དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །
དེ་ལ་ཉེ་ཆར་གུས་པས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་དུམ་པ་གཅིག་བཀླགས་པ་ཡིན། གླེགས་བམ་གང་གི་མཚན་རྒྱས་པ་ལ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད། ཅེས་གསོལ་འདུག །དེ་ཡང་དགྲོལ་བྱ་ནི་དུས་འཁོར་བསྡུས་རྒྱུད། འགྲེལ་ཚུལ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འཇུག་ནས་བཀྲལ་བ། གཞུང་ཚད་ནི་ལེའུ་ལྔ་[1]ལ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས། སྡེ་དགེའི་བཀའ་འགྱུར་ལྟར་ན་ལྡེབ་མ་མདའ་ཚད་མ་བཞི་བརྒྱ་བདུན་ཅུ། བཀྲལ་འབྲས་ནི་མ་རྟོག་ལོག་རྟོག་ཐེ་ཚོམ་སོགས་དང་འབྲེལ་བའི་ཉེས་བཤད་ཀྱི་དྲི་མ་མེད་པའི་ཚུལ་དུ་ལེགས་པར་བཀྲལ་བ།
རྒྱུན་པར་བཀོལ་སྤྱོད་བྱེད་པའི་མཚན་ནི། འགྲེལ་ཆེན་དྲི་མེད་འོད། ཡང་ན་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ། རྒྱས་འགྲེལ་དྲི་མེད་འོད་སོགས་ཡིན།
གཞན་ཡང་དུམ་པ་འདི་ནི་མདོ་འདུལ་རྒྱུད་སོགས་ཀྱི་སྡེ་ཚན་དག་ལས་ཟུར་པ་ཞིག་ཡིན་གཤིས། གླེགས་བམ་གྱི་ཞལ་བྱང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་དྲི་མེད་འོད༼ ཤྲཱི ༽པ་བཞུགས་སོ་ཞེས་འཁོད་ཡོད་ལ། གདོང་དར་གྱི་ངོས་སུ་ཤྲཱི་ཞེས་འབྲི་བར་བྱེད།
མཛད་པོ་དང་མཛད་དུས་ནི་བསྟན་བཅོས་རང་ལུགས་གཞིར་བྱས་པ་ཡིན་ན། རིགས་ལྡན་གཉིས་པ་པདྨ་དཀར་པོས་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་ཤམྦྷ་ལར། དུས་འཁོར་ལུགས་ཀྱི་སྟོན་པའི་འདས་ལོ་[2]བདུན་བརྒྱ་ལྔ་བཅུ་ཡན་མན་ནམ། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་ཙམ་དུ་མཛད་པ་ཡིན། འོན་ཀྱང་གཞུང་འདིར་[3]རྗེ་བཙུན་བྱམས་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་དང་། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་ལུང་[4]དྲངས་འདུག་ལ། རིག་བྱེད་རྟག་པ་དང་ཚད་མར་འདོད་པ་འགོག་པའི་སྐབས་སུ། དེའི་ཕྱིར་ཤེས་རབ་མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ་ཞེས་པ་ནི་མདོར་བསྡུས་པས་རིག་བྱེད་བྱས་པར་གྲུབ་པ་སྟེ་རྒྱ་ཆེར་ཚད་མའི་བསྟན་བཅོས་ལས་ཤེས་པར་བྱའོ།[5] །ཞེས་ཞལ་འཕངས་མཛད་པའི་དོན་སོགས་ལ་གཞིག་པ་ཡིན་ན། བསྟན་བཅོས་རང་ངོས་ནས་ཀྱང་ཀླུ་ཐོགས་དང་ཕྱོགས་གླང་ཡབ་སྲས་ཀྱི་རྗེས་ཙམ་དུ་མཛད་པར་མངོན་སྟབས། ལུང་བསྟན་གྱི་རྗེས་སུ་འབྲང་བའི་མཛད་པའི་དུས་དང་། བསྟན་བཅོས་རྩོམ་སྟངས་ཀྱི་ངོ་གདོང་ལས་མངོན་པའི་དུས་ཚིགས་མི་འདྲ་བ་རྣམ་པ་གཉིས་ཡོད་པའང་མཐོང་ཐུབ།
བསྟན་བཅོས་འདི་བོད་སྐད་དུ་འགྱུར་བའི་དུས་ནི། བསྟན་པ་ཕྱི་དར་གྱི་དུས་སུ་དང་ཐོག་ཁ་ཆེའི་པཎྜི་ཏ་ཆེན་པོ་སོ་མ་ནཱ་ཐ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཞིང་། སླད་ནས་ཤོང་སྟོན་སོགས་ཀྱིས་ཀྱང་འགྱུར་བཅོས་མང་དུ་མཛད་འདུག
འོ་ན་འདི་ནི་རྒྱལ་བའི་བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་དང་རྒྱ་གར་གྱི་སྐད་ལས་བོད་སྐད་དུ་འགྱུར་བ་ཡིན་ན། བསྟན་འགྱུར་གྱི་ནང་དུ་བཞུགས་སུ་གསོལ་དགོས་པ་གང་ཞིག་ལ་འདི་རྒྱལ་བའི་བཀའ་འགྱུར་ནང་དུ་བཞག་པ་ལ་རྒྱུ་མཚན་ཅི་ཞིག་ཡོད་དམ་ཞེ་ན། དེ་ལ་སི་ཏུ་པཎ་ཆེན་གྱི་བཀའ་འགྱུར་དཀར་ཆག་ལས། རྒྱས་འགྲེལ་འདི་ཉིད་བསྟན་བཅོས་སུ་གཏོགས་ཀྱང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་གསང་བླ་ན་མེད་པ་དགྲོལ་བར་བྱེད་པའི་རྒྱུད་འགྲེལ་མ་ལུས་པའི་རྒྱལ་པོ་ལྟ་བུ་ཡིན་ཞིང་། སྟོན་པ་འདི་ཉིད་ཀྱི་བཀའ་དང་མཚུངས་པར་བཀུར་སྟི་བྱ་བའི་ཕྱིར་སྔོན་གྱི་མཁས་པ་དག་གིས་བཀོད་པ་ལྟར་འདིར་ཡང་པར་དུ་བསྒྲུབས་པ་ཡིན་ནོ།[6] ཞེས་གསུངས་པར་མཛད་ཡོད་ལ།
གཞུང་འདི་རང་དུ་ཡང་། ལྷ་ཀླུ་མི་དང་ལྷ་མིན་དབང་པོའི་ཅོད་པན་དག་གིས་ཞབས་པད་ལ་གཏུགས་གང་། །ཡང་དག་ཡེ་ཤེས་ཉིན་བྱེད་འགྲོ་བ་གསུམ་གྱི་དཔལ་ལྡན་ཆོས་ཀྱི་འཁོར་ལོར་གནས། །བདུད་དང་ཉོན་མོངས་རི་དྭགས་རབ་གཏུམ་གསོད་བྱེད་དཔལ་ལྡན་ཤཱཀྱ་སེང་གེ་དེའི། །རྟག་ཏུ་འགྲོ་ལ་བརྩེ་དང་དེ་ཡི་ཤེས་རབ་ཀྱིས་བསྐུལ་འགྲེལ་བཤད་བདག་གིས་བྲི།[7] །ཞེས་དང་། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །འགྲེལ་བཤད་བྱེད་པ་པད་དཀར་འཛིན། །རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །[8]ཞེས་བརྩེ་ཆེན་ཐུགས་རྗེས་བྱིན་གྱིས་བརླབས་ཤིང་ལུང་དུ་བསྟན་པས་རྗེས་སུ་གནང་བར་མཛད་པ་མངོན་གཤིས། བསྟན་བཅོས་འདི་ནི་བྱིན་གྱིས་བརླབས་པའི་བཀའ་དང་རྗེས་སུ་གནང་བའི་བཀའ་ཡི་ཁོངས་སུའང་གཏོགས་པ་མིན་འགྲོ་སྙམ།
བསྟན་བཅོས་འདིའི་བརྗོད་བྱ་སྙིང་བསྡུས་ནི་དཔལ་དུས་ཀྱི་འཁོར་ལོ་སྟེ། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་ཏེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །འདི་ནི་དཔལ་ལྡན་དུས་འཁོར་ལོ། །[9]ཞེས་གསུངས་པར་མཛད་པ་འདི་ཡིན་ལ། གཞན་ཡང་ཀ་ལ་ཙཀྲ་སྟེ། ཀ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །[10]ཞེས་གསུངས་པ་འདིས་ནི་གྲུབ་མཐའི་ཁྱད་པར་བྱས་པའི་བརྗོད་དོན་སྙིང་བསྡུས་བསྟན་ཏེ། ཚིག་རྐང་དང་པོས་ནི་ཕྱི་པའི་གྲུབ་མཐའི་ཁྱད་པར་དུ་བྱས་པའི་རྒྱུ་འབྲས་ཀྱི་འཕགས་ཆོས་བསྟན་ཞིང་། གཉིས་པས་ནི་རང་སྡེའི་བྱེ་མདོའི་ལྟ་བའི་ཁྱད་པར་དུ་བྱས་པའི་འབྲས་ཆོས་ཀྱི་ཆེ་བ་བསྟན། གསུམ་པས་ནི་སེམས་ཙམ་པའི་གྲུབ་མཐའི་ཁྱད་པར་དུ་བྱས་པའི་ཕྱོགས་འཛིན་གྱི་ལྟ་བ་ཉམས་པའི་མ་ཉམས་པའི་ལྟ་བའམ། བརྩེ་སྟོང་ཟུང་དུ་འཇུག་པའི་སྤྲོས་བྲལ་གྱི་ལྟ་བ་སྟེ། དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ། ལུང་རིགས་ཀྱིས་རྫི་བས་ཉམས་པ་མེད་པའི་མ་ཉམས་པའི་དབུ་མའི་ལྟ་བའི་ལམ་འབྲས་ཀྱི་ཆེ་བ་བསྟན།
བཞི་པས་ནི་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ལམ་གསང་སྔགས་ཀྱི་ཁྱད་ཆོས་བསྟན་པའོ། །དེ་བཞིན་སྐུ་བཞི་དང་རྣམ་ཐར་སྒོ་བཞིར་[11]སྦྱར་ན། གཞན་ནི་གོ་སླ་ཞིང་། ཀྲ་ཡིག་རིམ་པ་བཅིངས་ལས་སོ་ཞེས་གསུངས་པ་ལྟར། འཛག་པའི་རིམ་པ་འཕོ་མེད་བདེ་བ་ཆེན་པོས་གཙུག་ཏོར་གྱི་བར་བཅིངས་པས་མཆོག་ཏུ་མི་འགྱུར་བའི་འཛག་མེད་ཀྱི་སྡོམ་པ་གྲུབ་པས། ཟག་བཅས་ཀྱི་མངོན་པར་འདུས་མ་བྱས་པའི་ཟག་པ་མེད་པའི་རྟག་པ་རྒྱུན་གྱི་འཁོར་ལོ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཁྱད་པར་སོགས་བསྟན་པར་སེམས་སོ། །
ཚིགས་སུ་བཅད་པ་འདི་ལས་མངོན་པའི་ཟུར་ངོས་གཞན་ཞིག་ནི། ནང་པའི་གྲུབ་པའི་མཐའ་རྣམ་པ་བཞིར་ངེས་པ་དང་། དེ་ཡང་ཕྱི་པ་ལྟ་ཅི། རང་སྡེའི་སེམས་ཙམ་པ་མན་ཆད་ཀྱང་ཕྱོགས་འཛིན་གྱི་ལྟ་བས་ལྷད་ཅིང་། ཐབས་ཤེས་ཡ་བྲལ་དུ་འདོད་པས་མཐར་ཐུག་གི་ལྟ་བ་མེད་པ་དང་། དབུ་མ་པའི་གྲུབ་མཐའ་ནི་དེ་ཁོ་ན་ཉིད་རབ་རུ་གསལ་བར་བྱེད་པ་སྟེ། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་ལྟ་བ་ཡང་དག་པའམ། ཕྱོགས་འཛིན་གྱིས་སྤྲོས་པ་ཉམས་པས་ཕྱོགས་ལྷུང་དང་ཡ་བྲལ་དུ་མ་ཉམས་པའི་ལྟ་བ་མཐར་ཐུག་པ་འི་གྲུབ་མཐའ་རུ་བཞེད་པར་མཛད་སྟབས། མདོ་སྔགས་ཀྱི་རྩ་བའི་ལྟ་བ་མཐར་ཐུག་པ་ནི་དབུ་མའི་ལྟ་བ་དང་། དེ་ཡང་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པའི་ལུགས་སུ་མངོན།
(རྒྱུ་དེས་ན་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་པའོ། །དེ་རྣམས་ལས་བྱེ་བྲག་ཏུ་སྨྲ་བ་ནི་སྐྱེ་བའི་ཆ་ཤས་ཅན་གྱི་སེམས་ཅན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །མདོ་སྡེ་པ་ནི་དོན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །རྣལ་འབྱོར་སྤྱོད་པ་པ་ནི་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་པ་ནི་དོན་དམ་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཏེ་རིང་བའི་སྐལ་བ་དང་ལྡན་པ་དང་ཉེ་བའི་སྐལ་བ་དང་ལྡན་པའི་སེམས་ཀྱི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །)[12]ཞེས་དང་།
(ད་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པའི་འདོད་པ་སུན་དབྱུང་བ་གསུངས་པ་གང་ཞིག་དེ་ཉིད་ཅེས་པ་ལ་སོགས་པ་སྟེ་འདིར་མུ་སྟེགས་སངས་རྒྱས་པ་གང་དག་ཕྱོགས་ཡོངས་སུ་འཛིན་ཏོ། །)[13] ཞེས་དང་།
(གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །དེ་གང་ཞེ་ན། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པ་སྨྲ་བོ་སྟེ་འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །)[14]ཞེས་གསུངས་སོ། །
གཞན་ཡང་དགོས་མེད་སྡང་ཞུགས་ཀྱིས་རང་སྡེ་ལྟ་ཅི་གཞན་གྱི་གྲུབ་པའི་མཐའ་ལའང་སྨོད་མི་རུང་ཞིང་། འོན་ཀྱང་ལྟ་བ་རིམ་འཇུག་གི་དབང་དུ་བྱས་ཏེ་འོག་མ་འོག་མ་གོང་མ་གོང་མའི་ཐེམ་སྐས་སུ་བཀྲལ་བའམ། དེ་ཁོ་ན་ཉིད་ཀྱི་གནས་ལུགས་གཏན་ལ་འབེབས་ཤིང་། ཡང་དག་པའི་ལྟ་བ་ལ་གོམས་པ་བསྐྱེད་པའི་ཆེད་དུ་ཕྱི་པའི་གྲུབ་མཐའ་མ་ཟད་རང་སྡེའི་བྱེ་མདོ་རྣལ་གསུམ་གྱི་འདོད་པ་ཡང་སུན་ཕྱུང་བར་མཛད་ཡོད། མཚམས་འདིར་ཐོན་དུས་དྲན་ཡོང་བ་ཞིག་ནི། ནང་པའི་མཁས་པ་རྣམས་ཀྱི་གཟུར་གནས་དྲང་སྲོང་གི་ཡོན་ཏན་དེ་ཡིན། ཕྱོགས་རིས་དང་ཆགས་སྡང་གིས་རྒྱབ་རྟེན་གཙོ་བོར་བྱས་ཤིང་། དགོས་པའི་གཙོ་བོ་ཡང་རང་གི་གྲགས་རྙེད་འདོད་པར་བསྟུན་ནས། ཆེད་དུ་རང་གཞན་གྱི་གྲུབ་པའི་མཐའ་ལ་སྐྱོན་འདོན་པའི་བསམ་སྦྱོར་དག་ནི་ཚབས་ཆེ་བའི་མི་དགེ་བའི་ལས་སུ་གཟུང་བར་མ་ཟད། དེ་ནི་ཆོས་ཁྲིམས་ཀྱི་རྩ་དོན་དང་ཡང་འགལ་བར་བཤད་པ་ཡིན། འོན་ཀྱང་གནས་ལུགས་ཀྱི་བབ་སོ་དང་རྒྱུ་འབྲས་ཀྱི་གཤིས་ལུགས་གཏན་ལ་འབེབས་ཤིང་ཡང་དག་པའི་ལམ་བཟང་འཚོལ་དུས། ཆོས་ཉིད་ཀྱི་གཤིས་ལུགས་དང་མི་མཐུན་པའི་ལམ་གྱི་མཐའ་བསལ་ཞིང་ཡང་དག་པའི་ལྟ་བ་རྣམ་པར་བཤད་པ་ན། གཞན་སྡེ་ལྟ་ཅི་རང་སྡེའི་གྲུབ་པའི་མཐའ་དག་ཉམས་པར་གྱུར་ཀྱང་ཇི་བཞིན་འཆད་པའི་དྲང་སྲོང་གི་སྙིང་སྟོབས་ཡོད་པ་དེ་ནི་ཅི་འདྲའི་མཛེས་པ་ཞིག་མ་རེད་དམ། དོན་འདི་ཐུགས་ལ་བསྐྱིལ་བའི་དཔལ་ལྡན་ཟླ་བ་གྲགས་པས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །[15]ཞེས་གསུངས་པར་མཛད་ཡོད།
(རང་གི་གྲུབ་པའི་མཐའ་དང་གཞན་གྱི་གྲུབ་པའི་མཐའ་ལ་སྐྱོན་འཛིན་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །)[16]ཞེས་དང་།
(དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ་གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུ་འོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །)[17]ཞེས་སོ། །
གོང་དུ་བཤད་པ་དེ་དག་ལས་ཀྱང་བརྗོད་བྱའི་སྙིང་དོན་ཚིག་ཁྱིམ་གཅིག་ཏུ་བསྡུས་པ་ཡིན་ན་ཤྲི་སྟེ། རྒྱུད་རྣམས་སུ་ཤྲི་གཉིས་མེད་ཡེ་ཤེས་ཏེ་ཞེས་གསུངས་པའི་དོན་དང་འབྱོར་ཞིང་བསྟན་བཅོས་རང་གི་མཚན་བྱང་ལ་ཡང་འབྲེལ་བ། དེ་ཡང་ཡིག་འབྲུའི་དབང་དུ་བྱས་ན་ཤ་ར་ཨི་གསུམ་སྟེ། ཤ་དང་ས་གཉིས་སྲོག་གཅིག་སྟབས་ས་ནི་ཙ་ཙནྡྲ་ལ་འཇུག་པས་ན། ཟླ་བ་སྐྱེས་པ་ལས་བྱུང་བའི་ཐབས་ཀྱི་རང་བཞིན། ར་བཏགས་ནི་སུརྱ་བུད་མེད་ལས་བྱུང་བའི་ཤེས་རབ་ཀྱི་རང་བཞིན། ཨི་ནི་ཤ་ར་གཉིས་པོ་དབྱེར་མེད་ལྟ་བུར་འཆིང་བའི་དབྱངས་ཏེ་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་བསྟན་ཏོ། །
(ཁུ་བ་དང་ཟླ་བ་ནི་ཤེས་རབ་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་དང་། ཐབས་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་སོ། །དེ་བཞིན་དུ་རྡུལ་དང་། ཉི་མ་ནི་ཐབས་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་དང་། ཤེས་རབ་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་སྟེ་དེ་ལྟར་ཐམས་ཅད་དུ་རྗེས་སུ་རྟོགས་པར་བྱའོ། །)[18]
ད་ནི་ང་ཚོས་གཞུར་འདིར་བསྟན་པའི་བསླབ་བྱ་ཁ་ཤས་ལ་མཉམ་སྤྱོད་བྱ། སྤྱིར་སི་ཏུ་པཎ་ཆེན་གྱིས་གསུངས་པ་ལྟར་གཞུང་འདི་ནི་རྒྱུད་འགྲེལ་ཀུན་གྱི་རྒྱལ་པོ་ལྟ་བུར་གནས་སྟབས། བརྗོད་བྱ་ཟབ་ཅིང་རྒྱ་ཆེ་ལ་གྲངས་མང་ཞིང་། མ་ཤེས་ཐབས་མེད་ཀྱི་ལེགས་བཤད་མང་དུ་མཆིས། འོན་ཀྱང་མང་པོ་ཞིག་བཀླགས་ཐོ་ནང་དུ་འབྲི་བར་དེ་ཙམ་འོས་འཚམས་མིན།
དེ་ལ་གུས་པས་ཆེད་དུ་མཚམས་སྦྱོར་བྱ་འདོད་པ་གཅིག་ནི། ལུང་འཛིན་རིང་ལུགས་དང་ཉམས་མྱོང་རིང་ལུགས་ཀྱི་མཐར་ལྷུང་མི་རུང་བའི་ལེགས་བཤད་ཀྱི་ཚན་པ་ཞིག་ཡིན། དོན་དངོས་ཀྱི་གནས་ལུགས་ལ་གཞི་མི་འཛིན་ཅིང་ལུང་གིས་གྲུབ་མིན་གཙོ་བོར་བྱས་ཏེ། བཀའ་ཡིས་གྲུབ་ན་རིགས་པའི་ཚད་མ་དང་བྲལ་ཡང་བདེན་པའི་གནས་ལུགས་སུ་བཞེད་པ་སྟེ། དཔེར་ན་དགེ་ཆོས་ཀྱིས། ཁྱོ་བོ་ཤི་བའི་རྗེས་སུ་ཆུང་མ་བཟང་པོ་གསོན་པོར་མེ་ལ་མཆོངས་དགོས་ཤིང་། དེ་མ་ནུས་ན་གཉེན་རྣམས་ཀྱིས་བཙན་ཐབས་ཀྱིས་བཅིངས་ཏེ་ཁྱོ་བོའི་རོ་དང་ལྷན་གཅིག་ཏུ་སྲེག་པར་བྱེད། བུད་མེད་སྙིང་ཆུང་བ་རྣམས་ཁྱོ་བོ་འཆི་ལ་ཉེ་ཚེ་ག་ཤེད་དུ་བྲོས་པ་དང་། ཁ་ཤས་མེ་ལ་ཕྱེད་ཚིག་ནས་སླར་མཆོངས་ཏེ་འོངས་པ་སོགས་སྙིང་རྗེ་བའི་བྱུང་རབས་ཀྱང་མང་། བུ་ཆུང་སྐྱེས་མ་ཐག་ཕ་མས་ཁྱེར་ཏེ་རྩྭ་ལས་བྱས་པའི་གྲུ་ཆུང་གི་དབུས་སུ་བཞག་ནས་མེ་ཏོག་གིས་གཡོགས་ཏེ་གངྒའི་དབུས་སུ་བསྐྱུར་ནས་ལྷ་མོ་གངྒ་ལ་ཕུལ་བ་ཡིན་ཟེར་ནས་སྒྲ་སྙན་བྱེད། ཕ་མ་འཆི་ལ་ཉེ་ཚེ་གངྒའི་འགྲམ་དུ་ཁྱེར་ཏེ་མགོ་ཆུ་སྲུབས་བཏང་ནས་དབུགས་རྔ་ལེན་པ་སོགས་གདུག་པ་ཅན་གྱི་སྲོལ་ལུགས་དམ་པའི་ཆོས་སུ་གྲགས་པ་ལུང་གི་རྒྱབ་སྐྱོར་བྲག་ལས་སྲ་བ་ཅན་མང་དུ་དར། ད་དུང་ཡང་གསང་ཐབས་སུ་དེ་ལྟར་བྱེད་པ་ཤིན་ཏུ་མང་ཞིང་། འཆི་ཀར་གངྒའི་ནང་དུ་ལུས་འཇུག་པ་ད་ལྟ་ཡང་བྱེད།[19] ཅེས་རིགས་པའི་ཚད་མ་དང་བྲལ་ཡང་ལུང་གི་རྒྱབ་རྟེན་བཙན་པའི་དད་པ་ལོག་སྤྱོད་ཅན་གྱི་ཕྱི་པ་དང་། གཞན་ཡང་འཇིག་རྟེན་བྱེད་པོ་འདོད་པའི་ལྷ་སྒྲུང་རང་བཞིན་ཅན་གྱི་ཆོས་ལུགས་ཏེ།
(དེ་ལྟར་ལོ་རྒྱུས་ཀྱི་ཆོས་རྣམས་ནི་རྣམ་པར་དཔྱད་ན་དོན་མེད་པའོ། །ཅི་སྟེ་དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ། ལོ་རྒྱུས་དང་ནི་ཤེད་བུའི་ཆོས། །རིག་བྱད་ཡན་ལག་བཅས་དང་གསོ། །བཀའ་ཡིས་གྲུབ་པ་བཞི་པོ་ནི། །གཏན་ཚིགས་རྣམས་ཀྱིས་གཞོམ་མི་བྱ། །ཤེད་བུ་རྒྱས་པ་བཱ་ཤིཥྛའི། །ཚིག་ནི་རིག་བྱེད་དང་བཅས་པ། །ཚད་མ་མེད་པར་སྨྲ་བ་གང་། །དེ་ནི་ཚངས་པ་གསོད་བྱེད་འགྱུར་ཞེས་པའོ་ཞེ་ན། གདུག་པའི་དྲང་སྲོང་རྣམས་ཀྱི་བརྫུན་གྱི་ཚིག་འདི་ཉིད་ནི་རང་གི་རིགས་རབ་ཏུ་གཞག་པའི་དོན་དུ་བྱིས་པ་རྣམས་ཀུན་དུ་རྨོངས་པ་སྐྱེད་པར་བྱེད་པ་སྟེ་རྣམ་པར་དཔྱད་པས་སྟོང་པའོ། །)[20]
བཀའ་ལུང་གི་རྒྱབ་རྟེན་མོད་ཀྱང་ཡོངས་སུ་བརྟག་པ་དང་བྲལ་བའམ། རིགས་པས་དཔྱད་མི་བཟོད་པའི་ལུང་འཛིན་རིང་ལུགས་པ་དག་ལས་ཁྱད་པར་དུ་བྱས་ཏེ། དོན་དངོས་ཀྱི་གཞིར་ལུང་གིས་གྲུབ་ལ་ཚད་མས་མ་གྲུབ་པ། ཚད་མས་གྲུབ་ལ་ལུང་གིས་མ་གྲུབ་པ། ལུང་དང་ཚད་མ་གཉི་གས་གྲུབ་པ་དང་མ་གྲུབ་པའི་མུ་བཞི་ཡོད་གཤིས། གཙོ་བོའི་རྩ་བ་ནི་རིགས་པ་དང་ལྡན་པའི་ཚད་མས་གྲུབ་པ་ལ་བྱེད་དགོས་པའི་གནས་ལུགས་བསྟན་པར་མ་ཟད། སྟོན་པའི་བཀའ་ཡང་ལུགས་སྲོལ་དང་དད་མོས། ཡང་ན་རང་ཉིད་སྟོན་པའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་དང་ལེན་བྱ་རྒྱུ་མ་ཡིན་པར། དོན་དངོས་ཀྱི་གནས་ལུགས་ཇི་བཞིན་ཤེས་པའི་ཆེད་དུ། རིགས་པ་དྲི་མ་མེད་པས་ཡོངས་སུ་བརྟགས་ནས་བླང་བར་བྱ་བ་ལས་བཀའ་ལུང་ལ་གུས་པ་བྱ་བའི་ཕྱིར་དུ་མ་ཡིན་པའི་རྩ་དོན་བསྟན་ཡོད།
(ཚིག་འདི་ནི་དོན་དམ་པའི་རིགས་པས་རྣམ་པར་དཔྱད་ན་དོན་མེད་པ་སྟེ་ཇི་ལྟར་དབང་ཕྱུག་གི་ཚིག་བཀའ་ཡིས་གྲུབ་ཅིང་རིགས་པའི་ཚད་མ་དང་བྲལ་བ་བཞིན་ནོ། །འདིར་ཡིད་ཆེས་པའི་ལུང་ལས་དབང་ཕྱུག་ནི་ཆ་ཤས་མེད་པ་ཀུན་གྱི་བྱེད་པ་པོ་སྟེ་དེ་ཡང་བྱ་བ་ལ་ལྟོས་པ་མེད་པ་འདོད་པས་རྩེད་མོའི་དོན་དུ་སྣ་ཚོགས་བྱེད་པ་འམ་སྡུད་པར་བྱེད་པའོ། །དེ་བཞིན་དུ་དེའི་ཆོས་མི་མཐུན་པ་ལས་བཅོམ་ལྡན་འདས་གཟུགས་ཀྱི་སྐུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་པོ་བཀའ་ཡིས་གྲུབ་པ་སྟེ་དེ་ལྟར་སངས་རྒྱས་པ་རྣམས་དང་མུ་སྟེགས་པ་རྣམས་ཀྱི་མཁས་པ་རྣམས་ལ་ཡང་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་བྱེ་བྲག་མེད་དོ། །དེའི་ཕྱིར་ཡོངས་སུ་བརྟག་པ་དང་བྲལ་བ་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་དུ་མི་འགྱུར་ཏེ་བཅོམ་ལྡན་འདས་ཀྱི་གསུང་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། བསྲེགས་བཅད་བརྡར་བས་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །)[21]
ལེགས་བཤད་འདི་དག་གི་རྗེས་སུ་འབྲང་སྟེ་རྗེ་ཙོང་ཁ་པས། དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཞིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས་པས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའིི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། །དོན་གྱི་དབང་འདི་གཟིགས་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་སོ། །[22]དེ་བཞིན་ས་པཎ་གྱིས། ལུང་དུ་གྲགས་ཚད་ཚད་མ་མིན། །ཚད་མས་གྲུབ་པ་དེ་ལུང་ཡིན། །ཁས་བླངས་ནས་ནི་དཔྱོད་པ་བླུན། །དཔྱད་ནས་ཁས་ལེན་མཛངས་པའི་ལུགས། །[23]ཞེས་སོགས་གསུངས་ཡོད།
འོན་ཀྱང་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ལ་གཞི་མི་འཛིན་ཅིང་། རང་གི་མཐོང་ཐོས་ཀྱི་ཉམས་མྱོང་དང་རིག་སྟོབས་ཙམ་ཞིག་ཚད་མར་བཟུང་སྟེ། ཕྲ་གསང་གི་གནས་ལུགས་ལ་འོལ་ཚོད་བྱེད་པ་དང་། ཡང་ན་ཡོངས་ཁྱབ་ཀྱི་གནས་ལུགས་མཇལ་བའི་ཚད་མར་རློམ་པ་ནི་ནོར་འཁྲུལ་དུ་བསྟན་ཡོད། དེས་ན་རྒྱལ་བའི་བཀའ་ནི་རང་རྒྱུད་ལ་ཤེས་རབ་དང་ཉམས་མྱོང་ཁྱད་པར་ཅན་སྐྱེ་བའི་གཞི་དང་། བླ་མ་ནི་དེ་དག་གི་དགོངས་དོན་བདེ་བླག་ཏུ་སྟོན་པའི་སློབ་དཔོན། དེ་ལས་ཐོབ་པའི་རང་རྒྱུད་ཀྱི་ཤེས་རབ་དང་ཉམས་མྱོང་རྣམས་ནི་མཐར་ཐུག་གི་གནས་ལུགས་འཚོལ་བའི་ལམ་ལ་འཇུག་པའི་ཐབས་སུ་ཁྱེར་བ་ནི། ཕྱོགས་སུ་མ་ལྷུང་བའི་ཡང་དག་པའི་གནས་ལུགས་འཚོལ་བའི་ལམ་དུ་བསྟན་པར་མཛད་ཡོད།
(སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལས་ཡིད་ཆེས་པ་དང་། དེ་ནས་བླ་མ་ལས་ཡིད་ཆེས་པ་དང་། དེ་ནས་བདག་ཉིད་ལས་ཡིད་ཆེས་པ་སྟེ། ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ་སློབ་མའི་དད་པ་དམན་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །)[24]
གཞན་ཡང་འཇིག་རྟེན་བྱེད་པོ་ལྟ་བུའི་ལས་དབང་གི་བསྐོས་ཐང་ཞིག་ལས། རང་ཉིད་ལ་ལས་དབང་ཁ་ལོ་སྒྱུར་བའི་ནུས་པ་ཅི་ཡང་མེད་པ་སྟེ། དེང་གི་བརྡ་ཆད་ལྟར་ན་ལས་དབང་སྨྲ་བའི་མཐའ་དང་། རང་བྱུང་གོ་སྒྲིག་གི་རྒྱུ་འབྲས་ཙམ་ལས་ལྐོག་གྱུར་ལས་འབྲས་ཀྱི་རྣམ་གཞག་རྩ་ནས་མི་འདོད་པའི་ཆད་མཐའ་སྟེ། དེང་སང་གཙོ་རྒྱུག་གི་ཐ་སྙད་ལྟར་ན་གང་ཁྲན་རིང་ལུགས་ཀྱི་ལྟ་བའི་མཐའ་ལས་འདས་པ་སྟེ། དེ་ཡང་འཇིག་རྟེན་གྱི་བྱ་བ་ཕྲན་ཚེགས་ལྟ་ཅི། ཚེ་ལུས་གཅིག་ལ་དཔལ་ལྡན་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་པ་ལ་ཡང་། རང་གི་ཤེས་བརྩོན་ལས་ལྷག་པ་མེད་གཤིས། སྟོན་པས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་དག་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ཁོ་ན་ལེགས་དུལ་ན། །རྙེད་པར་དཀའ་བའི་ལམ་རྙེད་འགྱུར། །[25]ཞེས་གསུངས་པར་མཛད་པ་ཡིན་ལ། གཞུང་འདིར་ཡང་ཁྱབ་བདག་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་པའི་ལམ་བཟང་རྫོགས་པར་བསྟན་ཞིང་། ལམ་དེ་ཡང་དག་པར་འགྱུར་བའི་ཡིད་ཆེས་གསུམ་གྱི་རྩ་བའང་རང་གི་ཤེས་བརྩོན་ལ་རག་ལུས་པར་བཤད་འདུག །མདོར་ན་ཟུང་འཇུག་མཆོག་ལྡན་གྱི་ལྟ་བ་མེད་ན་སངས་རྒྱས་ཀྱི་གོ་འཕང་ནི་སུས་ཀྱང་གནང་དུ་མེད་ལ། རང་གིས་འདོད་ན་ལྟ་བ་དེ་ལྡན་གྱིས་བརྩོན་པར་མཛད་ན་ཚེ་ལུས་གཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་རྙེད་པར་འགྱུར་བའི་ཡང་དག་གི་ལམ་བཟང་ཚུལ་བཞིན་བསྟན་ཡོད།
དེ་བཞིན་དུ་རང་བྱུང་གོ་སྒྲིག་གི་སྣང་ཚུལ་ཆེན་མོ་ཕྱི་འཇིག་རྟེན་ཁམས་ཀྱི་གསང་བ་མཐར་གཏུག་ན། ནང་རྡོ་རྗེའི་ལུས་ལས་འདའ་བ་མེད་པའི་ཚུལ་དང་འབྲེལ་ཏེ། ཕྱི་ནང་གི་ལེའུ་གཉིས་པོ་ཕན་ཚུལ་རྟེན་འབྱུང་གི་ཚུལ་དུ་འབྲེལ་བའི་གསང་བ་གསལ་བར་བསྟན་ཏེ། རྒྱུ་འབྲས་ཀྱི་རྩ་བ་མཐར་ཐུག་པའི་ལས་འབྲས་ཀྱི་ཕྲ་གསང་གསེད་བཀྲོལ་མཛད་ཡོད།
གོང་དུ་བཤད་པའི་རྟག་ཆད་ཀྱི་མཐའ་གཉིས་པོའི་ཆ་དང་འདྲ་བ། ང་ཚོའི་ཡུ་གྲུར་ཡོངས་ཁྱབ་ཏུ་དར་བའི་རྒྱུ་འབྲས་ལ་ལོག་ཞུགས། དཔེར་ན། ཡང་དག་པ་མི་བསླུ་བའི་ཚད་མ་ནི་མོ་ལུང་རྩིས་གསུམ་བྱས་ཏེ། ལེགས་ཉེས་དང་བདེ་སྡུག་གི་རྒྱུ་རྐྱེན་གཙོ་བོ་ནི་གཟའ་སྐར་འཕྲོད་སྦྱོར་དང་། ལྷ་ཀླུ་གཉན་གསུམ་སོགས་དང་འབྲེལ་བ་ཡོད་པར་བཤད་དེ། ཉིན་བཞིན་བསམ་གཞིག་བོར་བའི་མོ་ལུང་རྩིས་གསུམ། བརྩོན་པ་དོར་བའི་གཏོ་བཅའ་རྔ་རྡུང་། དངོས་འབྲེལ་མིན་པའི་ལྷ་མཆོད་འདྲེ་འདུལ་གྱིས་གང་བ།
གཞན་ཡང་ལུང་བསྟན་ཅིག་ཅིག་དང་གནམ་ཡིག་མིག་མིག་གི་དགོངས་དོན་ལྟར། ལྷ་ག་གེ་མོ་ལ་རེ་ཞུའི་ངོ་ཆེན་མང་དུ་ཞུས་པ་ཡིན་ན། ཁོང་གིས་རེ་ཞུ་དང་ལེན་གནང་སྟེ། ནད་འཁྲུག་མུ་གེའི་སྐལ་བ་ངན་པ་སོགས་མེད་པར་མཛད་ཅིང་། བདེ་སྐྱིད་རྫོགས་ལྡན་གསར་བ་མྱུར་དུ་ཆར་བར་མཛད་པ་མ་ཟད། ཁོང་རྣམས་ལ་མཆོད་བསྟོད་དང་འདོད་དོན་གྱི་རེ་ཞུ་ཉིན་བཞིན་བྱས་པ་ཡིན་ན་གང་བསམ་ལྷུན་འགྲུབ་ཡོང་བའི་བཤད་ཡམ་མང་དུ་མཛད་དེ། རྟེན་འབྲེལ་གྱི་རྩ་དོན་བོར་བའི་བྱེད་པོ་སྨྲ་བའི་རིང་ལུགས། ལྷ་བུའི་བདུད་ཀྱི་དབང་དུ་ཤོར་བའི་ཡུལ་ཆོས་འདི་ནི། ཆོས་དང་འཇིག་རྟེན་གཉི་གའི་དཔལ་ཡོན་འཕྲོག་པའི་ལོག་ཆོས་སུ་ངོ་སྤྲོད་མཛད་འདུག །
(འདིར་གལ་ཏེ་སྐྱེ་བ་གཞན་གྱི་བསོད་ནམས་དང་སྡིག་པ་དག་མ་གཏོགས་པར་ལྷའི་བུའི་བདུད་ཀྱི་ཚིག་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བར་འགྱུར་ན་དེའི་ཚེ་སྔར་བསགས་པའི་དགེ་བ་དང་མི་དགེ་བ་ཐམས་ཅད་དོན་མེད་པར་འགྱུར་ཏེ་གཟའ་ལ་སོགས་པའི་སྟོབས་དང་སྟོབས་མ་ཡིན་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ནོ། །དེ་བཞིན་དུ་འཁྲུལ་པ་ཡང་མཐོང་སྟེ། དུས་སྦྱོར་ལས་ནི་སཱི་ཏ་བདེ། །ལྡན་མིན་གནམ་སྟོང་དྲིན་གྱིས་ནི། །འཐབ་དཀའ་རྣམ་པར་རྒྱལ་མིན་ཏེ། །འཇིགས་སྡེ་ཡིས་ནི་ཕྱེ་མར་བརླགས། །འཐབ་མོའི་སར་ནི་དཔུང་གནས་གང་། །སྲིད་བསྒྲུབ་ལ་ནི་བསྣུན་འདོད་པ། །དེ་རྣམས་སྲིད་སྒྲུབ་མདའ་ཡིས་ཕུག །ཕྱོགས་རྣམས་ཀུན་དུ་བརླག་པར་གྱུར། །དེའི་ཕྱིར་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སེམས་ཅན་རྣམས་ཀྱིས་ལོངས་སྤྱད་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་པ། །དེ་འབྲས་སེམས་ཅན་ལོངས་སྤྱོད་ཏེ། །ལྷ་གཞན་འབྲས་བུ་སྟེར་བ་མིན་ཞེས་སོ། །ཅི་སྟེ་གང་ཞིག་ལྷའི་དྲིན་དུ་མཐོང་བ་ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་ཡིན་གྱི་སྡིག་པའི་སྟོབས་ཀྱིས་ནི་མ་ཡིན་ནོ། །བསོད་ནམས་ཀྱང་སེམས་ཅན་ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་བྱ་བ་ལ་སྲོག་བཅད་པ་ལས་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནང་གི་ལེའུ་ལས་ཚིགས་སུ་བཅད་པ་བརྒྱད་བཅུ་རྩ་དགུ་པས་ལས་ཀྱི་འབྲས་བུ་གསུངས་པ་འདི་ལྟ་སྟེ། དེ་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག་བསྔལ་དག་ནི་མི་སྦྱིན་མི་འཕྲོག་སྟེ། །འཁོར་བ་དག་ཏུ་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར། །སྐྱེད་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེ་ནི་འཕྲོག་པ་རྨོངས་པ་རྣམས་ཀྱི་བློ་ཡིན་ཏེ། །ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་པའི་བུག་པ་རང་གི་དབང་པོ་རྣམས་ཀྱིས་མཐོང་མ་ཡིན་ཞེས་པའོ། །)[26]
དྲང་མོ་ཞུས་ན་འདི་དག་ནི་རང་གི་དགོས་པ་ཙག་ཙིག་ལ་བརྟེན་ནས། དཀོན་མཆོག་བསླུ་བའི་སྐྱབས་གནས་སུ་བསྒྲུབ་མཛད་པ་ཡིན། གལ་ཏེ་སེམས་ཅན་གྱི་བདེ་སྡུག་ཁོ་ཚོའི་ཕྱག་ཏུ་ཡོད་ན། མཆོད་བསྟོད་དང་འབྲེལ་བའི་རེ་ཞུ། ངོ་ཆེན་དང་འབྲེལ་བའི་སྐུལ་མ་བྱེད་མིན་ལ་མ་ལྟོས་པར་སྐྱེ་འགྲོ་ལ་བདེ་སྐྱིད་སྟེར་བར་འོས་ཀྱང་། དེ་ལྟར་མི་མཛད་པ་ནི་ནུས་པ་ཡོད་ཀྱང་བརྩེ་བ་མེད་པ་སྟེ། ང་ཚོས་འཇིག་རྟེན་བྱེད་པོ་སྐྱབས་གནས་ཡང་དག་མ་ཡིན་པའི་སྒྲུབ་བྱེད་ཀྱི་བོའུ་ཁ། རང་སྒྲོག་སོགས་ཀྱི་ཁེ་ཕན་ཕྲན་བུའི་ཆེད་དུ་རང་གི་སྐྱབས་གནས་ཀྱི་ཐོག་ཏུ་བསྐོར་གྱི་ཡོད་པ་མཁྱེན་པར་གནང་དགོས།
གནས་ལུགས་འདི་འདྲ་འོག་ནས་སྟོན་པས་ད་གཟོད་ཆོས་ཉིད་ཀྱི་གཤིས་བབ་དང་མཐུན་པའི་རྒྱུ་འབྲས་བསླུ་བ་མེད་པའི་བསླབ་བྱ་གནང་བར་མཛད་ཅིང་། ཕ་གྲུ་རྡོ་རྗེ་རྒྱལ་པོས། །ཐར་པ་རང་ལ་རག་ལུས་གཞན་གྱིས་གྲོགས་བྱར་མེད། །གྲོགས་བགྱིར་མཆིས་ན་ཐུགས་རྗེ་ཆེ་མངའ་ཡིས། །སེམས་ཅན་གཅིག་ཀྱང་མ་ལུས་བསྒྲལ་བར་རིགས། །[27]ཞེས་གསུངས་པ་དང་། དགེ་ཆོས་ཀྱིས། དངོས་པོའི་རང་འབྲས་འབྱིན་པ་ལ། །གསོལ་བ་བཏབ་པས་ག་ལ་ཕན། །མ་ལ་གསོལ་བ་བཏབ་ཀྱང་བུ། །དུས་མ་ཡིན་པར་བཙའ་མི་ནུས། །[28]ཞེས་བར་སྐབས་ཀྱི་ཚིགས་བཅད་དུ་བཞག་ཡོད་པའི་ལེགས་བཤད་འདི་དག་གི་བརྗོད་བྱ་ནི་ནང་དོན་རིག་པའི་དགོངས་པ་ཡིན།
ད་དུང་ང་ཚོས་ཤེས་དགོས་པ་གཞན་ཞིག་ནི། དགོན་སྡེ་གཙོ་བོར་གྱུར་པའི་ཡུལ་ལུང་རེ་ལ་ཉིན་མཆོད་དང་ཟླ་མཆོད། ཡང་ན་ལོ་མཆོད་སོགས་དང་འབྲེལ་བའི་གདུག་པའི་ལྷ་རེ་བསྟེན་རྒྱུ་ཡོད། འདི་ནི་འཇིག་རྟེན་མི་ཆོས་ཀྱི་ངོས་ནས་བཤད་ན་སྒྱིད་ལུག་དང་བག་འཁུམས་སྐྱེད་པའི་ཐབས་ཙམ་ལས། དངོས་འབྲེལ་གྱི་རོགས་དན་འཚོལ་བའི་གནས་ལུགས་ཤིག་ཀྱང་མ་ཡིན་ལ། ཕལ་ཆེ་བ་ནི་རྟོག་པས་བཞེངས་སྐྲུན་བྱས་པའི་ཡིད་བརྙན་ཞིག་དང་། འགའ་ཞིག་ཡོད་པའི་དབང་དུ་བཏང་ནའང་། མི་རིགས་གཞན་གྱི་ཤི་འདྲེ་ཕོ་མོ། སྨོན་ལམ་ལོག་པའི་མཚམས་སྦྱོར་ངན་པ་ཅན། མདོར་ན་བཀྲ་མ་ཤིས་པའི་རིགས་ཅན་ཏེ་ལེགས་པ་ནི་འབད་ཀྱང་བསྒྲུབ་མི་ཐུབ་ཅིང་། ཉེས་པ་ནི་སྒྲུབ་མཁན་ལ་ཡང་ལྟས་ངན་གཏོང་བའི་གདོན་འདྲེའི་ཁོངས་གཏོགས་ཡིན་གཤིས། དེ་འདྲ་སྐྱབས་དང་དཔུང་གཉེན་དུ་བསྟེན་པ་ནི་འབད་པས་རྒུད་པ་འཚོལ་བའི་ཐབས་ལས་མ་འདས་སོ། །དམ་པའི་ལྷ་ཆོས་ཀྱི་ངོས་ནས་བལྟས་ནའང། གདུག་པའི་ལྷ་འདྲེ་ལ་སྐྱབས་དང་སྐྱོར་མ་བྱེད་པ་ནི། ལས་འབྲས་ལ་ལོག་པར་ཞུགས་ཚུལ་དང་སྐྱབས་སྡོམ་ལ་ཕམ་ཉེས་གཏོང་ཐབས། ཡང་ན་རང་གི་ཆོས་མགོ་མི་ཐོན་པའི་རྟེན་འབྲེལ་ལམ། དམ་པའི་ཆོས་བསྒྲུབ་པ་ལ་བར་ཆད་ཀྱི་གླགས་འཚོལ་བའི་ལས་སུ་ངེས་པའོ། །
(བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་བདུན་བཅུ་རྩ་གཉིས་པས་གསུངས་པ་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་ནི་མི་ཡི་བདག་པོ་བདུད་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབས་པར་འགྱུར། །བསོད་ནམས་ཡེ་ཤེས་རྗེས་ཆགས་བདེ་སྟེར་དག་ཀྱང་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་བརླབས་པའོ། །གང་ཕྱིར་བདེ་བའི་དམ་ཚིག་དབང་གིས་བདུད་དང་ཉོན་མོངས་བཅོམ་ནས་མྱ་ངན་འདས་པར་འགྲོ་བྱེད་པ། །དེ་ཕྱིར་བདུད་རྣམས་ཉི་མ་སོ་སོའི་དུས་སུ་དེ་དག་རྣམས་ལ་དུ་མ་ཡི་ནི་བགེགས་རྣམས་བྱེད་ཅེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྣལ་འབྱོར་པས་ཐར་པའི་དོན་དུ་མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་རང་གི་སེམས་བསྒྲུབ་པར་བྱའོ། །རྣམ་པ་གཞན་དུ་བླ་མའི་བཀས་ཐར་པར་མི་འགྱུར་ཏེ་གང་གི་ཕྱིར་བཅོམ་ལྡན་འདས་ལམ་ཉེ་བར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བཀའ་ཡིས་ཀུན་སྤྱོད་ཆོས་རྣམས་ནི། །འགར་ཡང་སྲོག་ཆགས་ཐར་སྟེར་མིན། །ལམ་ཉེར་སྟོན་བྱེད་གང་གིས་ན། །རྒྱལ་བ་བཀའ་ཡིས་ཐར་སྟེར་མིན། །གལ་ཏེ་བླ་མའི་བཀའ་དྲིན་གྱིས། །ལུས་ཅན་རྣམས་ནི་གྲོལ་འགྱུར་ན། །དེ་ཚེ་ཐར་པ་སྙིང་རྗེ་ཅན། །ཏིང་ངེ་འཛིན་གྱིས་སྟོན་མི་འགྱུར། །དེའི་ཕྱིར་ཐར་པའི་དོན་དང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྣལ་འབྱོར་པས་ཕྱི་རོལ་གྱི་ལྷའི་སྔགས་བསྒྲུབ་པར་མི་བྱའོ། །འདིར་ཕྱི་རོལ་གྱི་ལྷ་ཉེ་བར་འཚེ་བ་ཕྲ་མོ་བྱེད་པ་རྣམས་ནི་བསྒྲུབས་ཀྱང་སྒྲུབ་པ་པོ་ལ་གླགས་ཚོལ་བར་བྱེད་དོ། །དེ་རྣམས་ཀྱི་སྟོབས་ཀྱིས་སྒྲུབ་པ་པོ་ལ་རབ་ཏུ་གཏུམ་པའི་ལྷ་གཞན་རྣམས་ཀྱང་ཉེ་བར་འཚེ་བ་ཕྲ་མོ་བྱེད་དེ་དེ་རྣམས་ཀྱིས་བཟུང་བ་ན་སྒྲུབ་པ་པོ་ལ་གདུག་པའི་ལྷ་བསྒྲུབས་པ་དེ་རྣམས་དགྲ་བོར་འགྱུར་ཞིང་འཆི་བའི་དུས་སུ་ཅུང་ཟད་ཀྱང་རྗོད་པར་མི་བྱེད་དོ། །ཏིང་ངེ་འཛིན་མེད་པས་ཤི་བའི་སྒྲུབ་པ་པོ་ཡང་དམྱལ་བར་འགྲོའོ། །གཞན་ཡང་དེ་རྣམས་བསྒྲུབས་པས་ཅི་ཞིག་སྟེར་བར་འགྱུར་ཏེ་མི་དབུལ་པོ་བཞིན་ནོ། །བསྒྲུབས་པ་རྣམས་ཀྱིས་སྨྲས་པ་ཀྱེ་སྒྲུབ་པ་པོ་ཁྱོད་ཀྱིས་བསྒོ་བ་ཐམས་ཅད་བདག་གིས་བྱའོ། །གལ་ཏེ་སྒྲུབ་པ་པོས་ཁྱེད་རྣམས་ཀྱིས་རྒྱལ་པོ་ཆིངས་ལ་འདིར་ཁྱེར་ལ་ཤོག་ཅིག་ཅེས་བརྗོད་ན་དེའི་ཚེ་ཡོངས་སུ་ཟློག་པར་བྱེད་ཏེ་ཡུལ་འདི་ལ་བདག་ཅག་རྣམས་ནུས་པ་མེད་དོ་ཞེས་སོ། །དེ་ལྟར་ལྷ་ཕྲ་མོ་བསྒྲུབས་པར་གྱུར་པ་རྣམས་ནི་ཐམས་ཅད་མཁྱེན་པའི་ཡུལ་ལ་ཡོངས་སུ་ཟློག་པར་བྱེད་ཏེ་དེའི་ཕྱིར་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་པར་འདོད་པ་རྣམས་ལ་གདུག་པའི་ལྷ་སྒྲུབ་པ་དང་བླ་མའི་བཀའ་འཁོར་བའི་ཆོས་ཀྱི་རང་བཞིན་ཅན་རྣམས་ཀྱིས་དགོས་པ་ཅི་ཞིག་ཡོད།)[29]
འདི་ལས་ང་ཚོས་ཤེས་དགོས་པ་ཞིག་ནི། སྙིགས་དུས་བཙུན་གཟུགས་ནང་པར་ཁས་འཆེ་བ་འགའ་ཞིག་གིས་སངས་རྒྱས་ཀྱི་སྐུ་ཁོག་ནང་དུ་བདུད་ཀྱི་སྙིང་བཅུག་པའི་ཕྱག་ལས་ཏེ། སྐུ་རྟེན་རྣམས་སུ་གཟུངས་གཞུག་འབུལ་དུས་ཚོགས་བདག་འཁོར་ལོ་སོགས་ནང་དུ་འཇུག་གི་ཡོད་པ་དེ་ཡིན། ཚོགས་ཀྱི་བདག་པོ་ནི་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀཱའི་མིང་ཡིན་ཞིང་། བི་ནཱ་ཡ་ཀཱའི་སྒྲ་ཐད་བསྒྱུར་བྱས་ན“རྣམ་འདྲེན”དུ་བསྒྱུར་བར་འོས་ཀྱང་། ལོ་ཙཱ་བ་ཆོས་ཀྱི་སྤྱན་ལྡན་དག་གིས་སངས་རྒྱས་ཀྱི་མཚན་གཞན་རྣམ་འདྲེན་ལས་ཁྱད་པར་དུ་བྱས་ཤིང་། ང་ཚོས་བསྟེན་བྱའི་ལྷ་མ་ཡིན་པ་བྱེ་བྲག་ཏུ་ཤེས་པའི་ཕྱིར་དུ“ལོག་འདྲེན”ཞེས་བསྒྱུར་བར་མཛད་ཡོད། ལོག་འདྲེན་ཚོགས་བདག་ནི་དབང་ཕྱུག་ཆེན་པོའི་བུ་ཡིན་པའི་བཤད་པ་སོགས། མདོར་ན་ཕྱི་རོལ་མུ་སྟེགས་པའི་ཐུན་མིན་གྱི་ལྷ་ཞིག་ཡིན་པ་ཀུན་ལ་གསལ། ལོག་འདྲེན་དེ་ནི་ཆེད་དུ་ང་ཚོའི་ཁྱིམ་ཕུག་དག་ཏུ་འཁོར་བའི་འཁོར་ལོ་མ་བཞག་ཀྱང་། ཁོ་རང་ནི་མ་བོས་མགྲོན་དུ་ཆོས་དད་ཅན་རྣམས་ཀྱི་དྲུང་དུ་ཉེ་བར་བཅར་ཏེ། བར་ཆད་ཀྱི་གླགས་འཚོལ་བའི་ལོག་འདྲེན་གྱི་རང་གཤིས། རྗེ་མི་ལའི་རྣམ་མགུར་དུ་གསལ་ཞིང་། དེ་ཡང་རླུང་དང་བསྡོངས་ནས་སྐུ་ལུས་ལ་བར་ཆད་བརྩམ་པ་དང་། ཨ་ཙ་རར་བརྫུས་ནས་ཏིང་ངེ་འཛིན་ལ་ཆོ་འཕྲུལ་བསྟན་དུས། དད་པའི་ཡིད་མཁར་མངོན་པའི་བླ་མ་མར་པའི་ཐུགས་རྗེ་དང་རང་གི་ལྟ་བའི་སྟོབས་ཀྱིས། ལོག་འདྲེན་ཚོགས་བདག་གིས་གླགས་མ་རྙད་ཅིང་། བགེགས་རྒྱལ་ཕྱིར་བསྐྲད་བཏང་ཐུབ་པ་ནང་པའི་ས་ལམ་གྱི་ཡོན་ཏན་དུ་དགོངས་ནས་རྣམ་ཐར་དུ་གསུངས་འདུག་ལ།[30] དེ་བཞིན་དུ་སྐྱེས་བུ་དམ་པ་ཆོས་ཀྱི་སྤྱན་ལྡན་དག་གིས་ལོག་འདྲེན་གྱི་བགེགས་རིགས་གང་དེ་ལྷ་སྐུ་སོགས་སུ་ཞུགས་ཤིང་བསྡོངས་ནས་ནང་པའི་དད་ལྡན་རྣམས་ལ། བར་ཆད་ཀྱི་འཚེ་བ་མི་གཏང་བའི་ཆེད་དུ་རབ་གནས་ཀྱི་སྔོན་འགྲོར་བགེགས་བསྐྲད་ཀྱི་ཆོ་ག་མཛད་པ་ཡིན།
འོན་ཀྱང་དེང་སང་ལོག་འདྲེན་འཁོར་ས་སངས་རྒྱས་ཀྱི་སྐུ་ཁོག་སོགས་བྱས་ཏེ། བགེགས་རིགས་སྐྱབས་ཡུལ་དུ་ནང་འདྲེན་མཛད་པ་ཕྱག་ལས་སུ་བརྩི་བ་ཡིན། ད་དུང་ཆེས་དགོད་བྲོ་བ་ཞིག་ལ། ལྷ་སྐུའི་ནང་དུ་བགེགས་དང་ལོག་འདྲེན་གྱི་འཁོར་ལོ་སོགས་གཟུངས་གཞུག་ཏུ་ཕུལ་རྗེས། རབ་ཏུ་གནས་པའི་སྟ་གོན་བགེགས་བསྐྲད་ཀྱི་ཆོ་ག་མཛད་དེ། རྔམ་རྔམ་རྫིག་རྫིག་གི་ཕྱག་ལེན་མཆོད་འགྲོས་དང་། སོང་ཞིག་དེངས་ཤིག་མི་འགྲོ་ན་ཡ་ང་བའི་དྲག་པོའི་ལས་འགུལ་ཡོད་ཚུལ་མང་པོ་ཞིག་བཤད་ཀྱི་འདུག །དངོས་གནས་བལྟས་ཚོད་ལ་གཞན་ཞིག་ཕྱིར་བསྐྲད་མཛད་ཀྱི་ཡོད་པའི་རྣམ་པ་ཧ་ཅང་གསལ། འདི་ནི་བོད་ཀྱི་གཏམ་དཔེར། རྐུ་མ་ནང་ལ་བཞག་སྒོ་ལྕགས་ཕྱི་ལ་བརྒྱབ་ཅེས་པའི་མཚོན་དོན་ཉག་ཅིག་ཡིན་པ་འདྲ། གཏམ་འདི་ཁ་བསྒྱུར་བ་ཡིན་ན། ལོག་འདྲེན་ནང་ལ་བཞག་བགེགས་བསྐྲད་ཕྱི་ནས་མཛད་ཅེས་བསྒྱུར་ན་ཡིད་ངོར་འཆར་སླ་བ་ཡིན་ནོ། །
རྒྱུན་ཤེས་གཞན་ཞིག་ནི།
དཀྱིལ་འཁོར་གྱི་དབུས་སུ་ས་བོན་དང་ཕྱག་མཚན་འབྲི་བ་ལས་སྐུ་གཟུགས་མི་འབྲི་རྒྱུ་མཚན་དང་། ང་ཚོས་མེ་སྦར་དུས་ནས་མེ་ཐབ་དང་འབྲེལ་བའི་དཀྱིལ་འཁོར་གྱི་རྡུལ་ཚོན་འཇིག་པ་དང་། མཆོད་པ་དང་མེ་ཏོག་འབུལ་དུས་ནས་དཀྱིལ་འཁོར་གྱི་རྡུལ་ཚོན་འཇིག་པའམ་བསུབ་འགྲོ་བའི་ལག་ལེན་དག་ནི། ཉེས་པ་ཅན་གྱི་མ་དག་པའི་ལག་ལེན་ལོག་པ་ཡིན་པ་བསྟན་འདུག།
(ནང་དུ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱི་དང་། ཡང་དག་པར་ལྡན་པ་སྙིང་ཁའི་པདྨ་སྟེ། དེའི་ལྟེ་བར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧུྃ་ཡིག་གི་ས་བོན་རྡུལ་ཚོན་སྔོན་པོས་བྲི་བར་བྱའོ། །ཡང་ན་དེ་ཡོངས་སུ་གྱུར་པའི་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་བྲི་བར་བྱའོ། །གསང་བའི་རྒྱུད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག་རྟེན་གྱི་སྨོད་པ་ཡོངས་སུ་སྤང་བའི་སླད་དུ་ལྷའི་གཟུགས་ནི་བྲི་བར་མི་བྱའོ། །བདག་པོའི་ས་བོན་དགོད་པའོ། །)[31]
(དེ་བཞིན་དུ་ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ་ལྷ་སོ་སོ་རྣམས་ལ་ཡང་ལྷ་བཤོས་ལ་སོགས་པ་དབུལ་བར་བྱ་སྟེ་ཕྱོགས་ཐམས་ཅད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུའོ། །རྡུལ་ཚོན་གྱི་ས་ལ་ནི་མེ་ཏོག་ལ་སོགས་པ་དབུལ་བར་མི་བྱ་སྟེ་ཕུལ་ན་རྡུལ་ཚོན་བསུབས་པར་འགྱུར་རོ། །རབ་ཏུ་གནས་པ་བྱས་པའི་དཀྱིལ་འཁོར་གྱི་རྡུལ་ཚོན་བསུབས་པ་ལས་མཆོད་རྟེན་འཇིག་པའོ། །དེས་ན་རིགས་ཡོངས་སུ་བརྟག་པའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་སྒོར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བར་བྱའོ། །)[32]
ད་ནི་ང་ཚོས་འདི་ཕྱི་གཉིས་སུ་ཉེ་བར་མཁོ་བའི་ཉམས་སུ་བླང་བྱའི་ཆོས་ཚན་ཞིག་གིས་མཇུག་བསྡུ་བར་བྱ། གཞུང་འདིར་རྩ་བའི་ཡན་ལག་གི་ཚུལ་དུ། ནད་གདོན་ཞི་བ་དང་ཚེ་བསོད་རྒྱས་པའི་ཐབས་སུ་སྒྲུབ་ཐབས་ཀྱི་རིམ་པ་དང་རྫས་ཀྱི་རྣམ་གཞག །ལུས་ཀྱི་འཕྲུལ་འཁོར་དང་རླུང་གི་སྦྱོར་བ་སོགས་མང་དུ་གསུངས་ཀྱང་། དེ་དག་ལས་ཆེས་གལ་ཆེ་བ་ཞིག་ནི།
དཔའ་བོ་གཙུག་ལག་ཕྲེང་བའི་རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པ་རིན་ཆེན་གཏེར་མཛོད་ལས། དེ་ལ་ནང་གི་སྒྲ་གཅན་ནི་རེ་ཞིག་འདིར་སྲོག་རྩ་དང་སྲོག་ཆེན་པོའི་རླུང་ཡིན་ལ་དེ་གནས་གཞན་དུ་ལོག་པ་དང་། འཁྲུགས་པ་དང་རེངས་པ་ལས་སྨྱོ་འབོག་དང་བརྒྱལ་བ་ལ་སོགས་ཉེས་པ་སྣ་ཚོགས་བྱེད་ཅིང་མྱུར་དུ་སྲོག་ལ་རྒོལ་བར་འགྱུར་ལ། དེའི་གཉེན་པོར་གཙོ་བོ་གང་ཟག་དང་ཆོས་ཀྱི་བདག་ཀུན་བཏགས་དང་ཐ་སྙད་ཙམ་དུ་ཡང་ཡོད་མ་མྱོང་བ་ཉིད་ཀྱི་ངེས་པ་ལུང་རིགས་སམ། མན་ངག་གི་གནད་དམ། བླ་མ་དམ་པའི་བྱིན་རླབས་ཀྱི་མཐུ་ལས་རྙེད་པར་བྱས་ཏེ་དེ་ཉིད་ལ་མཉམ་པར་འཇོག་པ་ནི་དེའི་ངོ་ལོན་གྱི་གཙོ་བོ་ཡིན་ཏེ་འདིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཏན་བྲལ་དུ་བྱེད་ནུས་ན་སྲིད་པའི་ཉེས་པ་ཆུང་ངུ་ནི་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །[33]ཞེས་གསུངས་པའི་སྒོམ་གྱི་ཉམས་ལེན་འདི་ཡིན།
དེ་ཡང་། སེམས་གང་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །[34]སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །[35]ཞེས་གསུངས་པ་ལྟར། རང་དམིགས་ཡུལ་དུ་བྱས་པའི་ཤེས་པས་ཡོད་པའི་སྤྲོས་མཐར་དམིགས་སུ་ཡོད་པའི་སེམས་དེ་ནི་བསྒོམ་བྱའི་གནས་ལུགས་མ་ཡིན་ཞིང་། རང་ཉིད་དམིགས་ཡུལ་དུ་བྱས་པའི་ཏིང་ངེ་འཛིན་གྱི་མདུན་དུ་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་སེམས་ཀྱི་རང་བཞིན་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གློད་པ་ནི། གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་པ་ཡིན་གཤིས། ཚིག་འདི་འདོན་ཞིང་དོན་སྒོམ་པའམ།
ཡང་ན། དེའི་ཕྱིར་དབུ་མ་པས་སྨྲས་པ། རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག་ཅེས་སོ། །གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །དེ་གང་ཞེ་ན། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པ་སྨྲ་པོ་སྟེ་འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །[36]ཞེས་གསུངས་པའི་མཐའ་བཞི་རྣམ་གྲོལ་གྱི་དབུ་མའི་ལྟ་བ་སྟོན་པའི་ཤོ་ལོ་ཀ་འདི་ཐུགས་ལ་བཟུང་སྟེ། སྐབས་བབ་ནང་ལེའུའི་ཚན་པ་རང་དང་གཞན་གྱི་ལྟ་བ་རིགས་པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོའི་[37]ལུང་རིགས་དག་དང་འབྲེལ་ནས། བརྩེ་སྟོང་ཟུང་འཇུག་གི་སྟོང་པ་ཉིད་བསྒོམ་པའམ། བླ་མ་ཉམས་མྱོང་ཅན་གྱི་མན་ངག་ལ་བསྟེན་ནས་གནས་ལུགས་ལ་མཉམ་པར་བཞག་པ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ། །
འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །བཟོད་མེད་སྙིང་རྗེ་རྩལ་ཡང་མ་འགག་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །
ཅེས་དཔལ་རང་བྱུང་རྡོ་རྗེའི་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་རབ་གནས་ཤིང་འབྲུག་ལོའི་ཟླ་བ་གཉིས་པའི་ཚེ་དགུ་ཉིན་མཇུག་གྲུབ་པར་བྱས་པའོ། །
[1] འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་བཤད། ནང་གི་ལེའུའི་འགྲེལ་བཤད། སྒྲུབ་ཐབས་ཀྱི་ལེའུའི་རྒྱས་འགྲེལ། དབང་གི་ལེའུའི་རྒྱས་འགྲེལ། ཡེ་ཤེས་ཀྱི་ལེའུའི་རྒྱས་འགྲེལ།
[2] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། རིགས་ལྡན་པདྨ་དཀར་པོས་མཛད། ལྡེབ་གྲངས། ༦༨
[3] གོང་མཚུངས། ལྡེབ་གྲངས། ༣༨
[4] གོང་མཚུངས། ལྡེབ་གྲངས། ༡༩༧
[5] གོང་མཚུངས། ལྡེབ་གྲངས། ༡༩༢
[6] རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སུ་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༥༠༦
[7] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། རིགས་ལྡན་པདྨ་དཀར་པོས་མཛད། ལྡེབ་གྲངས། ༨
[8] གོང་མཚུངས། ལྡེབ་གྲངས། ༢༢
[9] གོང་མཚུངས། ལྡེབ་གྲངས། ༨
[10] གོང་མཚུངས། ལྡེབ་གྲངས། ༨
[11] རྣམ་ཐར་སྒོ་བཞི་ནི། འགྲེལ་ཆེན་དྲི་མེད་འོད་ལས། དེ་ནས་རྣམ་པར་ཐར་པ་བཞི་བསྒོམ་པར་བྱ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །
[12] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༤༢༡
[13] གོང་མཚུངས་ལྡེབ་གྲངས། ༡༩༦
[14] གོང་མཚུངས་ལྡེབ་གྲངས། ༡༩༧
[15] ཨ་དརྴ། སྡེ་བསྟན། དབུ་མ་ལ་འཇུག་པ། སློབ་དཔོན་ཟླ་བ་གྲགས་པས་མཛད། ལྡེབ་གྲངས། ༡༠༢
[16] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༣༣
[17] གོང་མཚུངས་ལྡེབ་གྲངས། ༣༢༥
[18] གོང་མཚུངས་ལྡེབ་གྲངས། ༥༨
[19] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། སྟོད་ཆ། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༢༧༡
[20] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༤༣༣
[21] གོང་མཚུངས་ལྡེབ་གྲངས། ༤༠༥
[22] དྲང་་ངེས་ལེགས་བཤད་སྙིང་པོ། རྗེ་ཙོང་ཁ་པས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་གྲངས། ༣
[23] ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། རྫོང་སར་ཁམས་བྱེའི་སློབ་གྲྭའི་རྩིས་འཕྲུལ་འཛིན་གྲྭས་བསྒྲིགས། ཤོ་གྲངས། ༥༨
[24] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༣༢
[25] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། སྨད་ཆ། ཆོས་ཀྱི་ཚིགས་སུ་བཅད་པ། སྟོན་པ་སངས་རྒྱས་ཀྱིས་གསུངས། དགེ་འདུན་ཆོས་འཕེལ་གྱིས་བསྒྱུར། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༢༤
[26] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༤༣༥
[27] བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཕ་གྲུ་རྡོ་རྗེ་རྒྱལ་པོས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། ༡༤
[28] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། སྟོད་ཆ། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༤༤༨
[29] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༤༢༧
[30] རྗེ་བཙུན་མི་ལ་རས་པའི་རྣམ་མགུར། གཙང་སྨྱོན་ཧེ་རུ་ཀས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། མི་ལ་ཤིང་ཐུན་གྱི་སྐོར། ཤོག་གྲངས། ༢༡༩ནས་༢༢༦བར།
[31] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༣༠༠
[32] གོང་མཚུངས་ཤོག་གྲངས། ༣༡༢
[33] དཔལ་དུས་ཀྱི་འཁོར་ལོའི་མན་ངག་རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པ་ཆེན་པོའི་རྒྱས་འགྲེལ་རིན་པོ་ཆེའི་གཏེར་མཛོད། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། འཕྲུལ་དེབ། ཤོག་གྲངས། ༥༡༩
[34] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༤༣༠ ༣༩
[35] ཨ་དརྴ། སྡེ་བཀའ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་བརྒྱད་སྟོང་པ། ལྡེབ་གྲངས། ༣
[36] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ལྡེབ་གྲངས། ༡༩༧
[37] སྡེ་བཀའ། འགྲེལ་ཆེན་དྲི་མེད་འོད། ནང་གི་ལེའུའི་འགྲེལ་བཤད་ཀྱི་ནང་ཚན། བདུན་པ། རང་དང་གཞན་གྱི་ལྟ་བ་རིགས་པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོ། ཤོག་གྲངས། ༡༨༩ནས་༢༠༨བར།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4648
དཔྱད་མཆན་སྤེལ།