སངས་རྒྱས་མཉན་པས་གསུངས།

 

ང་རང་འདྲ་བོ་ཆགས་བཞག་ན། དཔེ་ཞིག་ཞུ་དགོས་ཀྱི་འདུག མང་ཚོགས་ལ་རྒྱུས་ཡོད་མ་རེད། སོ་སོ་འདྲ་བོ་ཆགས་བཞག་ན་སྐྱེ་ས་འདྲ་བོ་དེ། ལོ་རྒྱུས་མདོར་བསྡུས་ཞིག་ཞུ་དགོས་ཀྱི་འདུག ཞུ་དགོས་པའི་རྒྱུ་མཚན་དེ་གང་རེད་ཟེར་ན། སངས་རྒྱས་མཉན་པ་ཞེས་མིང་ཞིག་ཁུར་གནམ་ནས་མར་ཟག་ཡོང་བ་འདྲ་དགོངས་མཁན་ཡོད་འགྲོ། དེ་འདྲ་མ་རེད། ང་སྐྱེ་ས་དེ་འབྲུག་ལ་སྐྱེས་པ་རེད། འབྲུག་སྤ་གྲོ་སྟག་ཚང་ལ་སྐྱེས་པ་རེད། སྤ་གྲོ་སྟག་ཚང་མཁྱེན་གྱི་རེད།

སྐྱེས་ས་དེའི་རང་གི་སོ་སོ་ཕ་མ་སྤུན་དེ་ཚོ་ལ་བསམ་བློ་གཏང་ཡོང་དུས་ནང་མི་སྐྱོ་པོ་རེད། དཔལ་འབྱོར་མེད་མཁན་གྲས་རེད་མ་གཏོགས་དཔལ་འབྱོར་ཡོད་མཁན་གྲས་མ་རེད། མེད་པས་ཡར་བྲག་སྐམ་པོའི་ནང་བསྡད་བསྡད་པ་རེད། ཞིང་ཁ་ཡང་ཡོད་མ་རེད། གང་ཡང་ཡོད་མ་རེད། དེ་འདྲ་ཞིག་ལ་སྐྱེས་པ་རེད། ཡིན་ནའང་ང་རང་སངས་རྒྱས་མཉན་པ་ཞེས་པའི་སྐྱེ་མཐའ་ཡིན་བསམ་པ་དེ། བསམ་བློ་ནང་ལ་ཡོང་གི་མི་འདུག ད་ལྟའང་དཀའ་ལས་ཁག་པོ་འདུག ཡིནའང་རྒྱུ་མཚན་ཞིག་ལ་བརྟེན་ནས་མིང་བཏགས་པ་རེད་ཟེར། དེ་སྤྲེལ་ལད་བཤད་པ་མིན་དཱ། ཁྲམ་བཤད་པ་མིན། ཡིནའང་དགོས་པ་རྒྱུ་མཚན་ཞིག་ཡོད་ནས་སངས་རྒྱས་མཉན་པ་ཞེས་མིང་བཏགས་བཞག་མིན་འགྲོ། ལོ་རྒྱུས་དང་སོ་སོའི་ཉམས་མྱོང་ཐོག་བསམ་བློ་གཏང་ན་བླ་མ་གོང་མ་ཚོ། སྐུ་གོང་མ་ཚོའི་རྣམ་ཐར་འདུག་པ་དེ་ཚོ་ཀློག་ཡོང་དུས་དེའི་ཆ་ཤས་ཙམ་ཡང་མི་འདུག ཉིན་མཚན་ལྟོས་མེད་དུ་སྒོམ་རྒྱག་ཡ་འདྲ་བོ། ཉམས་ལེན་ཐོག་ལ་དག་སྣང་རེད། དེ་བཞིན་དུ་བྱམས་སྙིང་རྗེ་རེད། རྟོགས་ལྡན་བླ་མའི་ཉམས་ལེན་རེད། དེ་ཚོ་བསམ་བློ་གཏང་པ་ཡིན་ན་དེའི་ཆ་ཤས་ཕྲན་བུ་ཙམ་ཡང་ང་ལ་མི་འདུག དེ་མེད་ཡོང་དུས། ང་སངས་རྒྱས་མཉན་པ་ཡིན་བསམ་བསྡད་པ་ཡིན་ན་དེ་འགྲིག་གི་མི་འདུག ཡིནའང་མིང་ཞིག་བཏགས་ཚར་དུས། མིང་དེའི་ཐོག་ནས་ཞབས་འདྲེན་མ་འགྲོ་པ་ཞིག་དགོས་ཀྱི་ཡོད་རེད། དེ་མ་འགྲོ་བ་ཡ་རེད་བྱེད། དེ་ལ་བརྟེན་ཏེ་ཆུང་དུས་ལོ་གསུམ་ནས་ཕར་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་སངས་རྒྱས་མཉན་པའི་སྐྱེ་བ་རེད་ཟེར་མིང་བཏགས་མཛད་ནས་སྐྱབས་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཡིན་གཅིག་མིན་གཉིས་ཕར་རུམ་བཏེག་ལ་འགྲོ་དགོས་རེད་གསུངས་ནས་འབྲས་ལྗོངས་རུམ་བཏེག་ཀརྨ་པའི་གདན་ས་ལ་ཕར་སོང་། ལོ་དྲུག་ནས་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་དང་པོ་ང་ལ་ཀ་ཁ་བསླབས་གནང་པ་རེད། དང་པོ་ཀ་ཁ་བསླབ་མཁན་ཀརྨ་པ་རང་གིས་བསླབས་གནང་པ་ཡིན། བསོད་ནམས་ཆེན་པོ་ཡིན། སྐལ་བ་དང་ལྡན་པ་ཞིག་ཡིན། དེ་འདྲི་ཞིག་ནས་བྱས་ཡོང་དུས། འཇིག་རྟེན་ཐོག་ནས་བསམ་བློ་གཏང་པ་ཡིན་ན་ཀརྨ་པ་རིག་པའི་རྡོ་རྗེས་ང་ལ་སངས་རྒྱས་མཉན་པའི་ཐོབ་ཐང་རྩ་བ་ཉིད་ནས་གནང་ཡོད་མ་རེད། བསྡད་ས་ཡི་གྲྭ་ཤག་ལ་བསམ་བློ་བཏང་པ་ཡིན་ན་གྲྭ་ཤག་ཨང་རིམ་ཨང་འགུ་བདུན་པ་ནང་བསྡད་ཡོད། དེ་རེད། གྲྭ་པའི་གྲྭ་ཤག སྤྲུལ་སྐུའི་ཤག་མ་རེད། སྤྲུལ་སྐུའི་གཟིམས་ཆུང་མ་རེད། གྲྭ་པ་བསྡད་སའི་གྲྭ་ཤག་ཐབས་ཆག་རེད། ཆབ་ཁང་ནང་འགྲོ་དགོས་ན་སྐར་ལྔ་ལ་རྐང་པ་བཙུགས་ནས་འགྲོ་དགོས་རེད། གཅིན་པ་གཏོང་དུ་འགྲོ་བ་ལ་འོ་་་ད་དེ་ཁང་པ་དེ་མ་འགྲིག་ཡོང་དུས་ཨང་འགུ་བཅུ་པ་ལ་མར་སྤོས་པ་རེད། ཡང་བཅུ་པ་ནང་བསྡད་རེད། ཐབ་ཚང་ཟེར་ནའང་དེ་རེད། ཉིན་གུང་ཟ་སའང་ཟེར་ནའང་དེ་རེད། ཉལ་ས་ཟེར་ནའང་དེ་རེད། དེ་ན་ཉལ་འདུག་རེད། དེ་རེད། ང་ལ་སྐྱོང་མཁན་ལྟ་མཁན་དེ་ད་ལྟ་ང་མཉམ་དུ་ཡོད་བསྡད་པའི་བླ་རྒན་བསྟན་རྣམ་ཁོ་རང་རེད། དེ་ནས་ང་ཚོ་བླ་རྒན་གཅིག་ཡོད་རེད། དེ་ང་ལོ་བཅུ་གསུམ་ཚོད་ལ་ཁོང་གཤེགས་སོང་དགོངས་པ་རྫོགས་སོང་། ཁོང་གིས་ཀ་ཁ་དེ་ཚོ་བསླབས་ཡོད་རེད། འབྲུ་དེད་སྡོམ་དེད་དེ་ཚོ་བསླབས་ནས་པདྨ་བཀའ་ཐང་ཚར་བཅུ་གསུམ་སྦྱངས་མྱོང་། ཡིག་རྩལ་སྦྱང་ཟེར་དུས། ཆགས་མེད་རི་ཆོས་ཚར་བཅུ་བཞི་སྦྱངས་མྱོང་འབྲུ་དེད་སྡོམ་དེད་གཉིས་ཀ དཀའ་ལས་མང་པོ་སྤྱད་སྤྱད། དཀའ་བ་མང་པོ་སྤྱད་མྱོང་། འཚོ་བ་ནི་སོ་སོ་རེད། ད་ལྟ་ང་རང་བླ་རྒན་ཁོང་གིས་རྒྱབ་ལ་མདོ་རས་ཞིག་ཁུར་ནས་སྐུ་ཆེ་འབྲས་ཞིག་སྤྲད་རོགས་གྱིས་སྐུ་ཆེ་སྐུ་ཆེ་ཟེར་ནས་ག་ས་ག་ལ་སློང་མོ་བརྒྱབ་ནས་སོང་བསྡད་པ་རེད། འཚོ་བ་དཀའ་ལས་ཁག་པོ་ཡོད་རེད། ཕ་མ་སྐྱོ་པོ་རེད། འཚོ་བ་དཀའ་ལས་ཁག་པོ་རེད། དེ་ནས་བླ་རྒན་ལོ་བཅུ་གསུམ་ནང་གྲོངས་ནས། དེ་རྗེས་སུ་དེ་ནས་བླ་རྒན་བསྟན་རྣམ་ཁོ་རང་རང་གིས་དཀའ་བ་སྤྱད་ནས། སྐྱབས་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོ་ཞུ་མ་དགོས་པ་རེད། ཐུགས་བརྩེ་བ་ཆེན་པོ་ཡོད། དབང་ལུང་མན་ངག་ཅིག་ཡོད་ཚད་ནས་བཟུང་སྟེ། ཁྱོད་ཤོག་ཟེར་ནས་ལམ་སང་བཀའ་གཏང་ཡོང་བ་རེད། མི་གཏང་ཡོང་གི་རེད། དེ་ལ་བརྟེན་ནས་བཀའ་ཆོས་གདམས་ངག་མན་ངག་ཟབ་མོ་མང་པོ་ཞུ་རྒྱུའི་གོ་སྐབས་བྱུང་། དེ་ལྟར་མ་ཡིན་པ། ས་སྐྱའི་ཕྱོགས་ནས་བླ་མ་ཡིན་ནའང་རེད། རྙིང་མའི་བླ་མ་ཡིན་ནའང་རེད། རི་བོ་དགེ་ལུགས་ཕྱོགས་ཀྱི་བླ་མ་ཡིན་ནའང་རེད། དེ་ཚོ་མདུན་ནས་ཆོས་ཞུ་དགོས་རེད། གདམས་ངག་ཅིག་འདུག མན་ངག་ཅིག་འདུག ལུང་ཞིག་གནང་གི་འདུག དབང་ཞིག་གནང་གི་འདུག་ཟེར་ཚར་བའི་གཞུག་གུ་དེ་ལ་ཁོས་ང་ལག་པ་ནས་བཟུང་ནས་ཁྲིད་འགྲོ་ཡི་རེད། དབང་ཞུ་དགོས་རེད། མན་ངག་ཞུ་དགོས་རེད། གདམས་ངག་ཞུ་དགོས་རེད་ཟེར་ནས་མཚམས་མཚམས་ལ་བྱམས་པོ་བྱེད། མཚམས་མཚམས་ལ་འགྲམ་ལྕག་གཞུ། དེ་དཱ་ཞུ་དགོས་ཀྱི་རེད་བ། འོ་དེ་འདྲ་བྱས་ནས་འཇམ་རྩུབ་སྣ་ཚོགས་ཐོག་ནས་ཕར་ཚུར་ཁྲིད་ནས་བཀྲིན་ཆེན་པོ། ཁོ་རང་གིས་བཀའ་དྲིན་ལ་བརྟེན་ནས་དེ་འདྲ་བྱུང་བསྡད་པ་རེད། འཚོ་བ་ལ་དཀའ་ལས་ཁག་པོ་ཡོད་ཆུང་ཆུང་སྐབས་སུ། དཔལ་འབྱོར་ཡོད་མཁན་དེ་མིན་བླ་མ་སྤྲུལ་སྐུ་རུམ་བཏེག་ལ་མང་པོ་ཡོད། ཚང་མ་དཔལ་འབྱོར་ཡོད་མཁན་གྲས་རེད། ཞལ་ལག་ཡང་རྒྱལ་དབང་ཀརྨ་པས་ཡས་ནས་ཐོག་ཁ་ནས་རྩེ་ནས་མར་གནང་ཡོང་གི་རེད། བླ་བྲང་བྱས་ནས་ང་ཚོ་བླ་བྲང་ནས་གནང་ཡོང་པ་རེད། ང་སོ་སོའི་འཚོ་བ་རང་སྐྱོང་ཡིན། དེ་ནས་ཁོ་རང་གིས་དཀའ་ལས་བརྒྱབ། ཁོས་ཅ་ལག་སྒང་ཏོག་ནས་རྫུན་མ་དེ་ཚོ་ཚུར་ཉོ། དེ་ལ་གྲངས་ཀ་བཟོ། དབྱིན་ཇི་མགོ་སེར་པོ་ཅན་ཚོ་སླེབས་ཡོང་དུས་རྙིང་པ་རེད་ཟེར་རྫུན་བཤད་མགོ་སྐོར། བཙོང་བསྡད་རེད། བཙོང་བསྡད་དུས་དེའི་དཔེ་ཤག་དེ་ང་ཚོ་དཔེ་ཆ་ལྟ་དགོས་རེད། ཕར་ཚུར་འགྲོ་དུས་འཚོ་བ་ཐོག་ལ་དེ་འདྲ་དགོས་རེད། དབང་ལུང་མན་ངག་ཞུ་དགོས་དུས་འགྲོ་དགོས་རེད་བ་ཐག་རིང་པོ་ལ། དེ་འདྲ་ཞིག་དཀའ་ལས་བརྒྱབ། དེ་ནས་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་ཡིས་རུམ་བཏེག་དགོན་པ་ནང་ལ་ཡོད་བསྡད་པའི་མི་སུ་གཅིག་གིས་ཚོང་རྒྱག་མི་ཆོག་གསུངས། ཡིནའང་བླ་རྒན་བསྟན་རྣམ་ཁོ་ཚོང་རྒྱག་བཅུག་ཤོག་གསུངས་གནང་བ་གནང་རེད། ད་ལྟ་མི་ཚང་མས་ཧ་གོ་གོ་བ་རེད། རུམ་བཏེག་མི་ཚང་མ་ཤི་ཡོད་མ་རེད་གསལ་པོ་བསྡད་ཡོད་རེད་བ། མང་ཆེ་བ། དེ་ཡིན་དུས། བསྟན་རྣམ་གསུངས་མ་རེད། ཨ་ཀ་མ་གསུངས་རེད། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་སྡེ་དགེ་རེད་བ། འདན་མ་ཁོག་པ། དེ་ཡིན་དུས་ཨ་ཀ་མ་འདི་ལ་ཚོང་བརྒྱབ་བཅུག་ཤོག འདི་སྤྲུལ་སྐུ་དེ་ཡི་དོན་དག་ལ་རེད་འདུག ཚོང་རྒྱག་བཅུག་ཤོག་དེ་བཀག་མ་བཞོག་གསུངས་ནས་གནང་བ་གནང་རེད། ཁོང་ཚོང་བརྒྱབ་བསྡད་རེད། མས་ནས་མོ་གྲ་ལྡིར་རི་རི་ཟེར་ཡོང་དུས་ནས་ཁོས་ཅ་ལག་ཅིག་ཚུར་གཟན་འོག་བཅུག་རྒྱུག་འགྲོ་རེད། བརྒྱ་རེད་ཟེར། ཉིས་བརྒྱ་རེད་ཟེར། དེ་དུས་བརྒྱ་ཉིས་བརྒྱ། དེང་སང་འབུམ་ཀྱི་སྐད་ཆ་རེད། ཤུགས་ཡོད་རེད་བ། འོ་དེ་འདྲ་བྱས་ནས་བཙོང་བསྡད་རེད། བཙོང་ནས་དེའི་འབྲས་བུ་དེ། ཆོ་ག་ཕྱག་ལེན། རྒྱུད་སྡེ་མན་ངག་རེད། སོ་སོ་གྲྭ་བ་བཅོས་མ་འདྲ་བོ་ཞིག་བྱས་པའི་ཐོག་ནས་རྒྱུད་སྡེའི་བློ་ཕྱོགས་བཟུང་ཚང་མ་བཟུང་ནས་ལོ་བཅུ་བདུན་སྐབས་ཀརྨ་པ་རིག་པའི་རྡོ་རྗེ་ཞལ་བཞུགས་བསྡད་པའི་སྐབས་སུ་ང་ཚོ་ལ་ཆོ་ག་ཕྱག་ལེན་ཚར་རེད་ཟེར་ནས་དབུ་མཛད་བསྐོ་ཡ་ཡི་ལུགས་སྲོལ་ཞིག་ཡོད་རེད། དེ་ཉིན་དབུ་མཛད་བསྐོས་ནས་རིག་པའི་རྡོ་རྗེས་ཤམ་ཐབས་གཟན་དེ་ཚོ་གནང་། དེའི་ཉིན་མ་དེར་ཀརྨ་པ་རིག་པའི་རྡོ་རྗེའི་བླ་གཟའ་ལ་ཁེལ་བསྡད་ཡོད་རེད། གཟའ་ལྷག་པ། དེའི་ཉིན་མོ་ལྷ་ཁང་ཐོག་ཁ་ལ་གསེར་ཏོག་དེ་ཚོ་གྲས་བཙུགས་པའི་གོ་སྐབས་དང་བསྟུན་རྟེན་འབྲེལ་ཡག་པོ་བྱུང་ཐུགས་མཉེས་པའི་སྐལ་པ་བཟང་པོ་ཡིན། འཚོ་བའི་ཐོག་ལ་རིག་པའི་རྡོ་རྗེས་གང་ཡང་གནང་ཡོད་མ་རེད། ཁ་ལག་གནང་ཡོད་མ་རེད། བསྡད་ས་གནང་ཡོད་མ་རེད། འཇིག་རྟེན་ཐོག་ནས་བསམ་བློ་གཏང་ན་སྐྱིད་སྡུག་མང་དག་མྱོང་སྐྱོ་པོ་བྱས་ནས་བརྩིས་པ་རེད་བ། ད་ལྟ་བསམ་བློ་གཏང་ཡོང་དུས་འཛིན་སྐྱོང་དེ་ལས་ལྷག་པ་མེད་པ་ཞིག་རེད་འདུག གཞན་ལ་བསྡུར་ཡོང་དུས། གཟིམས་ཆུང་ཡོད་མཁན། ཞལ་ལག་རྩེ་ནས་གནང་མཁན་མང་པོ་ཞིག་ད་ལྟ་ག་བ་ཕེབས་ཡོད་མ་གོ་བ་མང་པོ་ཆགས་ཚར་འདུག ང་ཚོ་སྐྱོ་པོ་བྱས་ནས་མར་འོག་ལ་བསྡད་བསྡད་དུས་ད་ལྟ་ཡང་ཆོས་འདི་འདྲ་ཞིག་ཐོབ་རྒྱུ་གོ་སྐབས་ཡོད། བླ་མ་མང་པོ་ཞིག་ཞལ་མཇལ་རྒྱུ་ཡོད་པའི་གོ་སྐབས། གདམས་ངག་ཞུ་རྒྱུ་ཡོད་པའི་གོ་སྐབས་དེ་དེ་དུས་བྱུང་འདུག་མ་གཏོགས། གཟིམས་ཆུང་རྩེ་ལ་ཡོད་རེད་ཟེར་ཡ། ཞལ་ལག་ཐོག་ནས་གནོང་ཡོད་རེད་ཟེར་མཁན་དེ་ཚོའི་གྲས་ལ་ནི་དབང་ལུང་མང་པོ་ཐོབ་མི་འདུག་ཟེར་ནས་བཞུགས་བསྡད་མཁན་མང་པོ་འདུག དེ་ཚོ་ལ་བསྡུར་ཡོང་དུས་སྤོབས་པ་ཅུང་ཙམ་སྐྱེ་ཐུབ་པ་ཞིག འོ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་འཛིན་སྐྱོང་། གཟིགས་སྟངས་དེ་ཚོའི་གྲས་དེ་དགོས་པ་ཆེན་པོ་རེད་འདུག རྒྱུ་མཚན་ཆེན་པོ་རེད་འདུག བཀའ་དྲིན་དེ་ལས་ལྷག་པ་མི་འདུག་བསམ་ནས་ལྷག་པར་དུ་དད་པ་དང་མོས་གུས་སྐྱེ་ཡོང་གི་འདུག རྒྱལ་དབང་རིག་པའི་རྡོ་རྗེས་དཔེར་ན་ཐུགས་རྗེས་འཛིན་སྐྱོང་ཐད་ནས་བཀའ་དབང་ཞིག་གནང་ན་རེད། ཆོས་ཞིག་གསུང་ནའང་རེད། ལུང་ཞིག་ག་དུས་གནང་ནའང་དབང་གྲལ་དང་ཆོས་གྲལ་ལ་ཡར་འབོད། མཚམས་ལར། སྒེར་ལ་བཀའ་སློབ་མང་པོ་གནང་། ཆོས་མང་པོ་ཞུ་མྱོང་། དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན། དེ་འདྲའི་ཐོག་ནས་སོ་སོས་དཀའ་བ་སྤྱད་པ་དང་། དཀའ་བ་སྤྱད་བཅུག་པ་དེ་དོན་དག་ཆེན་པོ་འདུག དཀའ་བ་མ་སྤྱད་ན་སྐྱིད་སྡུག་ཧ་གོ་མ་རེད་བ། ཟ་རྒྱུ་ཡོད། འཐུང་རྒྱུ་ཡོད། ཁང་པ་སྐྱིད་པོ་ནང་ན་བསྡད་བསྡད་ན་ཆོས་ཐོབ་ཡོད་མ་རེད། དེ་གྱོང་རེད། བསྡད་ས་ཁང་པ་སྐྱིད་པོ་ཡོད་རེད། ཟ་རྒྱུ་བཟོ་མ་དགོས་པར་ཡས་ནས་མར་གནང་ཡོང་དུས་སྐྱིད་པོ་ཡོད་བ། ཡིན་ནའང་ཆོས་ཐོབ་པའི་གོ་སྐབས་བྱུང་ཡོད་མ་རེད། དབང་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་མ་རེད། བླ་མ་དགེ་བའི་བཤེས་གཉེན་མང་པོ་བསྟེན་རྒྱུ་ཞིག་གི་གོ་སྐབས་བྱུང་ཡོད་མ་རེེད། དེ་གོ་སྐབས་གནང་བའི་ཆེད་དུ་མར་ལ་བཅོས་མ་ཞིག་བྱས་ནས་བཞག་བཞག་པ་རེད་འདུག ཡིན་ནའང་ཕྱག་འགྱེད་དེ་རྒྱལ་བ་ཡབ་སྲས་དང་འདྲ་འདྲ་ཟ་ཡ་ཡོད། རེད་འདུག་བ། ལྔ་བཀལ། རྒྱལ་བ་ཡབ་སྲས་ལྔ་བཀལ། ང་ལ་ལྔ་བཀལ། ཚོགས་ཕུལ་ཡོང་དུས་མགོ་ལ་ཀར་རྒྱན་ཡོད་མེད་ཁྱེད་པར་ཡོད། ཀར་རྒྱན་ཟ་ལོ་མ་རེད་བ། ཁྱད་པར་མི་འདུག་བ། ཀར་རྒྱན་ཟ་བའི་ལུགས་ཡོད་མ་རེད་བ། ཚོགས་ཟ་དུས་ཀར་རྒྱན་ཕར་གཡུགས་གཞོག་རེད་མ་གཏོགས། ཀར་རྒྱན་ཟ་ཡི་མ་རེད། དར་ཁ་ནི་རྒྱལ་བ་ཡབ་སྲས་རྣམས་པ་ཚོ་ལ་འདི་ཡོད་རེད། ང་ཚོ་ལ་ཟོས་ཞི་ཟེར་ནས་ཇ་ཚགས་འདྲ་བའི་དར་ཁ་ཞིག་ཡོད་དར་ལེ། འོ་དེ་རེད། དེ་གྱོན་ནི་མི་ལོ་ཕན་ཐོག་གང་ཡོད་མ་རེད་བ། མི་མཇལ་ཁ་སླེབས་ཡོང་དུས་ཁ་བཏགས་གང་བཞག་ན་ཁྱད་པར་ཡོད་མ་རེད་བ། ལོ་རྒྱུ་འདི་རེད་དེ་ནས་གནང་བཞག་འདུག་བ། དེ་རེད། ཟ་མ་གནང་ན་འདྲ་མ་གནང་ན་ལས་སླ་པོ་རེད་བསྡད་ཡོད་རེད། ཡས་ནས་གནང་སོང་། ཡས་ནས་གནང་མ་སོང་། ཞིམ་པོ་འདུག ཞིམ་པོ་མི་བདུག བཤད་རྒྱུ་ལབ་རྒྱུ་མང་པོ་ཡོད་རེད། དེ་ཟག་པ་བསགས་མ་དགོས། ཉེས་པ་བསགས་མ་དགོས། རང་གི་ཚོགས་རང་གི་བསགས་ཀྱི་རེད། དགོས་ཡང་དགོས་ཀྱི་རེད་བ། དཀའ་བ་སྤྱད་དགོས་རེད། སྙིང་རུས་སྒྲུབ་དགོས་རེད། དེ་འདྲ་ཡིན་དུས་ད་ལྟ་བསམ་བློ་གཏང་ཡོང་དུས་དངོས་གནས་སངས་རྒྱས་འཁོར་ལོའི་མགོན་པོའི་སྐུ་དྲིན་བསམ་གྱི་ཁྱབ་པ་རེད་འདུག་བསམ་ནས་ལྷག་ཏུ་ཡིད་ཆིས་དང་དད་པ་མོས་གུས་སྐྱེ་བའི་རྐྱེན་ཞིག བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་།། ངོ་མཚར་མོས་པས་རྟག་ཏུ་མཆོད་བྱས་ཤིང་།། ཟེར་ཡོང་དུས་གཞི་ནས་ཧ་གོ་ཡི་འདུག དེ་འདྲ་ཞིག་དཀའ་ལས་བརྒྱབ་ཡོད་རེད། དེ་ཙམ་དུ་མ་ཟད་པའི་ད་ལྟ་བླ་མ་མང་པོ་ཞིག་མདུན་ནས་གདམས་ངག་ཞུས། དབང་ལུང་ཞུས་དེ་མཉམ་ཆུང་བྱས་ཏེ་བསྡད་བསྡད་པའི་བཀའ་དྲིན་རེད་འདུག འཚོ་བ་སྐྱོ་པ་ཡིན་པ། ནང་མི་སྐྱོ་པོ་ཡིན་པ། དེ་འདྲ་ལ་བརྟེན་པ་ཡིན་དུས་སེམས་ཤུགས་ཡོད་མ་རེད། སྤྲང་པོ་ཡིན་བསམ། ཆོས་ཞུ་པའི་སྐབས་སུ་བླ་མ་གཞན་པ་ཡིན་ན་དགེ་བའི་བཤེས་གཉེན་ནང་ན་ཡར་གདན་འདྲེན་ཞུ། དེ་རེད་བ། འོ་དགེ་རྒན་ཡར་གདན་ཤོག བླ་མ་ཚུར་གདན་ཤོག དེ་ནས་དབང་གསན་ལུང་གསན་པའི་སྐབས་སུ། བླ་མ་ས་ལ་བཞུགས། ཞུ་མཁན་ནང་ལ་བཞུགས་ཡ་གི་ལུགས་སྲོལ་ཞིག་ཡོད་རེད། འོ་དེ་ང་འདྲ་བྱེད་མ་དགོས་པ། འོ་ང་ག་ས་ག་ལ་འདི་ནས་ཧོ་ཁྲེ་ཟེར་གྱི་འདུག་བ། རྒྱ་གར་ནས་རི་ལི་ཟེར་རེད།. རི་ལི་ནང་སོང་པ་རེད། ཀྲིག་སའི་ནང་ལ་སོང་པ་རེད། རིག་ཤོ་ནང་ལ་འགྲོ་བ་རེད། དེ་ཚོ་དེའི་གྲས་དེ་བླ་རྒན་བསྟན་རྣམ་ཁོ་རང་གི་བཀའ་དྲིན་རེད། ཁོ་རང་གིས་སྔ་རྗེས་བར་གསུམ་ལ་སོ་སོ་ཡི་ད་ལྟ་སེམས་ལ་མིང་གི་ཐོག་ནས་ཐོབ་བསྡད་པ་འདྲ་བོ་མ་ཡིན་པ། དཀའ་ལས་བརྒྱབ། དེ་ནས་དབང་ལུང་མན་ངག དགེ་བའི་བཤེས་གཉེན་མང་པོ་ཞིག་མཇལ་རྒྱུ་ཡོད་པ་འདི་བླ་རྒན་ཁོ་རང་གི་བཀའ་དྲིན་རེད། ད་ལྟ་བླ་རྒན་བསྟན་རྣམ། དེའི་བཀའ་དྲིན་རེད། ཁོ་རང་ལ་ཤེས་ཡོན་གང་ཡང་ཡོད་མ་རེད། ཤེས་ཡོན་གང་ཡང་མེད་ནའང་ལྷག་བསམ་ཞིག་གི་ཐོག་ནས་དབང་དགོས་ཀྱི་རེད། ལུང་དགོས་ཀྱི་རེད། བླ་མ་ཞིག་གི་མིང་ཞིག་ཁུར་ནས་ཟ་ཆོག་སྐོར་གསུམ་ལ་འགྲོ་བསྡད་ན་ཡག་པོ་ཡོད་མ་རེད་ཟེར་ནས་རྟག་པར་ང་ལ་ལབ་མྱོང་། ད་ལྟ་འང་ང་ལ་ཁར་རྩང་ཆོས་མ་བཤད་གོང་དེ་ལ་དཱ་ཁྱོད་ཁྲི་མཐོ་པོ་ཞིག་གི་སྒང་ལ་བསྡད། བླ་མ་ཐམས་ཅད་མས་ན་བཞུགས་བསྡད་པའི་སྐབས་སུ་ལ་ང་རྒྱལ་སྐྱེ་མ་ཡོང་ཨ། ང་རྒྱལ་སྐྱེ་མ་ཡོང་ཨ། ཟེར་ནས་ཚར་མང་པོ་ལབ་སོང་། དེ་བདེན་པ་རེད་བ། ང་རྒྱལ་སྐྱེ་སྲིད་ཀྱི་རེད་བ། མཚམས་མཚམས་ལ་ཕར་ཆེར་སྐྱེ་ཡོང་རྒྱུ་རེད་བ། དེ་དྲན་གསོ་གཏང་གིན། ང་རྒྱལ་སྐྱེ་མ་ཡོང་། ཁྲིད་ཕུལ་ས་རག ལུང་ཕུལ་ས་རག སྔ་མ་ཞུས་བཞག་པ་དེ་ཚོ་མར་འདོན་ས་རག་པ་དེ་ཁྱོད་རང་གི་བསོད་ནམས་ཡིན་པ་ཧ་གོ་དགོས་རེད་མ་གཏོགས། འགབ་ན་འདུག་རྒྱུ་རག་སོང་། མགོ་ན་འདུག་རྒྱུ་རག་སོང་མ་དྲན་མ་གཏོགས། དོན་སྙིང་ཡོད་མ་རེད། བླ་མའི་ཞབས་འདྲེན་རེད་ཟེར་ནས་ད་ལྟའང་བཤད་བསྡད་རེད། དེ་འདྲ་ཡིན་དུས་སྔ་རྗེས་བར་གསུམ་ལ་བཀའ་དྲིན་ཆེན་པོ་རེད། ཁོང་མེད་ན་མིང་སྐམ་པོ་ཞིག་རེད། སངས་རྒྱས་མཉན་པ་ཟེར་ཡོང་དུས་མིང་ཞིག་ཁུར་བསྡད་པ་རེད་མ་གཏོགས་ཟ་ཆོག་སྐོར་གསུམ་འདྲ་བོ་བྱེད། ཕལ་ཆེར་རྫུན་འདྲ་བཤད་ནས་འགྲོ་བསྡད་ཡ་མ་གཏོགས་མེད་པ་རེད། ཡིན་ནའང་ད་ལྟ་སོ་སོའི་སེམས་ལ་ཆོས་ཉམས་ལེན་ཟེར་ན་ཡོང་ཐུབ་ཡོད་མ་རེད། མེད་ན་ཡང་། འདི་རུང་ས་རེད། འདི་རུང་ས་མ་རེད། འདི་ཕོད་ས་རེད། འདི་ཕོད་ས་མ་རེད། བསམ་བསམ་ཞིག་བསམ་བློ་ལ་འཇིག་སྐྲག་ཅིག་དང་ཚ་ཝལ་ལེར་བ་ཞིག་ཡོང་བསྡད་ཡ་འདི་ཆོས་ཀྱི་བཀའ་དྲིན་དང་། བླ་མ་གོང་མ་ཐམས་ཅད་ཀྱི་བཀའ་དྲིན། ད་ལྟ་རང་གི་དགེ་བའི་བཤེས་གཉེན་བླ་རྒན་བསྟན་རྣམ་གྱི་བཀའ་དྲིན་དེ་འདྲ་རེད་བསྡད་ཡོད། དེ་ལ་བསམ་བློ་གཏང་ཡོང་དུས་ད་ལྟ་ངས་ཞུ་དགོས་པའི་རྒྱུ་མཚན། མཆོག་གི་སྤྲུལ་པའི་སྐུ་རྣམ་པ་ཚོ་དགུང་ལོ་ཆུང་ཆུང་སྐབས་སུ་ལ་ག་ཚོད་ན་ཡིན་ན་དཀའ་ལས་རྒྱག་དགོས་རེད། ག་ཚོད་ཡིན་ན་ཆོས་གསན་པའི་སྐབས་ཡིན་ནའང་། དཔེ་ཆ་གསན་པའི་སྐབས་ཡིན་ནའང་འདྲ་དཀའ་ལས་མྱོང་ཐུབ་དགོས། དཀའ་སྡུག་མང་པོ་མྱོང་ཐུབ་ན་ངས་ནི་གདམས་ངག་རེད་འདུག་བསམ་གྱིན་འདུག དེ་མ་གཏོགས་དཔལ་འབྱོར་ཡོད། སྦྱིན་བདག་ཡོད། དཔེ་ཤག་ཡོད། འཁོར་སློབ་མ་མང་པོ་ཡོད། ཚུར་ཕེབས་ཤོག མས་ན་ཕེབས་ཤོག གནམ་གྲུ་ནང་ལ་ཕེབས། རླུང་འཁོར་ནང་ལ་ཕེབས། མོ་གྲ་ནང་ལ་ཕེབས། དེ་འདྲ་རེད་སོང་ན། བསླབ་པ་སློབ་གཉེར་ཐོག་ལ་ཅུང་ཙམ་བར་ཆད་ཡོང་ས་རེད་བསམ་ནས་ང་རང་གི་སེམས་ལ་དེ་ཡོད། དེ་ཉམས་མྱོང་ཐོག་ནས་ཞུས་པ་ཡིན། གང་ལྟར་ང་རང་རིམ་གྱིས་ཡར་འཚར་ལོངས་བྱུང་ཡོང་དུས་སྡུག་པོ་མྱོང་། དཀའ་ལས་མྱོང་། འཚོ་བ་རེད་གང་ཅིའི་ཐད་ནས་དཀའ་ལས་མྱོང་ནས་ཡར་འཚར་ལོངས་བྱུང་ཡོང་བའི་མི་ཞིག་ཡིན། དེ་ཡིན་དུས་ཚང་མ་ལ་དགུང་ལོ་ཆུང་ཆུང་ཐམས་ཅད་ལ་དེ་འདྲ་ཞིག་ཡོང་ན་ཐུགས་ཁག་མི་འདུག དེ་འདྲ་རེད་འགྲོ་རེད། བསླབ་པ་སློབ་གཉེར་ཞིག་མ་གནང་ན་རྒྱུ་དཔལ་འབྱོར་ཡོད་བསྡད་པས་ཕན་ཐོག་གི་མི་འདུག་རྒྱུ་དཔལ་འབྱོར་དཀའ་ལས་ཡོད་མ་རེད་དེ་རིང་ཁ་རྩང་དུས་ཚོད་ལ། དཔེ་ཤག་ལ་དཀའ་ངལ་མི་འདུག སྦྱིན་བདག་ལ་དཀའ་ངལ་མི་འདུག ད་དུང་དགུང་ལོ་ཆུང་ཆུང་ཡིན་ན་སྦྱིན་བདག་མང་བ་རག་ཀྱི་འདུག དེ་ཡིན་དུས་དཀའ་ལས་མི་འདུག་བ། སྦྱིན་བདག་མང་པོ་རག་འགྲོ་ཡི་རེད་དེ། ཡིན་ན་ཡང་བསླབ་པ་སློབ་གཉེར་རང་ཉིད་རང་ཉིད་ཚད་གཞི་དེ་གང་ཡིན། རང་ཉིད་ལ་འགན་གང་ཡོད། མ་འོངས་པ་བསྟན་པ་དང་སེམས་ཅན་ཞེས་པའི་འགན་དེ་རང་གི་ཐོག་ལ་འདུག བསྟན་པ་སེམས་ཅན་གྱི་དོན་བསྒྲུབ་པ་ལ་བླ་མ་སྐུ་སྐྱེ་གོང་མ་ཐམས་ཅད་མ་འདྲ་བ་ཡིན་ན་མ་འདྲ་བ་ཡོང་གི་རེད་དེ་ཡིན་ནའང་དེའི་རིགས་སད་དགོས་ཀྱི་འདུག་མ་གཏོགས། རིགས་མ་སད་ན་ཕན་གྱི་མི་འདུག དེ་ཡིན་དུས། གོང་མའི་རྣམ་ཐར་བདག་གིར་བཞེས་པ་ལ་རིགས་སད་དགོས་འདུག རིགས་སད་ཡ་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་གནང་། བསླབ་པ་སློབ་གཉེར་གྱི་ཉམས་ལེན་ཐོག་ནས་རིགས་སད་པ་མ་གཏོགས་དེ་ག་ཙམ་རིགས་སད་ཐུབ་ཡ་དཀའ་ལས་ཁག་པོ་རེད། དེ་འདྲ་ཡིན་དུས་ཆོས་ཐོག་ནས་དེ་རིང་ཁ་སང་བསྟོད་སྨད། བཀུར་འདེབས། ལབ་རྒྱུ་གླེང་རྒྱུ་མང་པོ་རེད་འགྲོ་དུས་སངས་རྒྱས་བསྟན་པ་དེ་འདྲའི་བྱས་ནས་ཉམས་ཡོང་བ་རེད་འདུག ལྷག་པར་དུ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དགེ་འདུན་གྱི་སྡེ། གཅིག་གིས་གཅིག་ལ་བཀུར་འདེབས། མ་དགའ་བ། ཕྲག་དོག འགྲན་རྩོད། དེ་འདྲ་མང་པོ་ཞིག་རེད་ཡོང་དུས་དེ་ནས་ཡག་པོ་རེད་ཀྱི་མི་འདུག དེ་མི་རེད་དུས་དཔེར་ན། སྐྱབས་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོ་འདྲ་བོ་ལ་ཆགས་བཞག་ན་གསུངས་ཆོས་མང་པོ་ཞུ་མྱོང་། ཕྱག་རྫོགས་སྐོར་རེད། དེ་ག་ནང་བཞིན་མང་པོ་ཞུ་མྱོང་། སྔོན་མ་སྔོན་མ་ཞུ་བའི་སྐབས་དང་ཕྱིས་སུ་ཞུ་བའི་སྐབས་དང་འདྲ་ཡི་མི་འདུག ཕྱིས་སུ་སྐྱབས་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང་པོ་དགོངས་པ་རྫོགས་རན་པའི་སྐབས་དེར། གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་བདུན་གྱ་དགུ་དེ་ཚོའི་སྐབས་ལ་རེད། ཆོས་གསུངས་སྟངས་དེ་ཚོ་ཡང་ཇེ་བསྡུས་ཇེ་བསྡུས་ཇེ་བསྡུས་བསྡུས་འདྲོ་བོ་རེད་འགྲོ་བ་རེད། དེའི་སྐབས་སུ་སློབ་མ་ཡི་བརྒྱུད་ཚོད་དེ་གཟིགས་ཡོང་རེད་འདུག་བ། བརྒྱུད་ཚོད་ལ་ཟང་ཟིང་དང་དེ་བཞིན་དུ་སྣང་བ་རྒྱ་ཡན་ལ་མགོ་འཁོར། ཆོས་བེད་སྤྱོད་ལོག་པར་གཏང་བ་ལ་སོགས་པ་དེ་འདྲ་རེད་འགྲོ་བ་དགོངས་པ་ཡིན་ས་རེད། ཟབ་ཁྲིད་དེ་ཚོའང་ཅིག་གནང་ནའང་བསྡུས་བསྡུས་གནང་ན་མ་གཏོགས་རྒྱས་པ་གནང་རོགས་བྱེད་ཀྱི་མི་འདུག སྔོན་མ་འདྲ་བོ་ཡིན་ན་ནམ་ཉིན་མཚན་ཡོད་མ་རེད། ག་དུས་གནང་རོགས་ཞུས་ན་ཡང་། ཡ་ཡ་གསུངས་ནས་གསུངས་ཆོག་ཆོག་གདམས་ངག་ཡིན་ན་གསུངས་ཆོག་ཆོག་དཔེ་ཆ་པོ་སྟི་དེ་ཚོ་མདུན་ལ་བརྩིགས་བཞག་ཡོད་རེད། དབང་གནང་ན་བུམ་པ་དང་གཏོར་མ་དེ་ཚོ་ཚང་མ་མདུན་ལ་སྒྲིག་སྒྲིག་པ་རེད། ནམ་ཉིན་མཚན་མེད་པར་རྒྱུན་ཁྱེར་ཉམས་ལེན་གནང་བཞིན་པ་རེད། དབང་ལུང་གནང་ཆོག་ཆོག་རེད་བསྡད་ཡོད་རེད། ཕྱིས་སུ་བཀའ་ཆོས་གསུང་ཡོང་དུས་ཅུང་ཙམ་བག་དོག་པོ་འདྲ་ཞིག་རེད་ནས་གང་བྱུང་བྱུང་མ་གནང་བ་འདྲ་བོ་རེད་སོང་བ། དེ་ཡིན་དུས་སློབ་མའི་རྒྱུད་ཚོད་ཤེས་ཡོང་དུས་དགོངས་ཡོང་དུས་དེ་འདྲ་རེད་འགྲོ་བ་རེད་འདུག དེ་འདྲ་ཡིན་དུས་ད་ལྟའི་གོ་སྐབས་འདི། ང་ལ་ཡ་ཕྱག་ཆེན་ངེས་དོན་རྒྱ་མཚོ་འདོན་རོགས་གྱིས་གསུང་པ་རེད། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་གསུངས་པ་རེད། དུས་སྙིགས་མ་འདི་འདྲའི་ཞིག་གི་སྐབས་སུ་བླ་མ་ང་འདྲ་ཞིག་གིས་ཆོས་བཤད་ཟེར་བ་དེ་དུས་ངན་གྱི་རང་རྟགས་རེད་ཟེར་ནས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ཁྲིད་ཐུང་ནང་འདུག་བ། ཁོང་གི་གདམས་ངག་དེ་ང་རང་ཚོ་ལ་གདམས་པ་རེད་འདུག་བ། ང་ལ་གདམས་པ་རེད་བཞག དུས་མཐའི་འདི་འདྲའི་ནང་ལོག་ལ་ང་འདྲ་བོ་ཞིག་གིས་ཁྲི་མཐོ་པོ་ཞིག་གི་སྒང་ལ་བསྡད། དམ་པའི་བསྟན་འཛིན་སྐྱེས་བུ་ཐམས་ཅད་མས་ནས་ཡར་ཞལ་བསྐོར་ནས་ང་འདྲ་བས་བཤད་ཡ་དེ་དངོས་གནས་དུས་ངན་གྱི་རང་རྟགས་འདི་ལས་ལྷག་པ་མེད་པ་འདྲ་བོ་ཞིག་ང་རང་གི་བསམ་བློ་གཏང་པའི་སྐབས་སུ་སོ་སོས་སོ་སོ་ཡི་བསམ་བློ་ནང་ལ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད། ཡིན་ནའང་བའི་རྒྱལ་བའི་བསྟན་པ་ལ་མ་བཤད་ནའང་བརྒྱུད་པ་ཡག་པོ་ཞིག་ཡོད་པ་ཡིན་དུས་འདི་མར་ཕུལ་བཞག་ན་ཡང་སྐྱོན་མི་འདུག་བསམ་པ་འདྲ་བོ་བསམ་བློ་དེ་ཙམ་གྱིས་སྤོབས་པ་སྐྱེ་ཡ་མ་གཏོགས་གཞན་ང་ལ་གང་ཡང་སྤོབས་པ་སྐྱེ་ཡ་མི་འདུག ཉམས་རྟོགས་པ་གང་ཡང་མི་འདུག དེ་འདྲ་ཡིན་དུས་མ་འོངས་པ་ལ་འདི་གསན་ཚར་སྐབས་ལ་བརྒྱུད་པ་འདི་སྤེལ་ཡ་ཡི་དོན་དག་ལ་ཐམས་ཅད་ཀྱིས་ཐུགས་སྤོབས་ཆེན་པོ་ཡི་ཐོག་ནས་འདི་ཡི་ཉམས་བཞེས་གནང་ཡ། ད་ཙམ་མ་ཡིན་པ་རྗེས་ལ་བླ་མ་གཞན་གྱི་སྐུ་མདུན་ནས་སྒྲོ་འདོགས་བཅད། རྟོགས་པ་འཁྲིགས་སུ་མ་ཚུད་ཀྱི་བར་དུ་ལ་འདི་ལ་ཉམས་བཞེས་གནང་སློབ་གཉེར་མུ་མཐུད་ནས་གནང་རོགས་གནང་ཞེས་ཞུ་རྒྱུ་གཙོ་བོ་འདྲ་བོ་དེ་དེ་ཡིན། ད་ལྟ་དོན་དག་ལྡོག་ལྡོག་ཞུས་པ་ཡིན་ན། དེ་ནས་ད་ལྟ་བར་དུ་ཁྲིད་གནང་བ་འདི་དམ་པའི་སྐྱེས་བུ་རྣམས་མས་ནས་ཡར་ཞལ་བསྐོར་ནས་བཞུགས་པ་དེ་ལ། མཐོལ་ལོ་བཤགས་ཟེར་ནས་ཞུ་ཡ་ཡིན། བཟོལ་གསོལ་ཞུ་ཡ་ཡིན། དེ་མ་གཏོགས་ད་ལྟ་དམིགས་བསལ་གང་ཞུ་ཡ་མི་འདུག