དང་པོ། གླེང་སློང་བ།

ང་ཚོའི་སྔོན་གྱི་ལོ་ཙཱ་བ་དག་གིས་གཞན་གྱི་གྲུབ་མཐའ་སྨྲ་བ་དག་གི་ལྟ་གྲུབ་ཀྱི་གཞུང་ལུགས་ཆ་ཚང་བ་གང་ཡང་བོད་ཡིག་ཏུ་མ་བསྒྱུར་བར་བརྟེན། དེའི་སྐོར་རྒྱུས་ལེན་དགོས་ཚེ་ནང་པའི་གཞུང་ལུགས་དག་ཏུ་ཕྱོགས་སྔ་མ་རུ་བླངས་པའི་གཞུང་དུམ་བུ་དག་ལས་འཚོལ་རྒྱུ་ལས་ཐབས་གཞན་མེད་པར་གྱུར་ཡོད། བྱེ་བྲག་པ་ནི་གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཞིང་། དེའི་འདོད་ཚུལ་སྐོར་གནའ་སྔ་མོའི་སངས་རྒྱས་པའི་མངོན་པའི་གཞུང་ལུགས་དག་ཏུ་ཡང་གསལ། ནང་པའི་བྱེ་བྲག་སྨྲ་བ་དང་། གཞན་སྡེ་བྱེ་བྲག་པ་གཉིས་ཀྱིས་སྤྱི་འདོད་ཚུལ་སོགས་འདྲ་བའི་ཆ་མང་པོ་ཞིག་ཀྱང་ཡོད། ལྷག་ཏུ་དུས་རབས་དྲུག་པ་དང་བདུན་པའི་ནང་ཙམ་དུ་གྲུབ་མཐའ་དེ་ཤིན་ཏུ་དར་ཆེ་བ་མངོན་ཏེ། ཕྱོགས་གླང་གི《ཚད་མ་ཀུན་བཏུས》དང་། ཆོས་གྲགས་ཀྱི《རྣམ་འགྲེལ》སོགས་སུ་བྱེ་བྲག་པའི་འདོད་ཚུལ་མང་པོ་ཞིག་ཕྱོགས་སྔར་བླངས་ཡོད།  《རྣམ་འགྲེལ》ལེའུ་དང་པོའི་གཞན་སེལ་སྐོར་གྱི་ཕྱོགས་སྔ་མ་གཙོ་བོ་ཞིག་ནི་བྱེ་བྲག་པ་དང་གྲངས་ཅན་པ་གཉིས་ཡིན་ཞིང་། ཞོར་དུ་གཅེར་བུ་པའི་འདོད་ཚུལ་ཡང་བཀག་ཡོད། དེ་ལས་ཀྱང་བྱེ་བྲག་པས་འདོད་པའི་ཤེས་བྱ་ཚིག་གི་དོན་དྲུག་ལས་སྤྱི་འདོད་ཚུལ་ནི། གཞན་སེལ་གྱི་སྐོར་འཆད་སྐབས་དགག་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་།  ལེའུ་དང་པོའི《རང་འགྲེལ》དུ་བྱེ་བྲག་པས་འདོད་པའི་སྤྱི་འགོག་པའི་རིགས་པ་ཧ་ཅང་རྒྱས། དེ་ལས་གཞན་པའི་གཞུང་གཅིག་ནི་ཞི་བ་འཚོའི《ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི》རྩ་བ་དང་། དེའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་གཉིས་ཏེ། དེ་གཉིས་ཀྱི་ནང་གི་སྤྱི་ཡི་ཚིག་གི་དོན་བརྟག་པའི་ལེའུར་བྱེ་བྲག་པས་སྤྱི་འདོད་ཚུལ་ཅུང་རྒྱས་པར་འཆད་ཅིང་། དེ་ནས་འདོད་ཚུལ་དེ་ཞིབ་ཏུ་བཀག་པར་མཛད་ལ། གང་གིས་འགོག་པའི་རིགས་པ་ཕལ་མོ་ཆེ་ནི《རྣམ་འགྲེལ》དང་ཕྱོགས་འདྲ་ཙམ་དུ་མཐོང་། གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་དག་གིས་སྤྱིའི་སྒྲ་དེ་ཆོས་དུ་མ་ལ་རྗེས་སུ་འགྲོ་བ་ཞིག་ལ་འཇུག་པར་རྩོད་པ་མེད་ལ། བྱེ་བྲག་ཏུ་སྤྱི་ཡི་ངོ་བོ་ཇི་ལྟ་བུ་ཡིན་མིན་ཐད་རྩ་བའི་ཆ་ནས་འདོད་ཚུལ་གཉིས་སུ་སྣང་སྟེ། སྤྱི་རྫས་གྲུབ་ཏུ་འདོད་པ་དང་། དེ་ལྟར་མིན་པར་སྤྱི་ནི་སྒྲོ་བཏགས་ཙམ་དུ་འདོད་པའོ། །དང་པོའི་ནང་དུ་བྱེ་བྲག་པ་དང་གྲངས་ཅན་པ་སོགས་མུ་སྟེགས་པ་འགའ་དང་། ད་དུང་ནང་པའི་གྲུབ་མཐའ་སྨྲ་བ་བྱེ་བྲག་སྨྲ་བ་ལྟ་བུ་ཡང་འདུས་ཡོད། ཕྱི་མ་ནི་ཕྱོགས་གླང་ཡབ་སྲས་ལྟ་བུ་སྟེ། དེས་སྤྱི་ནི་རྟོག་ངོར་ཙམ་དུ་འཇོག་ཅིང་དོན་དམ་པར་དངོས་པོ་རྣམས་རྫས་ཐ་དད་ཅིང་མ་འདྲེས་པར་གནས་པས་རྗེས་སུ་འགྲོ་བའི་སྤྱི་གཅིག་པུ་བ་ཞིག་མེད་པར་འདོད་དོ། །སྤྱི་རྫས་གྲུབ་ཏུ་འདོད་པ་ལ་ཡང་གྲངས་ཅན་པ་ལྟ་བུ་སྤྱི་གསལ་བ་དང་ངོ་བོ་གཅིག་ཏུ་འདོད་པ་དང་། བྱེ་བྲག་པ་ལྟ་བུ་སྤྱི་གསལ་བ་དང་ངོ་བོ་ཐ་དད་དུ་འདོད་པ་དང་། བྱེ་བྲག་སྨྲ་བ་ལྟ་བུ་སྤྱི་རྫས་གྲུབ་ཡིན་ཡང་མི་རྟག་པ་དང་རྫས་ཐ་དད་པ་དུ་མའི་ཆ་དང་བཅས་པར་འདོད་པ་དང་། གཅེར་བུ་པ་ལྟ་བུ་དངོས་པོ་ཐམས་ཅད་སྤྱི་གསལ་གཉིས་ཀའི་ངོ་བོར་འདོད་པ་ལྟ་བུ་ལུགས་མི་འདྲ་བ་འགའ་ཞིག་མཐོང་། བོད་དུ་ཡང་ཚད་མའི་གཞུང་གི་དགོངས་པ་འགྲེལ་སྐབས་སྤྱི་ཡི་རང་ལྡོག་སྒྲོ་བཏགས་སུ་འདོད་ཀྱང་གཞི་ལྡོག་ལ་དངོས་པོ་ཡོད་མེད་ཀྱི་རྩོད་པ་ཤིན་ཏུ་འཕེལ་བར་བྱུང་། དེ་དག་ལས་འདིར《རྣམ་འགྲེལ》དང《ཚད་ཆེན》སོགས་ལས་བྱུང་བའི་བྱེ་བྲག་པས་སྤྱི་འདོད་ཚུལ་དང་། དེ་སྒྲུབ་བྱེད་ཇི་ལྟར་བཀོད་པ། སྤྱི་དེའི་ཁྱད་པར་གྱི་ཆོས་འགའ་བཅས་ཉིང་བསྡུས་ཤིག་འབྲི་བར་བྱའོ། །

གཉིས་པ།  《ཚད་ཆེན་དཀའ་འགྲེལ》དུ་འཁོད་པའི་ཕྱོགས་སྔ་མ།

སྤྱིར་ཚིག་དོན་དྲུག་གི་སྐོར་སྔ་མོའི་བྱེ་བྲག་པའི་གཞུང་དུ་འཁོད་ཡོད་པ་སྨོས་མ་དགོས་ལ། འོན་ཀྱང་བོད་འགྱུར《ཚད་ཆེན་དཀའ་འགྲེལ》གྱི་སྤྱི་ཡི་ཚིག་གི་དོན་བརྟག་པའི་ལེའུར་འཁོད་པའི་ཕྱོགས་སྔ་མ་མིང་དངོས་སུ་འཁོད་པ་ནི། འོད་བྱེད་པའི་འདོད་ཚུལ་བཀག་པ་ཐེངས་འགའ་བྱུང་ཞིང་། བདེ་བྱེད་བདག་པོའི་འདོད་པ་བཀོད་ནས་བཀག་པ་ཡང་ཐེངས་འགའ་བྱུང་། དངོས་པོ་རྣམ་པར་འབྱེད་པ་ཞེས་པ་ཞིག་ཀྱང་བྱུང་སྟེ་བསྟན་བཅོས་ཀྱི་མིང་ངམ་མིའི་མིང་གང་ཡིན་ཐག་མ་ཆོད་པར་ལུས། གཞོན་ནུ་མ་ལེན་གྱི་འདོད་ཚུལ་སྟོན་པའི་ཚིགས་བཅད་ཅིག་ཀྱང་བྱུང་ལ། མིང་ལ་ཀུ་མཱ་ར་རི་ཞེས་འཁོད་པའི་འདོད་ཚུལ་ཡང་ཐེངས་འགའ་བྱུང་།  ཡང《དཀའ་འགྲེལ》གྱི་ལེའུ་དེ་ཉིད་ལས། “ཡང་གང་དག་རྒྱལ་བ་པ་དང་རྒྱལ་དཔོག་པ་དང་གྲངས་ཅན་པ་ལ་སོགས་པ་རིགས་ཐ་མི་དད་པའམ་གཉི་གའི་ངོ་བོར་འདོད་པ་དེ་དག་གིས་བརྗོད་པའི་རིགས་ནམ་མཁའི་གོས་ཅན་གྱི་ཞར་ལ་འགེགས་པར་འགྱུར་རོ། །འདི་ནི་བྱེ་བྲག་པ་དང་རིགས་པ་ཅན་གྱིས་བརྟགས་པའི་རིགས་དགག་པའི་སྐབས་ཡིན་པས་སུན་མ་ཕྱུང་སྟེ།”[༡]ཞེས་གསུངས་པ་ལ་བརྟག་ན་ལེའུ་དེར་སྤྱི་ཡི་འདོད་ཚུལ་ཇི་སྐད་གསུངས་པ་དེ་བྱེ་བྲག་པ་ཙམ་མ་ཟད་རིགས་པ་ཅན་པའི་ལུགས་སུ་ཡང་སྣང་ངོ་། །

གསུམ། ལུགས་དེའི་སྤྱི་དང་གསལ་བ་ཞེས་པའི་ཐ་སྙད་ཀྱི་འཇུག་གཞི།

སྤྱི་ཞེས་པ་ནི་གསལ་བ་རྫས་ཐ་དད་པ་དུ་མ་ལ་ཐུན་མོང་གི་ཤེས་བརྗོད་འཇུག་པའི་རྒྱུ་སྟེ། དཔེར་ན་དཀར་ཟལ་དང་ནག་སྒུར་ལྟ་བུ་དུ་མ་ལ་ཐུན་མོང་དུ་བ་ལང་ཞེས་པའི་ཤེས་བརྗོད་འཇུག་པའི་རྒྱུ་ལ་བ་ལང་ཉིད་ཅེས་པའི་སྤྱི་འཇོག་པ་ལྟ་བུའོ། །དེ་ལྟར་ཡང《ཚད་ཆེན་དཀའ་འགྲེལ》ལས།   “རིགས་ཀྱི་སྒྲས་ནི་ཐ་མི་དད་པར་བརྗོད་པ་དང་ཤེས་པ་སྐྱེ་བའི་རྒྱུ་མཚན་གྱི་སྤྱི་བརྗོད་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས། མཚུངས་པ་སྐྱེ་བའི་བདག་ཉིད་ཅན་ནི་རིགས་ཡིན་ནོ་ཞེས་འབྱུང་སྟེ། མཚུངས་པའི་ཤེས་པ་སྐྱེ་བའི་རྒྱུ་ནི་རིགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །”[༢]ཞེས་སོ། །སྤྱི་ཡི་དོན་བརྟག་པའི་སྐབས་སུ་སྤྱི་དང་ཐུན་མོང་བ་དང་འདྲ་བ་དང་རིགས་དང་མཚུངས་པ་སོགས་ནི་ལོ་ཙཱ་བ་དག་གིས་འདོད་དགུར་བསྒྱུར་བའི་དོན་གཅིག་ལ་གཞོལ་བའི་ཐ་སྙད་མི་འདྲ་བ་ཙམ་དུ་སྣང་། འདི་དག་ཏུ་གསལ་བ་ཞེས་པའི་ཐ་སྙད་འདི་ལན་མང་དུ་ཡོང་ཞིང་། དེའི་དོན་ཅི་ཞེ་ན།《ཚད་ཆེན་དཀའ་འགྲེལ》ལས། “དེ་ལ་གསལ་བའི་སྒྲས་ནི་རྫས་དང༌། ཡོན་ཏན་གྱི་ཁྱད་པར་དང༌། ལས་རྣམས་བརྗོད་དོ། །”[༣]ཞེས་པ་ལྟར་རིགས་པ་ཅན་དང་བྱེ་བྲག་པའི་ལུགས་ལ་གསལ་བ་ཞེས་པ་ནི་རྫས་དང་ཡོན་ཏན་དང་ལས་གསུམ་ལ་ཟེར་ཞིང་།  སྤྱི་ནི་དེ་གསུམ་ཁོ་ན་ལ་རྗེས་སུ་འགྲོ་བར་འདོད་དེ། དེས་ན་སྤྱི་གང་ལ་རྗེས་སུ་འགྲོ་བའི་ཆོས་དེ་ལ་གསལ་བ་ཞེས་བྱ་བར་སྣང་། སྤྱི་དེ་ཚིག་གི་དོན་དྲུག་ལས་ཕྱི་མ་གསུམ་ལ་རྗེས་སུ་འགྲོ་བར་མི་འདོད་པ་གསལ་ལ་དེའི་རྒྱུ་མཚན་གཞུང་ལུགས་སུ་བཤད་པ་ཁོ་བོས་མ་མཇལ། འོ་ན་རྫས་ལ་སོགས་པ་གསུམ་ལ་ཅིའི་ཕྱིར་གསལ་བ་ཞེས་བྱ་སྙམ་ན། དེའི་ལུགས་ལ་བ་ལང་གི་གསལ་བས་སྟོང་པའི་ཡུལ་དུ་བ་ལང་ཉིད་ཅེས་པའི་སྤྱི་དེ་བློའི་ཡུལ་དུ་མི་མངོན་ཡང་། དཀར་ཟལ་དང་ནག་སྒུར་ལྟ་བུ་གསལ་བ་སྣང་རུང་དུ་ཡོད་ན་དེས་བ་ལང་ཉིད་ཅེས་པའི་སྤྱི་དེ་བློ་ཡུལ་དུ་གསལ་བར་བྱེད་པར་འདོད་དེ། དེའི་ཕྱིར་དཀར་ཟལ་ལྟ་བུ་ནི་སྤྱི་དེ་གང་གིས་བློ་ཡུལ་དུ་གསལ་བར་བྱེད་པ་པོ་ཡིན་པས་གསལ་བ་ཞེས་བྱ་བའམ་སྙམ་སྟེ་དཔྱད་པར་བྱ། འོན་ཏེ་བྱེ་བྲག་པ་རང་ལ་ཡང་དྲང་སྲོང་ཆེན་པོ་གཟེགས་ཟན་གྱིས་ཐམས་ཅད་དུ་སོང་བ་ཡིན་ནོ་ཞེས་བཤད་པའི་དངོས་ཀྱི་སློབ་མ་གཉིས་ལས། བེ་ལུ་ཀས་ནི་སྤྱི་ཐམས་ཅད་དུ་སོང་བ་དང༌། པེ་ཐ་རས་ནི་རང་གི་རྟེན་ཙམ་ཐམས་ཅད་དུ་སོང་པར་གཟུང་ནས་མཁན་པོ་འདས་རྗེས་རྩོད་པ་བྱུང་བའི་སྐོར་ཡང་ཆོས་མཆོག་གི《འཐད་ལྡན》དུ་འཁོད།

བཞི་བ། སྤྱི་ཇི་ལྟ་བུ་འདོད་མིན་དང་དེ་རྟོགས་བྱེད་ཀྱི་ཚད་མ།  

བྱེ་བྲག་པས་འདོད་པའི་སྤྱི་དེ་ལ་ཁྱད་ཆོས་གཙོ་བོ་བཞི་ཡོད་པ་རེ་རེ་བཞིན་འབྲི་ན།  གཅིག རང་གི་གསལ་བ་དུ་མ་ལ་ཐུན་མོང་དུ་ཡོད་པ་སྟེ། དཔེར་ན་བ་ལང་ཉིད་ཅེས་པའི་སྤྱི་དེ་རང་གི་གསལ་བ་དཀར་ཟལ་དང་ནག་སྒུར་དང་སེར་སྐྱ་སོགས་བ་ལང་གི་བྱེ་བྲག་ཐམས་ཅད་ལ་ཡོད་པ་ལྟ་བུའོ། །གཉིས། རང་གི་གསལ་བ་ལས་ངོ་བོ་ཐ་དད་པ་སྟེ། དཔེར་ན་བ་ལང་ཉིད་ཅེས་པའི་སྤྱི་དེ་རང་གི་གསལ་བ་དཀར་ཟལ་དང་ནག་སྒུར་སོགས་ཐམས་ཅད་ལ་ཡོད་ཀྱང་དེ་དག་ལས་རྫས་ཐ་དད་པར་འདོད་པ་ལྟ་བུའོ། །གསུམ། རྟག་དངོས་ཡིན་པ་སྟེ། སྤྱི་དེ་རང་གི་ངོ་བོ་འཇིག་པའི་རང་བཞིན་ཅན་མིན་པས་རྟག་པ་ཡིན་ཞིང་། དཀར་ཟལ་སོགས་ལ་ཐུན་མོང་དུ་བ་ལང་ངོ་སྙམ་དུ་སྒྲ་བློ་སྐྱེ་བའི་རྒྱུ་བྱེད་པས་དོན་བྱེད་ནུས་པ་ཡང་ཡིན་ཏེ། དེའི་ཕྱིར་རྟག་པ་དང་དངོས་པོ་གཉིས་ཀ་ཡིན་ནོ་ཞེས་སྨྲའོ། །བཞི། རང་ཡིན་རྫས་ཐ་དད་པ་དུ་མའི་ཆ་མེད་པ་སྟེ། དཀར་ཟལ་ལ་བ་ལང་ཉིད་ཅེས་པའི་སྤྱི་གཅིག་དང་། ནག་སྒུར་ལ་ཡང་བ་ལང་ཉིད་ཅེས་པའི་སྤྱི་གཅིག་ཡོད་ཅིང་། དེ་གཉིས་རྫས་ཐ་དད་པར་འདོད་པ་མ་ཡིན་པར། འཇིག་རྟེན་གསུམ་ན་བ་ལང་ཉིད་ཅེས་པའི་སྤྱི་གཅིག་ལས་མེད་ཅིང་། དེ་ཉིད་དཀར་ཟལ་སོགས་བ་ལང་གི་གསལ་བ་རེ་རེ་ལ་ཡོངས་སུ་རྫོགས་པར་ཡོད་པས། སྤྱི་ནི་རང་ཡིན་རྫས་ཐ་དད་པ་དུ་མའི་ཆ་མེད་དོ་ཞེས་སྨྲའོ། །

སྤྱི་དེ་ལ་དབྱེ་ན་གཉིས་ཏེ།  ཚིག་གི་དོན་དྲུག་ལས་རྫས་དང་ཡོན་ཏན་དང་ལས་ཐམས་ཅད་ལ་ཐུན་མོང་དུ་ཡོད་དོ་སྙམ་པའི་སྒྲ་བློ་སྐྱེ་བའི་རྒྱུར་གྱུར་པ་རྫས་དང་ཡོན་ཏན་དང་ལས་ཐམས་ཅད་ལ་ཡོད་པ། དེ་གསུམ་ལས་དོན་གཞན་དུ་གྱུར་པ་ཞིག་ལ་ཁྱབ་པའི་སྤྱིའམ་མཆོག་གི་སྤྱི་ཞེས་བྱ་ཞིང་། དེ་ནི་སྤྱི་ཁོ་ན་ཡིན་གྱི་བྱེ་བྲག་ནི་མ་ཡིན་ནོ་ཞེས་སྨྲའོ། །རྫས་ཉིད་དང་ཡོན་ཏན་ཉིད་དང་ལས་ཉིད་ལྟ་བུ་ལ་ཉི་ཚེ་བའི་སྤྱིའམ་མཆོག་མ་ཡིན་པའི་སྤྱི་ཞེས་བྱ་ཞིང་། དེ་ཡང་རྫས་ཉིད་ནི་རྫས་ཁོ་ན་ལ་བརྟེན་པ་དང་། ཡོན་ཏན་ཉིད་ནི་ཡོན་ཏན་ཁོ་ན་ལ་བརྟེན་པ་དང་། ལས་ཉིད་ནི་ལས་ཁོ་ན་ལ་བརྟེན་པས་ཉི་ཚེ་བའི་སྤྱི་ཞེས་བྱའོ། །དེ་དག་རང་གི་རྟེན་ལ་རྫས་ཐམས་ཅད་ལ་རྫས་སོ་སྙམ་པ་དང་ཡོན་ཏན་དང་ལས་ཐམས་ཅད་ལ་ཡོན་ཏན་དང་ལས་སོ་སྙམ་པའི་སྒྲ་བློ་ཐུན་མོང་དུ་སྐྱེ་བའི་རྒྱུ་བྱེད་པས་སྤྱི་ཡིན་ཞིང་།   རང་གི་རྟེན་རྫས་དང་ཡོན་ཏན་དང་ལས་རྣམས་རིགས་མི་མཐུན་པ་གཞན་ལས་ལྡོག་པའོ་སྙམ་པའི་སྒྲ་བློ་སྐྱེ་བའི་རྒྱུ་ཡང་བྱེད་པས་བྱེ་བྲག་ཀྱང་ཡིན་ནོ་ཞེས་སྨྲའོ། །དེ་ཡང་ཡོན་ཏན་ལྟ་བུ་རྫས་མ་ཡིན་པ་དང་ལས་མ་ཡིན་པའོ་སྙམ་དུ་རྫས་དང་ལས་ལས་ལྡོག་པའི་སྒྲ་བློ་སྐྱེ་བའི་རྒྱུ་ནི་ཡོན་ཏན་ཉིད་ཡིན་གྱི། རྫས་མ་ཡིན་པ་དང་ལས་མ་ཡིན་པ་ཞེས་པ་དོན་གཞན་ཞིག་མེད་དོ་ཞེས་སྨྲ་སྟེ། 《ཚད་ཆེན》ལས།   “དེ་ལ་རིགས་འདི་རྣམ་གཉིས་སུ། །ཕ་རོལ་པོས་ནི་ཁས་བླངས་པ། །མ་ལུས་པ་ལ་རྗེས་འཇུག་པས། །ཡོད་པར་བརྗོད་པ་སྤྱི་ཉིད་དང༌། །བྱེ་བྲག་ཡོད་པར་མངོན་བརྗོད་པའི། །རྫས་ལ་སོགས་པའི་སྤྱི་ཉིད་དེ། །རང་གནས་རྣམས་སུ་རྗེས་འཇུག་པའི། །སེམས་ཀྱི་རྒྱུར་གྱུར་དངོས་ལས་སོ། །རིགས་མི་མཐུན་པ་ཐམས་ཅད་དང༌། །རང་གི་གནས་ཀྱི་བྱེ་བྲག་ལས། །ལོག་པའི་བློ་ཡི་རྒྱུ་ཉིད་དེ། །དེ་རྣམས་དེ་ལྟར་གནས་པ་ཉིད། །”[༤]ཅེས་སོ། །

འོ་ན་རང་གི་རྟེན་རྫས་སོགས་ལས་དོན་གཞན་པའི་སྤྱི་ཡོད་པ་ཚད་མ་གང་གིས་རྟོགས་ཤེ་ན། འབྲས་བུ་གང་ཞིག་རྒྱུ་གང་ཞིག་གི་རྗེས་སུ་འགྲོ་ལྡོག་བྱེད་པ་དེ་ནི་རྒྱུ་དེ་ལས་སྐྱེས་པ་ཞེས་བྱ་ལ། རྫས་དང་ཡོན་ཏན་དང་ལས་རྣམས་ལ་ཡོད་དོ་སྙམ་པའི་ཤེས་པ་དང་། བ་ལང་གི་གསལ་བ་རྣམས་ལ་བ་ལང་ངོ་སྙམ་པའི་ཤེས་པ་སྐྱེ་བ་ཡང་བདག་རྐྱེན་དབང་པོའི་བྱ་བ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་བདག་རྐྱེན་དབང་པོ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་དབང་ཤེས་གཞན་དང་གཞན་བཞིན་དུ་དབང་པོའི་ཤེས་པ་ཡིན་ཞིང་དེས་བ་ལང་གི་སྤྱི་གྲུབ་པས་སྤྱི་ནི་དབང་པོའི་མངོན་སུམ་གྱིས་གྲུབ་པར་འདོད་དེ། 《ཚད་ཆེན》ལས། “ཡོད་ཉིད་བ་ལང་ཉིད་སོགས་རིགས། །མངོན་སུམ་གྱིས་ཀྱང་རབ་གྲུབ་སྟེ། །དབང་པོའི་བྱ་བ་ཡོད་པ་ལ། །ཡོད་སོགས་ཤེས་པ་འབྱུང་ཕྱིར་རོ། །”[༥]ཞེས་སོ། །

རྗེས་དཔག་གིས་ཀྱང་གྲུབ་སྟེ། གོས་དམར་པོའོ་སྙམ་པའི་ཤེས་པ་ནི་གོས་སོ་སྙམ་པའི་ཤེས་པ་དང་རྣམ་པ་མི་འདྲ་བའི་ཤེས་པ་གཞན་ཡིན་པས་དེའི་རྒྱུ་ཡང་གོས་ཙམ་མ་ཡིན་གྱི་དེ་ལས་གཞན་དམར་པོ་ཞིག་དགོས་པ་ལྟར་རྫས་དང་ཡོན་ཏན་དང་ལས་རྣམས་ལ་ཡོད་དོ་སྙམ་པའི་ཤེས་པ་ཡང་རྫས་སོགས་འཛིན་པའི་ཤེས་པ་དང་རྣམ་པ་མི་འདྲ་བའི་ཤེས་པ་གཞན་ཡིན་པས་དེའི་རྒྱུ་ལ་རྫས་སོགས་ལས་དོན་གཞན་པ་ཞིག་དགོས་ཤིང་དེ་ནི་ཡོད་པ་ཉིད་ཅེས་པའི་སྤྱིའོ། །སྦྱོར་བ་འགོད་ན། དངོས་པོ་གང་གི་རྣམ་པ་དང་མི་འདྲ་བའི་ཤེས་པ་གང་ཡིན་པ་དེ་ནི་དེ་ལས་མ་གཏོགས་པའི་རྒྱུ་མཚན་གཞན་ལས་བྱུང་བ་ཡིན་ཏེ། གོས་དང་པགས་པ་དང་བལ་ལ་སོགས་པ་ལ་དམར་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །རྫས་ལ་སོགས་པ་ལ་ཡོད་པ་ལ་སོགས་པའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེས་སྨྲ་སྟེ། 《ཚད་ཆེན》ལས། “རྗེས་སུ་དཔག་པའི་སྟོབས་ཀྱིས་ཀྱང༌། །འདི་དག་ཡོད་པར་ཤེས་བྱ་སྟེ། །ཤེས་པའི་བྱེ་བྲག་གང་ཞིག་གིས། །རྒྱུ་མཚན་གཞན་ལས་བྱུང་བའོ། ། ”[༦]ཞེས་སོ། །

ཡང་དངོས་པོ་རྣམ་པར་འབྱེད་པས་འདི་ལྟར་སྨྲས་ཏེ། བ་ལང་དང་ཕག་དང་གླང་པོ་ཆེ་ལ་སོགས་པ་ལ་བ་ལང་དང་ཕག་དང་གླང་པོ་ཆེ་ལ་སོགས་པའི་ཤེས་པ་དང་བརྗོད་པའི་ཁྱད་པར་རྣམས་ནི་བརྡ་དང་གོང་བུ་དང་ཆ་བྱད་སོགས་ལས་ཐ་དད་པའི་རང་དང་རྗེས་སུ་མཐུན་པའི་གཞན་གྱི་རྒྱུ་ལས་བྱུང་བ་ཡིན་ཏེ། བ་ལང་གི་བརྡ་དང་གོང་བུ་དང་ཆ་བྱད་སོགས་ཀྱི་ཤེས་བརྗོད་དང་མི་འདྲ་བའི་བ་ལང་སོགས་ཀྱི་ཡུལ་ཅན་གྱི་ཤེས་བརྗོད་གཞན་ཡིན་པའི་ཕྱིར། དཔེར་ན། བ་ལང་ལ་སོགས་པ་ཡུལ་དེ་དག་ལ་བེའུ་དང་བཅས་པའི་བ་ལང་། ཁལ་བཀལ་བའི་མ་ཧེ། ཟུག་རྔུ་དང་བཅས་པའི་ཕག །ལྕགས་ཀྱུ་དང་བཅས་པའི་གླང་པོ་ཞེས་པའི་ཤེས་བརྗོད་བཞིན་ནོ་ཞེས་སྨྲའོ། །དེ་ཡང་བེའུ་དང་བཅས་པའི་བ་ལང་ཞེས་པའི་ཤེས་པ་དང་བརྗོད་པ་ནི་བ་ལང་ཙམ་གྱི་རྒྱུ་ཅན་མ་ཡིན་གྱི། བ་ལང་ལས་གཞན་བེའུ་དང་བཅས་པ་ལ་ལྟོས་ནས་བྱུང་བ་བཞིན་དུ། བ་ལང་ཞེས་པའི་ཤེས་བརྗོད་ཀྱང་བ་ལང་ཞེས་པའི་མིང་དང་གོང་བུ་དང་ཆ་བྱད་ཙམ་གྱི་རྒྱུ་མཚན་ཅན་མ་ཡིན་ཏེ། དེ་དག་གི་ཤེས་བརྗོད་དང་མི་འདྲ་བའི་ཤེས་བརྗོད་གཞན་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་གཞན་ཞིག་དགོས་ལ་དེ་ནི་བ་ལང་ཉིད་ཅེས་པའི་སྤྱིའོ་ཞེས་སྨྲའོ། །འདིར་བརྡ་ནི་བ་ལང་ཞེས་པའི་མིང་དང་། གོང་བུ་ནི་རྐང་ལག་སོགས་ཀྱི་རྫས་དང་། ཆ་བྱད་ནི་བྱད་གཟུགས་ཏེ་དབྱིབས་ལ་གོ་བར་བྱའོ། །དེ་ལྟར་ཡང《ཚད་ཆེན》ལས། “བ་ལང་གླང་པོ་སོགས་རྣམས་ལ། །གླང་སོགས་སྒྲ་དང་ཤེས་བྱེ་བྲག །བརྡ་དང་དབྱིབས་དང་རིལ་པོ་སོགས། །ཐ་དད་དོན་གྱི་རྒྱུ་མཚན་ནོ། །བ་ལང་ལ་སོགས་ཡུལ་ཉིད་ལའང༌། །དེ་ཡི་སྒྲ་བློ་ཡོད་པ་ལས། །གཞན་ཕྱིར་དཔེར་ན་དེ་ཉིད་ལའང༌། །ལྕགས་ཀྱུ་བེའུ་བཅས་བློ་སྒྲ་བཞིན།  །”[༧]ཞེས་སོ། །

འོད་བྱེད་པ་ཞེས་པས་སྤྱི་དོན་གཞན་སྒྲུབ་བྱེད་དུ་འདི་ལྟར་སྨྲ་སྟེ། བ་ལང་ངོ་སྙམ་དུ་འཛིན་པའི་ཤེས་པ་ཆོས་ཅན། བརྡ་དང་ཆ་བྱད་དང་གོང་བུ་ལས་ཐ་དད་པའི་རྒྱུ་ཅན་ཡིན་ཏེ། བྱེ་བྲག་དང་ལྡན་པའི་ཕྱིར། དཔེར་ན་སྔོན་པོའོ་སྙམ་པའི་ཤེས་པ་བཞིན། བ་ལང་ཉིད་ཆོས་ཅན། བ་ལང་ལས་དོན་གཞན་ཡིན་ཏེ། དེ་དང་ཤེས་པ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར། དཔེར་ན་གཟུགས་དང་རེག་པ་བཞིན། བ་ལང་ཉིད་ཆོས་ཅན། བ་ལང་ལས་དོན་གཞན་ཡིན་ཏེ། དེའི་ཤེས་བྱའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར།  དཔེར་ན། ནག་པའི་རྟ་བཞིན་ཞེས་སྨྲའོ། །ཕྱི་མའི་རྟགས་ལ《དཀའ་འགྲེལ》དུ། དེའི་ཤེས་བྱའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་ཞེས་གསུངས་པའི་དོན་མ་གོ་མོད། དཔེ་ལ་ནག་པའི་རྟ་ཞེས་གསུངས་པ་ལ་བརྟགས་ན་བ་ལང་གི་བ་ལང་ཉིད་ཅེས་པའི་སྒྲའི་ཡུལ་ཡིན་པའི་ཕྱིར་ཞེས་པ་ཡིན་ནམ་སྙམ་སྟེ། ནག་པའི་རྟ་ཞེས་པས་ནག་པ་ལས་རྟ་རྫས་ཐ་དད་པར་བསྟན་པས་ནག་པ་རྟ་ལས་རྫས་ཐ་དད་པ་ལྟར། བ་ལང་གི་བ་ལང་ཉིད་ཅེས་པའི་སྒྲས་ཀྱང་བ་ལང་ལས་བ་ལང་ཉིད་རྫས་ཐ་དད་དུ་བསྟན་ཅིང་དེའི་ཕྱིར་རྫས་གཞན་ཡོད་དོ་སྙམ་པའོ། །དེ་ལྟར་ཡང་«ཚད་ཆེན»་ལས། “བ་ལང་སོགས་རྗེས་འཇུག་ཤེས་པའང༌། །རིལ་པོ་ལས་གཞན་པར་སྐྱེ་སྟེ། །བྱེ་བྲག་ལྡན་ཕྱིར་སྔོན་པོ་ལས། །སོགས་པའི་ཤེས་པ་ལྟ་བུའོ། །བ་ལང་ཉིད་ནི་བ་ལང་ལས། །དོན་གཞན་ཐ་དད་བློ་ཡུལ་ཕྱིར། །དེ་བཞིན་གཟུགས་དང་རེག་སོགས་བཞིན། །བརྗོད་པ་ནག་པའི་རྟ་བཞིན་ནོ། །”[༨]ཞེས་སོ། །

ཡང་སློབ་དཔོན་ཀུ་མཱ་ར་རི་ཡིས་འདི་ལྟར་སྨྲ་སྟེ། དཀར་ཟལ་དང་ནག་སྒུར་དང་སེར་སྐྱ་ལྟ་བུ་བ་ལང་གི་གོང་བུ་རྫས་ཐ་དད་པ་དག་ལ་བ་ལང་ངོ་སྙམ་པའི་ཤེས་པ་ནི་བ་ལང་ཉིད་ཅེས་པའི་དངོས་པོ་གཅིག་གི་འབྲས་བུ་ཡིན་ཏེ། དེ་ཐམས་ཅད་ལ་ཁྱད་མེད་དུ་བ་ལང་དུ་སྣང་བའི་ཕྱིར་དང་། བ་ལང་གཅིག་གི་རྣམ་པ་ཅན་ཡིན་པའི་ཕྱིར། དཔེར་ན། དཀར་ཟལ་བ་ལང་དུ་འཛིན་པའི་ཤེས་པ་བཞིན་ནོ་ཞེས་པ་དང་། ཡང་ན། གང་བ་ལང་གི་བློ་གང་ཡིན་པ་འདི་ནི་ཁྲ་བོ་ལས་བྱུང་བ་མ་ཡིན་པའམ། དེ་ལ་མ་གཏོགས་པའི་དོན་གཞན་ཞིག་ལ་དམིགས་པ་ཡིན་ཏེ། དེ་མེད་པས་ཀྱང་སྐྱེ་བའི་ཕྱིར་ཏེ། དཔེར་ན་བུམ་པ་ལ་སའི་བློ་ནི་བུམ་པ་ཙམ་གྱི་འབྲས་བུ་མ་ཡིན་པ་བཞིན་ནོ། །ཞེས་དང་། འོ་ན་བ་ལང་ཉིད་ཅེས་པའི་སྤྱི་དེ་བ་ལང་གི་གསལ་བ་ཐམས་ཅད་ལ་རྗེས་སུ་སོང་བ་ཇི་ལྟར་འགྲུབ་ཅེ་ན། བ་ལང་གི་བློ་འདི་ནི་བ་ལང་གི་གསལ་བ་རེ་རེ་ལ་འདུ་བའི་དོན་གང་ཞིག་ཡུལ་དུ་བྱེད་པའི་ཡུལ་ཅན་ཡིན་ཏེ། བ་ལང་གི་གོང་བུ་རེ་རེ་ལ་ཁྱད་པར་མེད་པར་བ་ལང་ངོ་སྙམ་པའི་བློ་སྐྱེ་བའི་ཕྱིར། དཔེར་ན་གསལ་བ་སོ་སོའི་ཡུལ་ཅན་གྱི་བློ་བཞིན་ནོ། །འོ་ན་བ་ལང་གི་གསལ་བ་སོ་སོ་ལ་ཡོད་པའི་བ་ལང་ཉིད་ཅེས་པ་དེ་རྫས་ཐ་དད་དུ་མི་འདོད་པར་གཅིག་རང་དུ་ཇི་ལྟར་འགྲུབ་ཅེ་ན། བ་ལང་ཉིད་ཅེས་པའི་སྤྱི་དེ་ནི་བ་ལང་གི་གསལ་བ་རེ་རེ་ལ་ཡོངས་སུ་རྫོགས་པ་ཡོད་ཀྱང་། དེ་ནི་རྫས་ཐ་དད་པ་མ་ཡིན་པ་གཅིག་རང་ཡིན་ཏེ། དེ་ཐམས་ཅད་ལ་བ་ལང་ངོ་སྙམ་དུ་གཅིག་གི་རྣམ་པ་ཅན་གྱི་བློའི་གཟུང་བྱ་ཡིན་པའི་ཕྱིར། དཔེར་ན་དགག་པ་དང་ལྡན་པའི་ངག་དག་ལ་བྲམ་ཟེ་ལ་སོགས་པ་ལྡོག་པ་བཞིན་ནོ། །(དཔེ་འདིའི་དོན་མ་གོ་བས་དཔྱད་པར་བྱ།) སངས་རྒྱས་པ་དག་གིས་བ་ལང་གི་གསལ་བ་རྫས་ཐ་དད་པ་དག་ལ་བ་ལང་ངོ་སྙམ་དུ་ཐ་མི་དད་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་ནི་འཁྲུལ་བ་ཡིན་ཞིང་། དེས་ན་ཤེས་པ་འཁྲུལ་བ་དེའི་དབང་གིས་དོན་ལ་གསལ་བ་རྫས་ཐ་དད་པ་དུ་མ་ལ་ཐུན་མོང་གི་དངོས་པོ་རྫས་ཡོད་ཅིག་ཡོད་པར་འཇོག་པ་ནི་འབྲེལ་པ་མེད་པ་ཡིན་ནོ་ཞེས་ཀྱང་བརྗོད་མི་ནུས་ཏེ། འདིའི་རྒྱུ་ལ་ཐུན་མོང་གི་སྤྱི་དངོས་པོ་རྫས་ཡོད་ཅིག་ཡོད་པ་ལ་ཉེས་པ་མེད་ཅིང་། དེ་ལ་གནོད་བྱེད་ཀྱི་ཚད་མ་མ་བསྟན་པའི་ཕྱིར་རོ། །ཤེས་པ་འཁྲུལ་བ་ཡིན་པ་ཡང་མི་རིགས་ཏེ། སྤྱི་དོན་གཞན་མེད་ན་དེ་ལྟར་འཁྲུལ་བའི་རྒྱུ་མེད་པའི་ཕྱིར་རོ་ཞེས་སྨྲ་སྟེ། དཀའ་འགྲེལ་དུ་དྲངས་པ་ལས། “ཇི་སྐད་དུ། ཐ་དད་གོང་བུ་བ་ལང་བློ། །བ་ལང་ཉིད་གཅིག་རྒྱུ་མཚན་ཅན། །བ་ལང་སྣང་དང་གཅིག་ཉིད་ཕྱིར། །བ་ལང་གོང་བུ་གཅིག་བློ་བཞིན། །ཁྲ་བོས་བ་ལང་བློ་མིན་པའམ། །དེ་ལས་གཞན་པ་དམིགས་པའང་ཡིན། །དེ་མེད་པར་ནི་ཡོད་པའི་ཕྱིར། །བུམ་པ་ལ་ནི་ས་བློ་བཞིན། །བ་ལང་བློ་ནི་རེ་རེ་ལ། །འདུ་བའི་དོན་ཡུལ་ཅན་ཡང་ཡིན། །སོ་སོར་མ་ལུས་ངོ་བོའི་ཕྱིར། །གསལ་བ་སོ་སོའི་བློ་བཞིན་ནོ། །རིགས་ནི་རེ་རེར་འདུ་བ་འང་ཡིན། །རེ་རེ་བ་ཡི་བློ་ཡིན་ཕྱིར། །དགག་པ་དང་ལྡན་ངག་རྣམས་ལ། །བྲམ་ཟེ་ལ་སོགས་ཟློག་པ་བཞིན། །བ་ལང་ཉིད་ལ་གཅིག་ངོས་བློ། །ལོག་པར་བརྗོད་པར་ནུས་མ་ཡིན། །འདི་ལ་གནོད་པའི་ཤེས་པའམ། །རྒྱུ་ཡི་ཉེས་པ་ཡོད་མ་ཡིན། །ཞེས་ཀྱང་བཤད་དོ། །”[༩]ཞེས་བྱུང་བ་ལྟ་བུའོ། །

ཡང་བྱེ་བྲག་པ་དག་གིས་བསམ་བློ་འདི་ལྟ་བུ་གཏོང་བར་བྱེད་དེ། ཇི་ལྟར་ཤིང་དང་རྟ་དང་བ་ལང་སོགས་རྫས་ཐ་དད་དང་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་བཞིན་དུ། ཤ་བ་དང་ཤུག་པ་དང་། ཙན་དན་སོགས་ཤིང་གི་ཁྱད་པར་རྣམས་ཀྱང་རྫས་ཐ་དད་དང་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ནི་མངོན་སུམ་གྱིས་གྲུབ་བོ། །འོན་ཀྱང་མ་འདྲེས་པར་མཚུངས་བཞིན་དུ་ཤ་བ་དང་རྟ་སོགས་ལ་ཤིང་ཞེས་པའི་སྒྲ་བློ་ཐུན་མོང་བ་མི་འཇུག་ཅིང་། ཤ་བ་དང་ཤུག་པ་སོགས་ཤིང་གི་དོན་བྱེད་པའི་ཁྱད་པར་རྣམས་ལ་ཤིང་ཞེས་པའི་སྒྲ་བློ་ཐུན་མོང་དུ་འཇུག་པ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དེས་ནི་ཤ་བ་དང་རྟ་སོགས་ལ་སྒྲ་བློ་དེ་ལྟ་བུ་ཐུན་མོང་དུ་འཇུག་པའི་རྒྱུ་མེད་པ་དང་། ཤ་བ་དང་ཤུག་པ་སོགས་ཤིང་གི་ཁྱད་པར་རྣམས་ལ་དེ་ལྟ་བུའི་སྒྲ་བློ་ཐུན་མོང་དུ་འཇུག་པའི་རྒྱུ་ཡོད་པར་ཤེས་ཐུབ་སྟེ། རྒྱུ་ཡོད་མེད་མཚུངས་ན་ཅིའི་ཕྱིར་འགའ་ཞིག་ལ་ཤིང་གི་སྒྲ་བློ་ཐུན་མོང་དུ་འཇུག་ལ་འགའ་ཞིག་ལ་མི་འཇུག་པར་འགྱུར་ཏེ་མི་འགྱུར་རོ། །འོ་ན་ཤ་ཤུག་སོགས་ལ་དེ་ལྟ་བུའི་སྒྲ་བློ་འཇུག་པའི་རྒྱུ་གང་ཞེ་ན།  དེ་ནི་ཤིང་ཉིད་ཅེས་པའི་སྤྱི་དེ་ཡིན་ནོ། །སྤྱི་དེ་ཤ་ཤུག་སོགས་ཤིང་གི་ཁྱད་པར་རྣམས་ལ་ཐུན་མོང་དུ་ཡོད་ཅིང་། རྟ་སོགས་ལ་མེད་པས་དེའི་ཕྱིར་སྔ་མ་ལ་ཤིང་གི་སྒྲ་བློ་ཐུན་མོང་དུ་འཇུག་ཅིང་། རྟ་སོགས་ལ་མི་འཇུག་པ་ཡིན་ཏེ། སྔ་མ་ལ་འཇུག་པའི་རྒྱུ་ཡོད་ཅིང་། ཕྱི་མ་དག་ལ་མེད་པས་སོ་ཞེས་འདོད་དེ་གྲགས་ཆེའོ། །

ཡང་སྔར་ལྷ་ས་ནས་ཐང་ཁ་དེ་མཐོང་ནས། ཕྱིས་ཨ་མདོ་ལྟ་བུ་ནས་དེའི་རིགས་རྒྱུན་ཡིན་པའི་ཐང་ཁ་དེ་མཐོང་སྐབས་སྔར་གྱི་དེ་འདིའོ་སྙམ་པའམ། ཡང་ན་འདི་ནི་སྔར་གྱི་ཐང་ཁ་དེའོ་སྙམ་པའི་ངོ་ཤེས་ཀྱི་བློ་སྐྱེ་ལ། སྔར་གྱི་ཐང་ཁ་དང་རྒྱུན་ཐ་དད་ཅིང་རིགས་མི་འདྲ་བའི་ཐང་ཁ་གཞན་མཐོང་སྐབས་ངོ་ཤེས་ཀྱི་བློ་དེ་ལྟ་བུ་མི་སྐྱེ་བར་མཐོང་། འོན་ཀྱང་ཕྱིས་ཨ་མདོ་ནས་མཐོང་བའི་ཐང་ཁ་དེ་སྔར་གྱི་ཐང་ཁའི་རྫས་རྒྱུན་ཕྱི་མ་ཙམ་ཡིན་གྱི། དེ་སྔར་གྱི་ཐང་ཁ་དེ་རང་ནི་མིན་ཏེ། དེའི་དུས་སུ་སྔར་གྱི་ཐང་ཁ་ནི་འགགས་ཟིན་ཅིང་། སྔར་གྱི་ཐང་ཁའི་དུས་སུ་ད་ལྟའི་ཐང་ཁ་དེ་མ་སྐྱེས་པས་སོ། །འོ་ན་ཅིའི་ཕྱིར་རྫས་ཐ་དད་དང་ཡུལ་དུས་རང་བཞིན་མ་འདྲེས་པར་མཚུངས་བཞིན་དུ་སྔར་གྱི་ལྷ་སའི་ཐང་ཁ་དང་དེའི་རྒྱུན་ཡིན་པའི་ཕྱིས་ཀྱི་ཨ་མདོའི་ཐང་ཁ་གཉིས་ལ་ངོ་ཤེས་ཀྱི་བློ་སྐྱེ་ལ། དེ་དང་རྒྱུན་ཐ་དད་པའི་རིགས་མི་འདྲ་བའི་ཐང་ཁ་གཞན་ལ་སྔར་གྱི་ལྷ་སའི་ཐང་ཁ་དེའོ་སྙམ་པའི་ངོ་ཤེས་ཀྱི་བློ་མི་སྐྱེ་བ་ཡིན་ཞེ་ན། དེ་ལྟ་བུའི་ཐང་ཁ་སྔ་ཕྱི་གཉིས་ལ་ངོ་ཤེས་ཀྱི་བློ་སྐྱེ་བའི་རྒྱུ་ཡོད་ཅིང་།  དེ་དང་རྒྱུན་ཐ་དད་པའི་ཐང་ཁ་གཉིས་ལ་རྒྱུ་དེ་ལྟ་བུ་མེད་པས་ཡིན་པར་འདོད་ཅིང་།  རྒྱུ་དེ་ལ་ཐང་ཁ་སྔ་ཕྱི་དེ་གཉིས་ལ་ཁྱབ་པ། རང་ཡིན་རྫས་ཐ་དད་པ་དུ་མའི་ཆ་མེད་ཡིན་པའི་སྤྱི་རྟག་དངོས་ཤིག་འཇོག་པར་བྱེད་དོ། །དེ་ལྟར་ཡང《རྣམ་འགྲེལ་རང་འགྲེལ》ལས།“དེ་ལྟ་ན་ནི་འོ་ན་རྗེས་སུ་འགྲོ་བ་འགའ་ཡང་མེད་པའི་ཕྱིར། རང་བཞིན་གྱིས་ཐ་དད་པའི་དོན་རྣམས་ལ་དེ་ཉིད་འདི་ཡིན་ནོ། །ཞེས་ངོ་ཤེས་པར་ཡང་མི་འགྱུར་རོ་ཞེ་ན།”[༡༠]ཞེས་ཕྱོགས་སྔ་མའི་འདོད་པ་འཁོད་པ་ལྟ་བུའོ། །

དེ་བཞིན་ཤ་ཤུག་སོགས་ཤིང་གི་ཁྱད་པར་རྣམས་ནང་ཕན་ཚུན་རྫས་ཐ་དད་ཀྱང་མེ་དང་ཤིང་གི་ཁྱིམ་ལ་སོགས་པ་སྐྱེད་པའི་དོན་བྱེད་ལ། རྫས་ཐ་དད་པ་དེར་ཁྱད་པར་མེད་ཀྱང་རྡོ་ལ་སོགས་པ་འགའ་ལྷན་དུ་ཚོགས་ན་ཡང་ཤིང་གི་དོན་མི་བྱེད་པ་ནི། ཤ་ཤུག་སོགས་ལ་ཐུན་མོང་དུ་འབྲས་བུ་དེ་ལྟ་བུ་སྐྱེད་པའི་ངོ་བོར་ངེས་པའི་སྤྱི་ཞིག་ཡོད་པས་ཡིན་པ་དང་། རྡོ་ལ་སོགས་པ་ལ་དེ་མེད་པས་ཡིན་པར་འདོད་དོ། །དེ་ལྟར་ཡང《རྣམ་འགྲེལ་རང་འགྲེལ》ལས། “ཡང་ཇི་ལྟར་ན་གང་གིས་ན་དེ་མ་ཡིན་པ་དག་ལས་ལོག་པའི་ཕྱིར་ཐ་མི་དད་པ་ཞེས་བརྗོད་པ། ཐ་དད་པ་རྣམས་ཀྱི་འབྲས་བུ་ཐ་མི་དད་པ་ཡིན་ཞེ་ན།”[༡༡]ཞེས་སོགས་ཀྱིས་ཕྱོགས་སྔ་མའི་འདོད་པ་བཀོད་ནས་རྒྱས་པ་བཀག་པ་ལྟ་བུའོ། །

ཞར་དུ་ལུགས་དེའི་བྱེ་བྲག་གི་དོན་ཡང་བཤད་པར་བྱ་སྟེ།《ཚད་ཆེན》སོགས་སུ་ཉི་ཚེ་བའི་སྤྱི་དེ་ཉིད་བྱེ་བྲག་ཀྱང་ཡིན་པ་དང་དེའི་རྒྱུ་མཚན་དུ“རང་གི་རྟེན་རིགས་མི་མཐུན་པ་དག་ལས་ལྡོག་པའི་ཤེས་པའི་རྒྱུ་ཉིད་ཀྱིས་ཁྱད་པར་དུ་བྱེད་པའི་ཕྱིར།”[༡༢]ཞེས་གསུངས་ཏེ། བ་ལང་ཉིད་ལྟ་བུར་མཚོན་ན་དེས་རང་གི་རྟེན་དཀར་ཟལ་སོགས་ས་དང་ཆུ་དང་རྡོ་སོགས་བ་ལང་གི་རིགས་མི་མཐུན་པ་ལས་ལྡོག་སྟེ། ས་ཆུ་སོགས་མ་ཡིན་པའོ་སྙམ་དུ་དེ་དག་ལས་ཁྱད་པར་དུ་བྱེད་པའི་ཤེས་པ་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་བྱེ་བྲག་ཅེས་བྱའོ། །དེས་ན་སྤྱི་དང་བྱེ་བྲག་གཉི་ག་ཡིན་པ་ཡོད་དེ། ཉི་ཚེ་བའི་སྤྱི་ཡིན་ན་བྱེ་བྲག་ཡིན་པས་ཁྱབ་པས་སོ། །སྤྱི་ཁོ་ན་ཡིན་པ་ཡང་ཡོད་དེ། ཁྱབ་པའི་སྤྱིའོ། །བྱེ་བྲག་ཁོ་ན་ཡིན་པ་ཡང་ཡོད་དེ། མཐའི་རྫས་ལ་འཇུག་པའི་བྱེ་བྲག་གོ །འོ་ན་མཐའི་རྫས་ལ་འཇུག་པའི་བྱེ་བྲག་ཅེས་པ་གང་ལ་བྱ་ཞེ་ན། རྡུལ་ཕྲ་རབ་དང་ནམ་མཁའ་དང་ཕྱོགས་དང་དུས་དང་གྲོལ་བའི་བདག་དང་གྲོལ་བའི་ཡིད་དེ་རྫས་དྲུག་པོ་དེ་ལ་འཇུག་པའི་བྱེ་བྲག་ལ་བྱ་བ་ཡིན། དེ་ལ་མཐའི་བྱེ་བྲག་ཅེས་བརྗོད་པ་ནི། རྫས་དྲུག་པོ་དེ་ལ་མཐའ་ཞེས་བྱ་སྟེ། སྔ་མ་བཞི་ནི་འགྲོ་བ་འཇིག་པ་དང་རྩོམ་པའི་མཐར་གྱུར་པའི་ཕྱིར་དང་། གྲོལ་བའི་བདག་ཡིད་གཉིས་ནི་འཁོར་བའི་མཐར་གྱུར་པའི་ཕྱིར་ཞེས་གསུངས་སོ། །སྔ་མ་བཞི་འགྲོ་བ་འཇིག་པ་དང་རྩོམ་པའི་མཐར་གྱུར་ཚུལ་ནི། འགྲོ་བ་འཇིག་ན་ཡང་སྔ་མ་བཞི་གནས་ཤིང་། རྩོམ་ན་ཡང་དེ་དག་ལས་བརྩམས་པས་ཡིན་ནམ་སྙམ་སྟེ་དཔྱད།  གྲོལ་བའི་བདག་ཡིད་ཅེས་པ་ནི་སྡུག་བསྔལ་ལས་གྲོལ་བའི་བདག་ཡིད་དེ་དེ་གཉིས་ནི་འཁོར་བའི་མཐར་གྱུར་ཚུལ་ཤེས་པར་སླ།  དེས་ན་དྲུག་པོ་དེ་ལ་མཐའ་ཞེས་བྱ་ཞིང་དེ་ལ་ཡོད་པའི་བྱེ་བྲག་ལ་ཡང་མཐའ་ཞེས་བྱ་བ་དང་། དེའི་རྒྱུ་མཚན་དུ་དེ་དག་ལ་གསལ་བར་མི་དམིགས་པའི་ཕྱིར་རོ་ཞེས་གསུངས་སོ། །བྱེ་བྲག་ཅེས་པ་ནི་རང་གི་རྟེན་དེ་རྟེན་གཞན་ལས་ཁྱད་པར་དུ་བྱེད་པའི་རྒྱུ་ཡིན་པས་དེ་སྐད་བྱའོ། །དེས་ན་མཐའ་ཡང་ཡིན་ལ་བྱེ་བྲག་ཀྱང་ཡིན་པས་མཐའི་བྱེ་བྲག་གམ་ཡང་ན་མཐའི་རྫས་ལ་འཇུག་པ་ཡང་ཡིན་བྱེ་བྲག་ཀྱང་ཡིན་པས་མཐའི་རྫས་ལ་འཇུག་པའི་བྱེ་བྲག་ཅེས་བྱའོ། །དེ་ལྟར་ཡང《དཀའ་འགྲེལ》ལས། “བྱེ་བྲག་གཞན་གྱི་མཚན་ཉིད་བཤད་པ། བྱེ་བྲག་དག་ཀྱང་ཁ་ཅིག་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཁ་ཅིག་ནི་བྱེ་བྲག་ཁོ་ནར་འདོད་ཀྱི་སྤྱི་ནི་མ་ཡིན་ཏེ། ལྡོག་པ་ཉིད་ཡིན་པས་ལྡོག་སྟེ། ལྡོག་པའི་ཤེས་པ་ཉིད་ཀྱི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་དག་གང་ཞེ་ན། རྟག་པའི་རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་ཡང་རྟག་པའི་རྫས་ལ་འཇུག་པའི་མཐའ་ནི་བྱེ་བྲག་གོ་ཞེས་བཤད་དོ། །རྟག་པའི་རྫས་ལ་འཇུག་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང་ནམ་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ལ་འཇུག་པའི་ཕྱིར་རོ། །འགྲོ་བ་འཇིག་པ་དང་རྩོམ་པའི་མཐར་གྱུར་པའི་ཕྱིར་དང་། གྲོལ་བའི་བདག་དང་གྲོལ་བའི་ཡིད་ནི་འཁོར་བའི་མཐར་གྱུར་པའི་ཕྱིར་མཐའ་ཉིད་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ཡོད་པ་ནི་མཐའ་ཞེས་བྱ་བ་སྟེ། དེ་དག་ལ་གསལ་བར་མི་དམིགས་པའི་ཕྱིར་རོ། །འཇུག་པ་ནི་འདི་དག་རྡུལ་ཕྲ་རབ་ལ་སོགས་པ་རྟག་པའི་རྫས་ལ་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟག་པའི་རྫས་ལ་འཇུག་པ་དང་། མཐའ་ཞེས་བྱ་བ་གཉི་ག་གཟུང་ངོ་། །དེ་དག་ཀྱང་ཕན་ཚུན་དུ་ཐ་དད་པའི་བློའི་རྒྱུ་ཉིད་ཡིན་པའི་ཕྱིར་རང་གི་རྟེན་གཞན་ལས་ཁྱད་པར་བྱེད་པས་བྱེ་བྲག་ཅེས་བྱའོ། །”[༡༣]ཞེས་སོ། །

ལྔ་བ། སྤྱི་དེའི་ཁྱད་པར་གྱི་ཆོས་འགའ་བྱེ་བྲག་ཏུ་བཤད་པ།

དེ་ལྟར་ཤེས་རྗེས་འོག་ཏུ་སྤྱི་ཡི་ཁྱད་ཆོས་གཙོ་བོ་བཞི་ལས་ཕྱི་མ་གསུམ་གྱི་བློ་རྩེ་གཏད་ས་ཇི་ལྟ་བུ་ཡིན་མིན་མདོར་ཙམ་འབྲི་བར་བྱའོ།

༡ སྤྱི་གསལ་རྫས་ཐ་དད་དུ་ཁས་ལེན་པའི་རྒྱུ་མཚན།

《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ》ལས། “བྱེ་བྲག་པ་ལ་སོགས་པ་ནི་སྐྱེ་བ་དང་ལྡན་པ་ཐམས་ཅད་ལ་འབྲེལ་པ་ལ་སོགས་པ་ཁྱད་པར་སྒྲ་རྣམས་འཇུག་པའི་རྒྱུ་མཚན་ཐ་དད་པ་ཁོ་ན་ཡོད་པར་ཉེ་བར་རྟོག་ཅིང༌། སྒྲ་ཙམ་ཐ་དད་པའི་སྒོ་ནས་དོན་ཐ་དད་པར་རྟོགས་ཏེ།” [༡༤]ཞེས་བྱུང་བ་ལྟར། བྱེ་བྲག་པ་དག་གིས་ལྡན་པ་དང་རྣམ་པར་དབྱེ་བ་སོགས་ཡོན་ཏན་དང་། འདུ་བ་དང་། བྱེ་བྲག་དང་། ཡན་ལག་ཅན་སོགས་གང་འཇོག་ཀྱང་གཞན་ཞིག་ལ་བཏགས་པ་ཙམ་དུ་མི་འཇོག་པར། རྫས་ཡོད་ཀྱི་དངོས་པོ་རང་རྐྱ་བ་རེ་རེ་འཇོག་པར་བྱེད་དོ། །དཔེར་ན་བར་མེད་པ་ལྟ་བུར་མཚོན་ན་དེ་ནི་གཟུགས་ཅན་གཉིས་ཡུལ་འདབ་སྦྱར་ལ་གནས་པ་ལ་བཏགས་པ་ཙམ་མ་ཡིན་པར། གཟུགས་ཅན་དེ་གཉིས་འདབ་སྦྱར་དུ་གནས་པ་ལས་བར་མེད་པ་ཞེས་པ་གང་འདབ་སྦྱར་དུ་གནས་རྒྱུའི་གཟུགས་ཅན་གཉིས་པོ་དེ་ལས་རྫས་ལོགས་སུ་ཡོད་པ་ཞིག་སྐྱེ་བར་འདོད་ཅིང་། དེ་ཉིད་བར་མེད་པའོ་སྙམ་པའི་ཤེས་པ་དང་བར་མེད་པའི་སྒྲ་འཇུག་པའི་རྒྱུ་རུ་འདོད་པ་ལྟ་བུའོ། །དེ་བཞིན་བུམ་པ་ཉིད་ཅེས་པའི་སྤྱི་ལྟ་བུ་དེ་བུམ་པའི་གསལ་བ་རྣམས་ལ་བཏགས་པ་ཙམ་དུ་མི་འདོད་པར་དེ་གསེར་བུམ་དང་ཟངས་བུམ་སོགས་ལས་རྫས་ལོགས་སུ་ཡོད་པར་འདོད་ཅིང་། དེའི་རྒྱུ་མཚན་ཡང་འདི་ལྟ་བུ་སྨྲ་བར་བྱེད་དེ། བུམ་པ་ཉིད་ཅེས་པའི་སྤྱི་དེ་བུམ་གསལ་རྣམས་ལས་རྫས་ཐ་དད་དེ། དེ་བུམ་གསལ་རྣམས་ཀྱི་ཤེས་བརྗོད་དང་མི་འདྲ་བའི་བུམ་པའི་ཡུལ་ཅན་གྱི་ཤེས་བརྗོད་གཞན་གྱི་ཡུལ་ཡིན་པའི་ཕྱིར། དཔེར་ན།  བེའུ་དང་བཅས་པའི་བ་ལང་ཞེས་པའི་ཤེས་བརྗོད་དེ་བ་ལང་གི་ཤེས་བརྗོད་དང་མི་འདྲ་བའི་ཤེས་བརྗོད་གཞན་ཡིན་པས། དེ་ནི་བ་ལང་ཙམ་རྒྱུར་བྱས་ནས་སྐྱེ་བ་མ་ཡིན་པར། དེ་ལས་དོན་གཞན་པའི་བེའུ་དང་བཅས་པ་ལ་ལྟོས་པ་བཞིན་ནོ་ཞེས་དང་། ནག་པའི་རྟ་ཞེས་པས་ནག་པ་ལས་དེའི་རྟ་ངོ་བོ་ཐ་དད་དུ་བསྟན་པ་ལྟར། བ་ལང་གི་བ་ལང་ཉིད་ཅེས་པའི་སྒྲས་ཀྱང་བ་ལང་ལས་བ་ལང་ཉིད་ངོ་བོ་ཐ་དད་དུ་བསྟན་ཅིང་། དེའི་ཕྱིར་དེ་གཉིས་ངོ་བོ་ཐ་དད་དོ་ཞེས་སོགས་ཟེར་ཏེ། དེའི་སྐོར་གོང་དུ་བྲིས་ཟིན་ཏོ། །

ཡང་བྱེ་བྲག་པ་དག་གིས་བུམ་པ་ཉིད་ཅེས་པའི་སྤྱི་དེའི་ཆ་ཤས་སུ་གསེར་བུམ་ལ་ཡོད་པའི་བུམ་པ་ཉིད་ཅེས་པའི་སྤྱི་རྟག་དངོས་གཅིག་དང་། རྫ་བུམ་ལ་ཡོད་པའི་དེ་འདྲའི་སྤྱི་རྟག་དངོས་ཏེ་རྫས་ཐ་དད་པ་གཉིས་སུ་མེད་པར་སྤྱི་རྟག་དངོས་གཅིག་རང་བུམ་གསལ་ཐམས་ཅད་ལ་ཁྱབ་པར་འདོད་དོ། །དེས་ན་བུམ་པ་ཉིད་ཅེས་པའི་སྤྱི་གཅིག་ཉིད་གསེར་བུམ་དང་ངོ་བོ་གཅིག་ཅིང་། དེ་རྫ་བུམ་ལ་རྗེས་སུ་སོང་ན་གསེར་བུམ་ཡང་དེ་ལྟར་རྗེས་སུ་འགྲོ་བ་དང་། གསེར་བུམ་དེ་རྫ་བུམ་ལ་རྗེས་སུ་མི་འགྲོ་ན་དེའི་སྤྱི་དེ་ཡང་རྗེས་སུ་མི་འགྲོ་བར་འགྱུར་བ་ཡིན་ནོ། །འོན་ཀྱང་གསེར་བུམ་དང་རྫ་བུམ་ལྟ་བུ་གསལ་བའི་ཁྱད་པར་དག་ཕན་ཚུན་ཡུལ་དུས་རང་བཞིན་མ་འདྲེས་པ་ཙམ་ཡང་བྱེ་བྲག་པའི་སློབ་དཔོན་དག་གིས་ཁས་ལེན་པ་ཡིན་ནོ། །དེ་ལྟ་བུ་སྤྱི་གསལ་ངོ་བོ་གཅིག་ཏུ་འདོད་པ་ལ་གནོད་བྱེད་བསྟན་པ་དག་ལས་གཡོལ་ཕྱིར་ཡང་སྤྱི་གསལ་བ་ལས་ངོ་བོ་གཞན་དུ་ཁས་བླངས་སོ། །

༢ སྤྱི་ཆ་མེད་དུ་ཁས་ལེན་པའི་རྒྱུ་མཚན།

འདིའི་ཆ་མེད་ནི་ཕྱོགས་ཀྱི་ཆ་མེད་དང་དུས་ཀྱི་ཆ་མེད་ལྟ་བུ་ལ་གོ་བར་མི་བྱ་བར། རང་ཡིན་རྫས་ཐ་དད་པ་དུ་མའི་ཆ་མེད་པ་ལ་བྱ། དེ་ཡང་གསལ་བའི་ཁྱད་པར་དག་ནི་རྫས་ཐ་དད་ཅིང་། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ལ། ཅིའི་ཕྱིར་འགའ་ཞིག་ཁོ་ན་ལ་བུམ་པ་ཞེས་པའི་ཐུན་མོང་གི་སྒྲ་བློ་འཇུག་པར་དོགས་པ་ལ། དེའི་ལན་དུ་བྱེ་བྲག་པ་དག་གིས། དེ་ནི་འགའ་ཞིག་ཁོ་ན་ལ་བུམ་པ་ཞེས་པའི་ཐུན་མོང་གི་སྒྲ་བློ་འཇུག་པའི་རྒྱུར་གྱུར་པའི་སྤྱི་གཞན་ཡོད་པས་སོ། །གལ་ཏེ་སྤྱི་དེ་འདྲ་ཞིག་མེད་ན།  ཀ་བ་དང་བུམ་པ་གཉིས་ལ་བུམ་པ་ཞེས་པའི་ཐུན་མོང་གི་སྒྲ་བློ་མི་འཇུག་པ་ལྟར། བུམ་པའི་ཁྱད་པར་དག་ལ་ཡང་མི་འཇུག་སྟེ། སྔ་མ་གཉིས་བཞིན་དུ་ཕྱི་མ་དག་ཀྱང་ཕན་ཚུན་མ་འདྲེས་པར་གནས་ཤིང་། ཐུན་མོང་གི་ཆོས་མེད་པས་སོ། ཞེས་སུ་སྨྲའོ། །

དེས་ན་སྤྱི་གཞན་མེད་ན་བུམ་པའི་གསལ་བ་གཉིས་ལ་ཐུན་མོང་གི་སྒྲ་བློ་མི་འཇུག་པ་ནི།《རྣམ་འགྲེལ་རང་འགྲེལ》ལས། “ཅི་སྟེ་ཐ་དད་ཉིད་ནི་དེ་དག་ལ་གཅིག་གི་རྣམ་པར་ཤེས་པ་མི་བསྐྱེད་པ་ཉིད་ཀྱི་རྒྱུ་ཡིན་པར་བརྗོད་དོ། །”[༡༥]ཞེས་པ་ལྟར།  དེ་གཉིས་ཕན་ཚུན་མ་འདྲེས་ཤིང་རྫས་ཐ་དད་དུ་ཡོད་པས་ཡིན་ནོ། །གལ་ཏེ་གསེར་བུམ་གྱི་སྤྱི་དང་རྫ་བུམ་གྱི་སྤྱི་གཉིས་ཀྱང་གསལ་བའི་ཁྱད་པར་གཉིས་ལྟར་ཕན་ཚུན་རྫས་ཐ་དད་དུ་ཡོད་པ་ཡིན་ན་དེའི་དབང་གིས་ཀྱང་ཐུན་མོང་གི་སྒྲ་བློ་མི་འཇུག་པར་འགྱུར་ཏེ། དེ་གཉིས་ཀྱང་རྫས་ཐ་དད་དང་། མ་འདྲེས་པར་གནས་པས་སོ། །གལ་ཏེ་དེ་གཉིས་རྫས་ཐ་དད་ཀྱང་དེ་གཉིས་ལ་ཐུན་མོང་དུ་སྤྱི་གཞན་ཞིག་འཇོག་ན། དེ་ཡང་རྫས་ཐ་དད་དུ་ཡོད་མེད་ཀྱི་དཔྱད་པ་འཇུག་ཅིང་། ཡོད་ན་སྔར་གྱི་རིགས་པས་གནོད་ལ། མེད་ན་སྔར་གྱི་སྤྱི་གཉིས་རྫས་གཅིག་ཏུ་ཁས་བླངས་པས་ཆོག་གི་སྤྱི་གཞན་འཇོག་དོན་མེད་ཅིང་། བྱེ་བྲག་པའི་སློབ་དཔོན་དག་གིས་ཀྱང་སྤྱི་དུ་མ་ལ་རྗེས་སུ་འགྲོ་བའི་སྤྱི་གཞན་མི་འདོད་དོ། །དེའི་ཕྱིར་ཁོང་ཚོས་གསེར་བུམ་ལ་ཡོད་པའི་བུམ་པ་ཉིད་ཅེས་པའི་སྤྱི་དང་། རྫ་བུམ་ལ་ཡོད་པའི་བུམ་པ་ཉིད་ཅེས་པའི་སྤྱི་གཉིས་རྫས་གཅིག་ཏུ་འདོད་པ་ཡིན་ནོ། །དེའི་སྐོར《ཚད་ཆེན་དཀའ་འགྲེལ》ལས་ཀྱང་གསུངས་ཏེ། དེ་ཉིད་ལས། “འཚེད་པ་པོ་ལ་སོགས་པ་དག་ལ་ལས་ཀྱིས་རྒྱུ་མཚན་ཅན་གྱི་བློ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། ལས་དེ་ཡང་གསལ་བ་རེ་རེ་ལ་གསལ་བ་བཞིན་དུ་ཐ་དད་པ་ཁས་བླངས་པའི་ཕྱིར་རོ། །ཐ་དད་པ་དག་ལ་རྗེས་སུ་འགྲོ་བ་མེད་པར་རྗེས་སུ་འགྲོ་བའི་ཤེས་པ་མི་འཐད་པའི་ཕྱིར། ཁྱེད་ཅག་གིས་གསལ་བ་ཐམས་ཅད་ལ་རྗེས་སུ་ཞུགས་པའི་སྤྱི་བརྟགས་པ་ཡིན་ནོ། །གལ་ཏེ་ལས་རྗེས་སུ་འགྲོ་བས་སྟོང་ཡང་ཐ་མི་དད་པའི་ཤེས་པ་དང་བརྗོད་པའི་རྒྱུར་འགྱུར་ན། དེའི་ཚེ་གང་གིས་དེ་དག་ཡོངས་སུ་སྤངས་ནས་སྤྱི་དེའི་རྒྱུ་ཉིད་དུ་རྟོག་པར་བྱེད་པ་གསལ་བ་དག་ལ་ཅི་ཞིག་གསུང༌།”[༡༦]ཞེས་འབྲས་འཚེད་པའི་སྐྱེས་བུ་དུ་མ་ལ་འཚེད་པ་པོ་ཞེས་པའི་ཐུན་མོང་གི་སྒྲ་བློ་འཇུག་ལ། དེ་ལྟ་བུ་སྒྲ་བློ་འཇུག་པའི་རྒྱུ་གང་ཞེས་སངས་རྒྱས་པས་བྱེ་བྲག་པ་ལ་དྲིས་པ་ལ། ཕྱོགས་སྔ་མས། འབྲས་འཚེད་པའི་ལས་ཡིན་ནོ་ཞེས་སྨྲས་སོ། །དེ་ལ་སློབ་དཔོན་གྱིས་མི་རིགས་ཏེ། ལས་དེ་ཡང་གསལ་བ་རེ་རེ་ལ་གསལ་བ་བཞིན་དུ་རྫས་ཐ་དད་པར་འདོད་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་བཤད་སྐབས། དེ་ཡང་བྱེ་བྲག་པ་ཁྱེད་ཅག་གིས་དུ་མ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་དངོས་པོ་ཞིག་མེད་ན་དུ་མ་ལ་ཐུན་མོང་གི་སྒྲ་བློ་མི་སྐྱེ་བར་བསམས་ནས་དུ་མ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་སྤྱི་ཁས་བླངས་པ་ཡིན་ལ། གལ་ཏེ་འཚེད་པའི་ལས་རྣམས་རྫས་ཐ་དད་ཀྱང་དེས་དུ་མ་ལ་ཐུན་མོང་གི་སྒྲ་བློ་འཇུག་པའི་རྒྱུར་བྱེད་ན་ནི།  གསལ་བ་རྣམས་ཀྱང་ཕན་ཚུན་རྫས་ཐ་དད་ཅིང་ཐུན་མོང་གི་དངོས་པོ་མེད་ཀྱང་ཐུན་མོང་གི་སྒྲ་བློའི་རྒྱུར་མི་འགྱུར་བའི་རྒྱུ་མཚན་མེད་པས་སྒྲ་བློ་འཇུག་པའི་རྒྱུ་རུ་སྤྱི་དོན་གཞན་རྟོག་པ་དོན་མེད་པ་ཡིན་ནོ། །ཞེས་གསུངས་པར་མཛད་དེ། དེ་ལས་བྱེ་བྲག་པ་དག་གིས་གསལ་བ་རྣམས་ལ་ཐུན་མོང་གི་སྤྱི་མེད་ན་ཐུན་མོང་གི་སྒྲ་བློ་མི་འཇུག་པའི་རྒྱུ་མཚན་ནི། རྫས་ཐ་དད་ཁོ་ན་ཡིན་པ་ལ་ཐུག་པར་ཤེས་ཤིང་། དེས་ན་དཀར་ཟལ་ལ་ཡོད་པའི་བ་ལང་གི་སྤྱི་དང་ནག་སྒུར་ལ་ཡོད་པའི་བ་ལང་གི་སྤྱི་རྣམས་རྫས་ཐ་དད་ཡིན་ན་སྤྱི་དེ་ཡོད་ཀྱང་ཐུན་མོང་གི་སྒྲ་བློ་མི་འཇུག་སྟེ། དེ་དག་གསལ་བ་བཞིན་དུ་རྫས་ཐ་དད་པའི་ཕྱིར་རོ་སྙམ་དུ་བསམས་ཏེ། རྫས་ཐ་དད་པ་དུ་མའི་ཆ་མེད་པར་ཁས་བླངས་པའོ། །

༣ སྤྱི་རྟག་དངོས་སུ་ཁས་ལེན་པའི་རྒྱུ་མཚན། 

སྤྱི་རྟག་པ་ཡིན་པའི་རྒྱུ་མཚན་བཤད་པའི་བྱེ་བྲག་པའི་གཞུང་གཞན་ཁོ་བོས་མ་མཐོང་ཡང་།《རྣམ་འགྲེལ་རང་འགྲེལ》ལས། “རྟག་པ(ཞིག་ལ)ནི་སྤྱིར་འདོད་དེ། (གཞན་དུ་ན།) མི་རྟག་པ་ཉིད་ནི(སོ་སོའི་རྒྱུ)གཞན་དང་གཞན་ལས་སྐྱེ་བའི་ཕྱིར་དང་། (རྒྱུ་གཞན་དང་གཞན་ལས་སྐྱེས་ན་ཕན་ཚུན་མ་འདྲེས་པའི)དུ་མ་ཉིད་ཀྱི་ཕྱིར་དང་། (དུ་མ་ཉིད་ཡིན་ན)ཁྱད་པར(གསལ་བ་རྣམས)བཞིན་དུ(སྤྱིའི)ཤེས་པ་གཅིག(འཇུག་པ)དང་མི་ལྡན་པའི་ཕྱིར་རོ། །”[༡༧]ཞེས་གསུངས་ཤིང་། འདིས་ཕྱོགས་སྔ་མའི་ལུགས་ཀྱི་སྤྱི་ནི་རྟག་པ་ཞིག་ལ་འཇོག་དགོས་པ་དང་། གལ་ཏེ་མི་རྟག་པ་ཞིག་ལ་བཞག་ན་མི་རྟག་པ་དག་ནི་རྒྱུ་སོ་སོ་ལས་སོ་སོར་སྐྱེས་པའི་ཕྱིར་རྫས་ཐ་དད་པར་འགྱུར་ཞིང་། རྫས་ཐ་དད་པ་ཡིན་ན་ཐུན་མོང་གི་ཤེས་པ་གཅིག་འཇུག་པའི་རྒྱུ་རུ་མི་འགྱུར་རོ་ཞེས་གསུངས་པར་སྣང་ངོ་། །

དེ་ཡང་བུམ་པ་ཉིད་ཅེས་པའི་སྤྱི་དེ་མི་རྟག་པ་ཡིན་ན། རེས་འགའ་བ་ཉིད་དུ་འགྱུར་ལ། རྟོག་བཏགས་ཙམ་མ་ཡིན་པར་ཡུལ་གྱི་སྟེང་དུ་ཡོད་པའི་དངོས་པོ་གང་ཞིག་རེས་འགའ་བ་ཡིན་ཚེ་དེ་ནི་རྒྱུ་ལ་ལྟོས་པ་ཡང་གདོན་མི་ཟ། རྒྱུ་ལ་ལྟོས་པ་དག་ནི་རྒྱུ་ཚང་ཞིང་གེགས་མེད་པ་ལས་རང་ཉིད་སྐྱེ་ཞིང་རེས་འགར་རྒྱུ་མ་ཚང་བ་ལས་མི་སྐྱེ་བ་ཡིན། སྤྱི་ཡང་མི་རྟག་ཅིང་རྒྱུ་ལ་ལྟོས་ན་རྒྱུ་ཚོགས་ཚང་བ་ལས་ཡུལ་དུས་རེས་འགར་སྐྱེ་ཞིང་རེས་མ་ཚང་བ་ལས་མི་སྐྱེ་བ་སོགས་སུ་འགྱུར། དེ་ལྟ་ན་རྒྱུ་མ་ཚང་བ་ལས་བུམ་པ་ཉིད་ཅེས་པའི་སྤྱི་མེད་པའི་ཡུལ་དུས་དེར་བུམ་པའི་གསལ་བ་དག་ལ་བུམ་པའི་སྒྲ་བློ་མི་འཇུག་པར་འགྱུར་ཏེ། དེ་ལྟར་འཇུག་པའི་རྒྱུ་དང་བྲལ་བས་སོ། །

གལ་ཏེ་གང་དུ་བུམ་གསལ་ཞིག་སྐྱེས་ན་བུམ་གསལ་དེའི་རྒྱུ་ཉིད་ལས་དེའི་བུམ་པ་ཉིད་ཅེས་པའི་སྤྱི་ཡང་སྐྱེའོ་སྙམ་ན། དེ་ལྟ་ན་མདུན་གྱི་བུམ་གསལ་གྱི་སྤྱི་དང་། ཡུལ་གཞན་གྱི་བུམ་གསལ་གྱི་སྤྱི་གཉིས་རྒྱུ་སོ་སོ་ལས་སྐྱེས་པར་འགྱུར་ཞིང་། དེ་བཞིན་ན་ནིང་གི་བུམ་གསལ་གྱི་སྤྱི་དང་ད་ལོའི་བུམ་གསལ་གྱི་སྤྱི་གཉིས་ཀྱང་རྒྱུ་རིམ་ཅན་ལས་རིམ་ཅན་དུ་གྲུབ་པར་འགྱུར་རོ། །དེས་ན་དེ་གཉིས་ངོ་བོ་གཅིག་ཏུ་མི་འགྱུར་ཏེ། རྒྱུ་སོ་སོ་ལས་སྐྱེས་པའི་ཕྱིར་དང་། རིམ་ཅན་དུ་གྲུབ་པའི་ཕྱིར་རོ། །སྤྱི་དེ་གཉིས་ངོ་བོ་ཐ་དད་ན་གོང་དུ་བཤད་པ་ལྟར། ཇི་ལྟར་བུམ་གསལ་རྣམས་རྫས་ཐ་དད་པ་ལྟར་བུམ་གསལ་རྣམས་ཀྱི་སྤྱི་ཡང་རྫས་ཐ་དད་པས་སྤྱི་དོན་གཞན་ཡོད་དུ་ཆུག་ཀྱང་དེས་ཐུན་མོང་གི་སྒྲ་བློ་འཇུག་པ་ལ་མི་ཕན་པར་འགྱུར་རོ། །གཞན་ཡང་། སྤྱི་མི་རྟག་པ་ཡིན་ན་དེ་ཞིག་པའི་དུས་ཀྱང་ཡོད་དགོས་ཤིང་། དེའི་ཚེ་གསལ་བ་རྣམས་ལ་ཐུན་མོང་གི་སྒྲ་བློ་མི་འཇུག་པར་ཐལ་བ་སོགས་ཀྱི་གནོད་པ་ལ་དགོངས་ནས་སྤྱི་ནི་སྔ་ཕྱིར་འགྱུར་བ་མེད་པའི་རྟག་པ་ཞིག་ཏུ་ཐག་བཅད་པར་སྙམ་མོ། །

སྤྱི་དངོས་པོ་རུ་ཅིའི་ཕྱིར་འདོད་པ་ཤེས་སླ་སྟེ། དངོས་པོ་ཞེས་པ་ནི་དོན་བྱེད་ནུས་པ་ཞིག་ལ་འདོད་ཅིང་། དོན་བྱེད་ནུས་པ་ཞེས་པ་ནི་འབྲས་བུ་གང་རུང་ཞིག་སྐྱེད་པའི་ནུས་པ་ཡོད་པ་ལ་བྱའོ། །དེས་ན་བ་ལང་གི་གསལ་བ་རྣམས་ལ་མཚོན་ན་དེ་དག་ཐུན་མོང་དུ་ཡོད་པའི་བ་ལང་ཉིད་ཅེས་པའི་སྤྱི་དེ་ནི་དེ་དག་ལ་ཐུན་མོང་དུ་བ་ལང་ངོ་སྙམ་པའི་ཤེས་པ་དང་། བ་ལང་ཞེས་བརྗོད་པའི་སྒྲ་གཅིག་འཇུག་པའི་རྒྱུ་རུ་འདོད་པས། དེའི་ཕྱིར་རང་འབྲས་སྒྲ་བློ་དེ་ལྟ་བུ་སྐྱེད་པའི་དོན་བྱེད་ནུས་པའི་ཕྱིར་དངོས་པོ་རུ་འདོད་པ་ཡིན་ནོ། །གཞན་དུ་སྤྱི་དེ་དངོས་མེད་ཡིན་ན་འབྲས་བུ་གང་ཡང་སྐྱེད་པའི་དོན་བྱེད་མི་ནུས་དགོས་པ་ལ། དེ་ལྟ་ན་བྱེ་བྲག་པ་རང་གི་ལུགས་ལ་སྤྱི་རྫས་གྲུབ་ཅིག་ཁས་བླངས་པའི་དགོས་པ་བོར་བར་འགྱུར་བ་ཡིན་ནོ། །

དྲུག་པ། མཇུག་བསྡུ་བ།

འདི་ནི་ཆོས་གྲགས་ཀྱི《རྣམ་འགྲེལ》རྩ་བ་དང《རང་འགྲེལ།《ཞི་འཚོ་ཡབ་སྲས་ཀྱིས་མཛད་པའི《ཚད་ཆེན》རྩ་འགྲེལ་སོགས་ལ་དཔེ་ཀློག་བྱས་པ་བརྒྱུད་བྱེ་བྲག་པའི་སྤྱི་འདོད་ཚུལ་སྤྱི་ཁོག་ཙམ་རང་གིས་ཇི་ལྟར་གོ་བ་བྲིས་པ་ལགས་ཤིང་། དེ་ལས་བྱེ་བྲག་པས་སྤྱི་ཚད་མ་གང་གིས་ཇི་ལྟར་རྟོགས་པར་འདོད་པ་དང་། སྤྱི་ནི་རྟག་དངོས་དང་ཆ་མེད་དང་གསལ་བ་ལས་ངོ་བོ་གཞན་དུ་འདོད་པ་སོགས་ཀྱི་བསམ་བློ་གཏད་ས་དང་། དེའི་ཁུངས་བཅས་རགས་ཙམ་ཞིག་ཤེས་ཐུབ་པའི་རེ་བ་འཆང་ཡོད།  གཞན་དུ་སངས་རྒྱས་པའི་མཁས་པ་དང་བྱེ་བྲག་པའི་མཁས་པ་དག་གིས་དགག་སྒྲུབ་ཇི་ལྟར་བྱས་པ་སོགས་རྒྱས་པར་ཤེས་འདོད་ཚེ།  《ཚད་ཆེན་གྱི་སྤྱི་ཡི་ཚིག་གི་དོན་བརྟག་པའི་ལེའུ》དང་དེའི《དཀའ་འགྲེལ《དང་།   《རྣམ་འགྲེལ་རང་འགྲེལ》སོགས་ལ་བལྟ་དགོས་པའི་སྐུལ་མ་བྱ་ཞིང་།  ད་དུང་སྐད་གཉིས་མཁྱེན་པའི་ལོ་ཙཱ་བ་དག་གིས་ཡིག་རིགས་གཞན་དུ་བཞུགས་པའི་བྱེ་བྲག་པའི་གཞུང་ལུགས་སོགས་སྔོན་གྱི་མུ་སྟེགས་པའི་གྲུབ་མཐའི་བསྟན་བཅོས་གང་ཡོད་བོད་ཡིག་ཏུ་བསྒྱུར་ནས། རང་རེའི་རིག་གཞུང་འདིའི་སྟོང་ཆ་བསྐང་བའི་རེ་བ་ཡང་ཞོར་དུ་ཞུའོ། །


ལུང་ཁུངས།

[༡] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ]  ཤོག་ངོས་0609

[༢] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ]  ཤོག་ངོས་0632

 [༣] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ]  ཤོག་ངོས་0580

[༤] ཞི་བ་འཚོ།《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ] ཤོག་ངོས་0053

[༥] ཞི་བ་འཚོ།《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ] ཤོག་ངོས་0054

[༦] ཞི་བ་འཚོ།《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ] ཤོག་ངོས་0054

[༧] ཞི་བ་འཚོ།《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ] ཤོག་ངོས་0054

[༨] ཞི་བ་འཚོ།《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ] ཤོག་ངོས་0054

[༩] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ]  ཤོག་ངོས་0604

[༡༠] ཆོས་ཀྱི་གྲགས་པ།《ཚད་མ་རྣམ་འགྲེལ་གྱི་རང་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཅེ] ཤོག་ངོས་0577

 [༡༡] ཆོས་ཀྱི་གྲགས་པ།《ཚད་མ་རྣམ་འགྲེལ་གྱི་རང་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཅེ] ཤོག་ངོས་0566

[༡༢] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ]  ཤོག་ངོས་0580

[༡༣] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ] ཤོག་ངོས་0580

[༡༤] ཀཱ་མ་ལ་ཤཱི་ལ།《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུད་པ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཝེ] ཤོག་ངོས་0192

[༡༥] ཆོས་ཀྱི་གྲགས་པ།《ཚད་མ་རྣམ་འགྲེལ་གྱི་རང་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཅེ] ཤོག་ངོས་0580

[༡༦] ཀཱ་མ་ལ་ཤཱི་ལ།《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཟེ]  ཤོག་ངོས་0529

[༡༧] ཆོས་ཀྱི་གྲགས་པ།《ཚད་མ་རྣམ་འགྲེལ་གྱི་རང་འགྲེལ།》 《སྡེ་དགེའི་བསྟན་འགྱུར》སྣེ་རིང་། སྡེ་ཚན་ཚད་མ། [ཅེ] ཤོག་ངོས་0599

ཡོང་ཁུངས། རྔ་བ་ཀིརྟི་དགོན་གྱི་༢༠༢༣་ལོའི《རིགས་ལམ》ལོ་དེབ།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4657