ཚོར་བའི་རླབས་རྒྱུན།
མི་ཚེའི་མཚར་སྡུག་སྐྲུན་པའི་འཇིག་རྟེན་ནས། །
དྲན་འཛིན་རླུང་གིས་གཡུག་པའི་ཚོར་སྣང་ཞིག །
འཇིག་རྟེན་བྲེལ་ཚུབ་ནང་གི་ཐ་སྙད་རེ། །
སེམས་ཀྱི་མེ་ལོང་ངོས་སུ་བཀོད་ན་འདོད། །
ལོ་ཟླ་ཕར་ལ་བཞུད་པའི་ཁུག་སོ་ནས། །
རྣམ་ཤེས་གློག་ལས་མྱུར་བའི་དོ་ཞག་ལ། །
ཕྱི་དྲན་ཚོར་བས་སྐྱོམ་པའི་སྨུག་སྤྲིན་བཞིན། །
ཕུག་བསམ་སྙེགས་པའི་འདུན་མ་རེ་ཞིག་བོར། །
ཚོར་བ་འདི་ལ་ཁ་དོག་ཡོད་གྱུར་ན། །
ཁ་དོག་ཚོན་གྱིས་བསླས་པ་ཨེ་ཡིན་ན། །
ཚོར་བ་གསར་དུ་བརྩམས་པ་ཨེ་ཡིན་ན། །
དོ་ནུབ་ཆར་ཞོད་འདི་ཡང་ཚོར་བ་ཞིག །
ཚོར་བ་སེམས་པས་སློང་བའི་མཚན་ངོགས་ལ། །
གློག་འོད་འཁྱུག་པའི་འོད་ཀྱི་ཕྱེ་ལེབ་ཅིག །
ང་ཡི་ཡིད་ལ་ལྷུང་བའི་རྣམ་ཤེས་བཞིན། །
ཚོར་བའི་རྟོག་བཏགས་ངོས་སུ་བཤམ་ནས་ཡོད། །
སྡོད་མེད་སྒྱུ་མའི་གྲོང་གི་ཚོར་བ་འདིས། །
ཟོལ་མེད་སྙན་ཚིག་འབྲི་བ་ཨེ་ཡིན་ན། །
དྲན་སྙིང་འཆར་སྒོའི་ནང་གི་ལང་ཚོ་བཞིན། །
ཚོར་བའི་རྣམ་ཤེས་ཕྲ་མོ་འབྱོར་བས་བསླུས། །
འདི་ལྟར་རེ་ཆད་འཁོར་བའི་གཞིས་ཆུང་ལ། །
རྨི་ལམ་མངོན་འགྱུར་འདྲ་བ་ཡོད་ན་ཡང་། །
རི་བོའི་སྒང་ན་སྐྱོད་བའི་དར་ལྕོག་ལྟར། །
སང་གི་ལོ་ལ་འདས་དོན་ཡིན་ན་ཐང་། །
དད་པའི་ཚིག་རིས།
ཐུན་མིན་རིག་གཞུང་གི་ཁོ་ལག་རྫོགས་ནས།།
འཇིག་རྟེན་སྨྲ་དབང་ལ་དར་ལྕེ་ཐོག་པའི།།
ཕུན་ཚོགས་ཡོན་ཏན་གྱི་ཁྱུ་མཆོག་ཆེན་མོ།།
ཀུན་མཁྱེན་བླ་མ་ཁྱེད་མོས་ངོར་འཆར་སོང་།།
རྣམ་གྲོལ་བདེ་འབྲས་ཀྱི་ལམ་བཟང་རྙེད་ནས།།
དུག་ལྔའི་ཚ་གདུང་གི་བཟི་ཁས་བརླན་པའི།།
འཇིག་རྟེན་ཕན་བདེ་ཡི་དྲོད་ཁོལ་ཉག་ཅིག།
མཁྱེན་རབ་ཉི་གཞོན་ཁྱེད་འགྲོ་ལ་འཛུམ་སོང་།།
དྭགས་པོ་བཀའ་བརྒྱུད་པའི་གསེར་གྱི་ཀ་ཆེན།།
མཁས་མང་རྒྱུ་སྐར་གྱི་དབུས་སུ་འཛུམ་པའི།།
འཇིག་རྟེན་མོས་ངོར་གྱི་བསིལ་ཟེར་ཟླ་བ།།
ཕལ་བའི་སྣང་ངོ་རུ་ལྷག་པར་མཛེས་སོང་།།
སྙིགས་དུས་མུན་དོང་གི་སྣང་བྱེད་སྒྲོན་མེ།།
དད་པའི་ཡིད་མཁའ་རུ་འོད་ཀྱིས་འཚེར་དུས།།
འཁོར་བ་མུན་ནག་གི་དུ་སྤྲིན་འཚུབ་པ།།
རྣམ་རིག་འོད་དཀར་གྱི་སྣང་བས་ཁྱབ་སོང་།།
ཕྱག་ཆེན་མན་ངག་གི་བང་མཛོད་ཆེན་མོ།།
འཕགས་ནོར་གཞུང་ལུགས་ཀུན་གདམས་པའི་སྦྲང་ཆར།།
ས་འཛིན་བསིལ་ལྗོངས་ཀྱི་སྤང་ཁུག་འདི་རུ།།
ཤེས་བྱའི་མེ་ཏོག་གི་འདབ་ཁ་གྲོལ་བྱུང་།།
འགྲོ་ཀུན་བསོད་ནམས་ཀྱི་ས་ཞིང་འདི་ན།།
དྲི་མེད་རྒྱལ་བསྟན་གྱི་ལོ་ལེགས་རྒྱས་ནས།།
སྐྱེ་རྒུའི་དབུལ་འཕང་གི་སྡུག་བསྔལ་བསལ་བའི།།
མཁྱེན་རབ་ཉི་གཞོན་ཁྱེད་འགྲོ་ལ་འཚེར་སོང་།།
ཆོས་མིན་ལོག་རྟོག་གི་ཚང་ཚིང་བསྲེགས་ནས།།
ཆོ་འཕྲུལ་ལུང་རིགས་ཀྱི་སྒོ་བརྒྱ་འབྱེད་པའི།།
རླབས་ཆེན་འཕྲིན་ལས་ཀྱི་སྐྱ་རེངས་དཀར་པོ།།
ལུང་རིག་ཉི་མ་དེ་བོད་ལ་འཆར་སོང་།།
མ་ལུས་འགྲོ་ཁམས་ཀྱི་སྲིད་མཚོ་རྒལ་དུས།།
མ་འདྲིས་འགྲོ་བ་ཡི་མཛའ་བཤེས་ཆེན་པོ།།
མ་ལུས་རྒྱལ་ཀུན་གྱི་འཕྲིན་ལས་གཅིག་བསྡུས།།
སྩོལ་མེད་ཉི་མ་ཞིག་་སྙིང་ལ་འཆར་སོང་།།
མཁས་པའི་ལེགས་བཤད་ལ་ཞིབ་བློས་དཔྱད་དེ།།
རྣམ་དཔྱོད་སྦྲང་ཆར་གྱི་ཆུ་འཛིན་འཁྲིགས་པའི།།
སྲིད་པའི་ཁྱོན་ཡངས་ན་སྨྲ་བའི་དབང་ཕྱུག།
ཤཱཀྱའི་སྐྱེས་མཆོག་ཁྱེད་ཡིད་བཞིན་ནོར་འདྲ།།
སྙིགས་དུས་སྐྱེ་བོ་ཡི་བློ་སྣ་མང་དུས།།
འཚེ་མེད་ཞི་བདེ་ཡི་ལམ་བཟང་སྟོན་མཁན།།
བསིལ་གྲིབ་འཁོར་ཡུག་གི་དཔག་བསམ་ལྗོན་ལ།།
རྣམ་བཀྲའི་ཚིག་སྦྱོར་གྱི་ཆར་ཟིམ་བསྙིལ་ལོ།།
ཁ་བའི་མཛེས་སྡུག
སེམས་མེ་ལོང་འདྲ་བའི་འཆར་ངོགས་སུ།།
གྲང་ཤུར་ཤུར་ཁ་བའི་འདབ་མ་འཐོར།།
ནང་དུངས་སེམས་བྱི་དོར་མ་བྱས་ན།།
སྐྱིད་ཁ་བའི་མཛེས་སྡུག་གང་ནས་མཐོང་།།
རླུང་བསིལ་བུ་ལྡང་བའི་དགུན་དུས་སུ།།
སྒང་རི་ལུང་དངུལ་མདོག་མཛེས་ཉམས་བརྗིད།།
གངས་རིན་ཆེན་དངུལ་དཀར་མ་རེད་དེ།།
རི་ཁ་བའི་མདངས་ཀྱིས་འཇིག་རྟེན་དཀར།།
དགུན་ཐ་མའི་ཐལ་རྡུལ་འཚུབ་པའི་ཁྲོད།།
ཡིད་དྭངས་་གཙང་ཁ་བའི་མཛེས་སྡུག་དེ།།
ཞེ་ཐོག་སའི་ལྷ་ཡི་རྫིང་རིང་བཞིན།།
གཤིས་བཟང་བའི་མི་དང་ཆ་ཡ་རེད།།
གངས་ཁ་བ་ནམ་མཁའི་མེ་ཏོག་དེ།།
དབྱར་དཔྱིད་དཔལ་བཞད་པའི་མཛེས་སྡུག་མིན།།
གནས་ལྷིང་འཇགས་སྐྱིད་ཀྱི་དྲོད་ཐིགས་ཤིག།
འཁྱག་གྲང་ངར་གསེབ་ནས་མཐོང་བས་ཡིན།།
ལུས་སེམས་ཀྱི་ཕྱི་ནང་ཁ་བས་གཡོགས།།
བྱ་འདབ་ཆགས་གཤོག་ཟུང་རྒུད་དུས་སུ།།
སེམས་བཅོང་རོང་ན་བུན་འཚུབ་མ་ལ།།
དཀར་དྭངས་གཙང་ཁ་བའི་དངུལ་མདོག་བྱུག།
དགུན་ཟླ་གསུམ་ཁ་བའི་མཛེས་སྡུག་དེ།།
སྐྱིད་དྲོད་ཁོལ་ལྡན་པས་མ་ཡིན་ཡང་།།
སེམས་གངས་དཀར་རི་རྒྱལ་ལྷུན་པོ་ལ།།
ཆོས་ཟབ་མོའི་ཆར་ཟིམ་བསྙིལ་བས་ཡིན།།
ནང་འཁོར་བའི་གཤིས་ཀྱི་མགྲོན་པོ་ངས།།
ནང་སེམས་ཀྱི་མཛེས་སྡུག་ཁ་བ་བཞིན།།
ཡིད་དགའ་སྐྱོ་ཁ་བའི་དཔུང་རོགས་བྱེད།།
ཚིག་སྤྲིན་དཀར་ནམ་མཁའི་དར་ཐག་འཐེན།།
དགའ་སྐྱོའི་ལོ་ཟླ།
རྣམ་རྟོག་རླབས་ཕྲེང་གཡོ་བའི་གྲུ་ཟུར་ན།།
ཐ་སྙད་ཆུ་ཕྲན་མོད་པོའི་འཚུབ་ཆ་ཁྲོད།།
རྙོག་མེད་སེམས་ཀྱི་མེ་ལོང་དྭངས་ངོས་སུ།།
དགའ་སྐྱོའི་ལོ་ཟླ་བགྲོད་པའི་ལམ་ཞིག་དོད།།
མི་ཚེ་ཆུ་བཞིན་བཞུར་བའི་འཇིག་རྟེན་ནས།།
བདག་སེམས་སྨྱོན་པ་འདྲ་བའི་བྱ་སྤྱོད་དག།
ཆོས་མེད་ཚེ་ཕྱེད་འཁྱོར་བའི་ངང་ཚུལ་འདི།།
འཚོ་བའི་ལས་རིགས་ཁྲོད་ནས་ད་ཐེངས་མཐོང་།།
ཚོར་ཤེས་མོག་མོག་གྱུར་པའི་རི་གྲོང་ནས།།
དྲན་ཤེས་བཟི་ཁ་བཙན་པའི་མུན་པ་ལྡང།།
ལས་ཀྱི་རྨི་ལམ་འཚོལ་བའི་ལམ་ཁ་ནས།།
སེམས་ཀྱི་སྐྱོར་མ་བོར་བའི་ལས་འདི་སྐྱོ།།
མི་ཚོགས་འཁྲབ་སྟོན་བྱེད་སའི་གར་སྟེགས་སུ།།
དྲན་ཤེས་སྐུད་པ་ལྷོད་པའི་ལམ་འགྲོ་བས།།
སྙན་ཚིག་དབྱངས་ཀྱི་རྒྱུད་སྐུད་བརྒྱུས་པའི་ཚིག།
དགའ་སྐྱོའི་སྣང་གླུ་དལ་གྱིས་རེ་ཞིག་མགུར།།
དགའ་སྐྱོའི་ལོ་ཟླ་འཛད་པའི་ཁུག་སོ་དེར།།
ཅོར་ཆུང་མི་ཚེ་གཡེང་བའི་བྲེལ་འཚུབ་ངང་།།
མིག་ཟུམ་བཙུམ་ཡུན་ཙམ་གྱིས་ཡུན་ཐུང་ནང་།།
དོན་མེད་ཚེེ་ཕྱེད་འཛད་པ་ང་རེ་འགྱོད།
ཚོར་བའི་དབྱངས།
ངག་རིགས་དབྱངས་ལ་བརྒྱུས་པའི།།
ཚོར་བའི་འཆར་ཡན་ཕྲ་མོ།།
བརྡ་དག་སྨྱུག་གུས་རོལ་རྩེད།།
མགྲིན་པའི་རྒྱན་དུ་གདོགས་འདོད།།
སེམས་འདི་དྲན་རྒྱུ་མོད་པས།།
སྣང་བའི་འགྱུར་ལྡོག་རྒོད་སོང་།།
དབྱངས་གསལ་ཡི་གེའི་གཟུགས་རེས།།
སྣང་བའི་དབྱངས་སུ་སྟིམ་ཡོད།།
རྣམ་རྟོག་ཆར་ཆུ་མོད་པོ།།
རྩོམ་གཤིས་ཚོར་བའི་གླུ་སྐད།།
མཛེས་སྤྱོད་འཇིག་རྟེན་འཚོ་བ།།
མཉམ་དུ་འདྲིས་ནས་འགྲོག་ཆོག།
སྨྱུག་རྩལ་ལག་པའི་སྒྱུ་རྩལ།།
དྲན་ཤེས་སེམས་ཀྱི་འཆར་སྒོ།།
རྟེན་འབྲེལ་ལས་ཀྱི་རི་མོ།།
དུས་དང་དུས་སུ་སྨིན་ཡོང་།།
དུང་སེམས་གཉུག་མའི་་གླུ་སྐད།།
མགྲིན་དབྱངས་ངག་ནས་གྲོལ་དུས།།
སེམས་ཀྱི་ཚོར་བ་གསོན་པོས།།
བདག་ལུས་འཆིང་བ་བྱེད་སོང་།།
ནང་སེམས་ཞི་བའི་དབྱིངས་སུ།།
ཞེ་སེམས་མཚོན་པའི་ཐ་སྙད།།
མགྲིན་པའི་རྩེ་རུ་དྲངས་ནས།།
ངག་གི་མདུད་པ་བཀྲོལ་ཡོད།།
ཐ་སྙད་ཚིག་གི་ལྷུ་ལག།
སྔོན་རྗེས་ཡི་གེའི་སྡེབ་སྦྱོར།།
རྩོམ་འགྲོས་སྤུས་ཀ་ཞེན་པས།།
ཚིག་གི་ཉམས་འགྱུར་དབེན་སོང།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4667
དཔྱད་མཆན་སྤེལ།