མང་པོའི་རྣམ་ཐར་དང་ཉམས་བཞེས་སྐོར་ལ་ཞིབ་འཇུག་གི་རྒྱབ་ལྗོངས་བྱས། ཀུན་གཞི་རྣམ་ཤེས་ཀྱི་སྐོར་ནས་ཆོས་རྒྱུད་རིས་མེད་ཀྱི་དེང་གི་སློབ་གཉེར་བ་ཉི་ཤུ་ལྷག་གིས་བྲིས་པའི་དཔྱད་རྩོམ་རྣམས་ཀྱི་ཞིབ་འཇུག་གི་གནས་བབ་ལ་དཔྱད་ཅིང་། ད་བཞུགས་ཀྱི་མཁན་པོ་དང་སློབ་གྲོགས་མཁས་པ་རྣམས་དང་བགྲོ་གླེང་བྱས་པ་དང་། དེང་རབས་དཔྱད་རྩོམ་གྱི་ཁྱད་ཆོས་རྣམས་ལ་མཛུབ་སྟོན་དགེ་རྒན་དང་དེང་རབས་ཀྱི་རིག་གཞུང་ཁག་ཅིག་ལ་སློབ་སྦྱོང་མང་ཙམ་བྱས། 
དཔྱད་གཞིར་དྲངས་པའི་ཡིག་ཆ་རྣམས་ཀྱང་གཞན་ལ་ལད་ཟློས་ཙམ་མིན་པ་ཡིག་ཆ་དངོས་ལ་ཞིབ་འཇུག་ཡང་ཡང་བྱས་པར་བརྒྱུད་དེ་དག་གི་དཔར་གཞི་ཚད་ལྡན་དང་བསྟུན་ཡོད། ཞར་བྱུང་དུ་དཔྱད་དགོས་པའི་རིགས་རྣམས་དང་རྩོམ་དངོས་ལས་ཁ་གསལ་མ་ཐོན་པ་རྣམས་མཆན་དུ་གསལ་བར་བཀོད་པར་མ་ཟད་། ལག་སོན་མ་བྱུང་བའི་གལ་ཆེའི་ཡིག་ཆ་དང་རིམ་པ་དང་པོའི་དཔྱད་གཞི་རུ་དྲངས་མ་ཐུབ་པ་རྣམས་ཞར་མཆན་གྱིས་གསལ་བཤད་བྱས་ཡོད། དགོས་མེད་ཀྱི་གཏམ་ལྷག་སྤངས་ཏེ་ཤིན་ཏུ་བབ་ཆགས་པའི་སྐད་ཆའི་འགྲོས་ལ་སྦྱར་ཏེ་དཀའ་གནད་གསེད་བཀྲོལ་དང་ཁུངས་འཕེར་བའི་ཞུ་དག་བྱས་པའི་ཁུལ་ཡིན་པས་གཟིགས་པ་པོ་རྣམས་ཀྱིས་དཔྱད་གཞིར་རུང་བའི་སྨོན་འདུན་བཅས།

༢༠༢༤ལོའི་ཟླ་བ༣པར་དེབ་འདིའི་རྩོམ་པ་པོ་རྫ་བ་ཚུལ་ཁྲིམས་ནོར་བུས་གུས་ཕུལ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4633