འོག་ཏུ་ཨང་རིམ་ལྟར་ལུང་འདྲེན་རྣམས་འོག་ཏུ་བཀོད་ཡོད་ཅིང་། འདིར་ཀུན་མཁྱེན་བདུན་པ་ཆོས་གྲགས་རྒྱ་མཚོའི་གསུང་གལ་ཆེ་བ་བཅུ་ཕྲག་ལྷག་ཙམ་གྱི་ལུང་ཁུངས་བཀོད་ཡོད་པ་མ་ཟད། གཞུང་ཉུང་ཤས་འགའ་ཞིག་ཆ་ཚང་བཀོད་ཡོད་པས། སྐལ་ལྡན་དོན་གཉེར་ཅན་ཚོས་དེ་ལྟར་གཟིགས་པར་ཞུ། མཆན།

 

ཀུན་མཁྱེན་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་རང་སྟོང་གཞན་སྟོང་འགལ་མེད་ཟུང་འཇུག་ཏུ་བཞེད་ཅིང་། ཚད་མ་རིགས་གཞུང་རྒྱ་མཚོ་ལས་(༡ )འབྱུང་བ་ལྟར་གནས་ལུགས་གསལ་བ་ཡེ་ཤེས་ཀྱི་ཕྱོགས་ནས་ངོས་བཟུང་བ་ལ་གཞན་སྟོང་དང་། གནས་ལུགས་སྟོང་པ་སྤྲོས་བྲལ་གྱི་ཕྱོགས་ནས་ངོས་བཟུང་བ་ལ་རང་སྟོང་གི་ཐ་སྙད་མཛད་དོ། །ཚུལ་འདི་རྗེ་བདུན་པའི་གསུང་གི་སྙིང་པོར་མཛད་པ་མ་ཟད། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ཀྱང་(༡༤)རང་གི་དགོངས་པ་མཐར་ཐུག་ཏུ་མཛད་པའི་ཕྱག་ཆེན་སྒྲོས་འབུམ་ལས་རང་སྟོང་གཞན་སྟོང་གི་ཚུལ་འདི་ཉིད་ལྟར་གསུངས་མཛད་ཡོད། རྗེ་བདུན་པའི་གསུང་རྣམས་སུ་རང་སྟོང་དང་གཞན་སྟོང་གཉིས་པོ་གང་གི་ཕྱོགས་སུའང་མ་ལྷུང་བའི་གསལ་སྟོང་ཟུང་འཇུག་གི་གནས་ཚུལ་སྟོན་པའི་ཟུང་འཇུག་རབ་ཏུ་མི་གནས་པའི་ཕྱག་རྒྱ་ཆེན་པོའི་དབུ་མ་ཆེན་ཉིད་རྩལ་དུ་བཏོན་པར་མཛད་འདུག་པ་ལ། དེང་གི་དུས་སུ་ལུང་རིགས་ཐར་ཐོར་ལ་བྱང་བ་དུ་མས་རང་འདོད་ཞེ་ཕུགས་སུ་བཅངས་ནས་རྒྱལ་བ་གོང་མའི་གསུང་གི་ཚིག་ཟུར་ཐར་ཐོར་ཙམ་ལ་འཁྲུལ་ཏེ། རང་སྟོང་དང་གཞན་སྟོང་གཉིས་པོ་གང་ཡང་རུང་བའི་ཕྱོགས་སུ་ལྷུང་བའི་ལྟ་གྲུབ་ཉི་ཚེ་བ་ཞིག་རྒྱལ་བ་གོང་མའི་ལྟ་དགོངས་མཐར་ཐུག་ཏུ་བསྒྲུབ་པར་མཛད་པ་འདི་དག་ནི་ཀྱེ་མ་ཧོ་སྙིང་རེ་རྗེའོ། །དེ་ཡང་ཡར་ཀླུངས་ལྷ་ལུང་བ་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་དྲིས་པའི་ལན་རྗེ་ཆོས་གྲགས་མཚོས་མཛད་པ་(༢)དང་། རང་སྟོང་གཞན་སྟོང་སྟོན་པའི་གསུང་རབ་ཀྱི་དོན་ཇི་ལྟ་བར་སྟོན་པ་མདོར་བསྡུས་པ་(༣)བཅས་ལས་རང་སྟོང་དང་གཞན་སྟོང་མི་འགལ་བའི་ཚུལ་ཧ་ཅང་གསལ་པོར་གསུངས་ཤིང་། རྗེ་བདུན་པས་ཀོང་ཡུལ་དུ་མཛད་པའི་རྣལ་འབྱོར་རས་པའི་དྲིས་ལན་ལས་(༤)དང་། འཇིག་རྟེན་གསུམ་སྒྲོན་དང་འབྲེལ་བའི་དྲིས་ལན་རྣམ་པ་གཉིས་(༥)དང་། རང་སྟོང་གཞན་སྟོང་སྟོན་པའི་གསུང་རབ་ཀྱི་དོན་ཇི་ལྟ་བར་སྟོན་པ་མདོར་བསྡུས་པ་(༦)བཅས་ལས་འཁོར་ལོ་བར་མཐའི་དགོངས་པ་མཐར་ཐུག་འགལ་མེད་གནད་གཅིག་ཡིན་པར་གསུངས་ཡོད། ཁྱད་པར་འཁོར་ལོ་བར་པའི་མདོ་ཤེར་ཕྱིན་ལྔ་བརྒྱ་པ་སོགས་ལས་འཁོར་ལོ་བར་པའི་ངོ་བོ་ཉིད་མེད་སོགས་དངོས་བསྟན་སྒྲ་ཇི་བཞིན་པར་བཟུང་ན་ཆད་ལྟར་འགྱུར་ཚུལ་དང་དགོངས་པ་ཅན་ཡིན་ཚུལ་གསུངས་ཤིང་། མདོ་སྡེ་དགོངས་འགྲེལ་ཉིད་ལས་སྔར་བཤད་པའི་དྲང་དོན་གྱི་མདོ་ཉིད་ལས་ངེས་པའི་དོན་བཙལ་བར་བྱ་དགོས་ཚུལ་སོགས་གསུངས་པ་སོགས་ལ་ཁུངས་བཅོལ་ཏེ་འཁོར་ལོ་བར་མཐའ་གཉིས་ཀ་དགོངས་པ་རོ་གཅིག་ཡིན་པ་དང་གཉིས་ཀ་ལ་མ་བརྟེན་པར་ཕྱོགས་རེ་རེ་བ་ཙམ་གྱིས་ངེས་དོན་མཐར་ཐུག་རྟོགས་མི་ནུས་པའི་ཚུལ་རྒྱ་ཆེར་གསུངས་པ་མ་ཟད། ཕྱོགས་རེ་བས་ཀྱང་དེ་ཡི་ཡོངས་རྫོགས་དོན། །རྟོགས་པར་ནུས་མིན་གྲགས་པའི་རྗེས་འབྲངས་བས། །ངལ་བར་ཟད་ཀྱི་འདིར་ནི་ཐུབ་དབང་གིས། །ཞེས་སོགས་ཀྱང་གསུངས་པར་མཛད་དོ། །དེ་བས་དེང་གི་དུས་འདིར་རྗེ་འདིའི་དགོངས་པ་མཐར་ཐུག་རང་སྟོང་ཁོ་ནར་ཡིན་པར་འདོད་པའམ་གཞན་སྟོང་ཁོ་ན་ཡིན་པར་འདོད་པ་ཐམས་ཅད་ཤིན་ཏུ་ནས་ནོར་བ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་རྗེ་འདིའི་ལྟ་དགོངས་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་ཞེས་པའི་ལྟ་དགོངས་དེ་ནི་རང་སྟོང་གཞན་སྟོང་གི་ལྟ་དགོངས་ཉི་ཚེ་བ་དང་། འཁོར་ལོ་བར་མཐའ་ཕྱོགས་རེ་བའི་དངོས་བསྟན་གྱི་ལྟ་དགོངས་ཙམ་ལ་གཏན་ནས་བརྗོད་པ་མིན་ཏེ། རྗེ་འདིས་མཛད་པའི་གཞུང་རྣམས་སུ་དེ་དག་ཏུ་ཕྱག་ཆེན་ཕྱོགས་འདྲ་ཙམ་ལས་ཕྱག་ཆེན་མཚན་ཉིད་པ་མ་བསྟན་པར་ཧ་ཅང་རྒྱས་པར་གསུངས་པའི་ཕྱིར་ཏེ། དཔེར་ན་འབྲོང་བུ་ནང་སོ་དྲུང་དར་གྱི་བསྐུར་ངོར་རྗེ་འདིས་ཀོང་ཡུལ་རྣམ་ཐོས་ཀྱི་རི་བོར་མཛད་པའི་གསུང་(༧)དང་། རྫ་ཡིག་ཚུལ་ཁྲིམས་རྒྱལ་མཚན་པའི་དྲིས་(༨)ལན། ཨ་ཞང་བཀྲ་ཤིས་བཟང་པོར་བྲིས་པའི་གསུང་རྣམས་སུ་ཧ་ཅང་གསལ་པོར་གསུངས་པའི་ཕྱིར་རོ། །དེས་ན་མདོ་ཕྱོགས་ཀྱི་ལྟ་དགོངས་ཕྱོགས་རེ་བ་ཙམ་ལ་རྗེ་འདིའི་དགོངས་པ་མཐར་ཐུག་ཏུ་ཞེན་པ་ནི་རྗེ་འདིའི་གསུང་རྣམས་ལ་ཞིབ་པར་མ་གཟིགས་པའི་སྐྱོན་ཁོ་ན་ཉིད་དུ་ཤེས་པར་བྱའོ། །གཞན་ཡང་ཀུན་མཁྱེན་བདུན་པའི་དགོངས་བཞེད་དངོས་ལྟར་ན་ཕྱག་རྒྱ་ཆེན་པོ་དེ་མདོ་སྔགས་གཉིས་ལས་སྔགས་ཕྱོགས་སུ་བཞེད་པ་ཡིན་པར། སྣེ་གདོང་ནང་སོ་སྐུ་མཆེད་ཀྱི་བསྐུལ་ངོར་བྲིས་པའི་རྒྱལ་དབང་བདུན་པས་སྩལ་བའི་ཕྱག་རྒྱ་ཆེན་པོའི་ཞལ་གདམས་ཞེས་པ་(༩)ལས་གསལ་པོར་གསུངས་པ་དང་། ཀུན་མཁྱེན་མི་བསྐྱོད་པ་ལྟར་རྗེ་འདིས་ཀྱང་མདོ་སྔགས་གཉིས་ལ་ལྟ་བའི་ཟབ་ཁྱད་ཡོད་པར་བཞེད་པ་འདྲ་འདུག་པས། མདོ་ཕྱོགས་ཀྱི་ལྟ་བ་ཕྱོགས་རེ་བ་ཙམ་ལ་ཕྱག་རྒྱ་ཆེན་པོའི་ལྟ་བ་ཉིད་དུ་འཇོག་པ་ནི་རྗེ་འདིའི་ལུགས་གཏན་ནས་མ་ཡིན་པ་འདྲའོ། །ཁྱད་པར་དུ་རྗེ་འདིས་མདོ་སྔགས་ཕྱོགས་རེ་བའི་དངོས་བསྟན་གྱི་ལྟ་དགོངས་ཙམ་ལས་ཁྱད་པར་དུ་འཕགས་པའི་སྙིང་པོ་ཐེག་པ་ཞེས་སུ་གྲགས་པའི་གནས་ལུགས་ཕྱག་རྒྱ་ཆེན་པོ་ཉིད་ཞལ་བཞེས་མཛད་ཅིང་། ཐེག་པ་འདི་ཉིད་རྗེ་འདིའི་དགོངས་པ་མཐར་ཐུག་པའི་སྲོག་གནད་ཉིད་དུ་གནས་པ་ཡང་ཡིན་ཏེ། དེ་ཡང་རྒྱལ་དབང་བདུན་པས་སྩལ་བའི་ཕྱག་རྒྱ་ཆེན་པོའི་ཞལ་གདམས་(༡༠)ཞེས་པ་ལས་གསལ་པོར་གསུངས་པ་མ་ཟད། གཞུང་དེར་སྙིང་པོ་ཆིག་ཆོག་གི་ལམ་རིམ་གསུངས་ཤིང་དེར་ཕ་མ་གཉིས་མེད་ཀྱི་རྒྱུད་རྣམས་ཀྱི་དངོས་བསྟན་གྱི་ལམ་རིམ་རྣམས་ཆེད་དུ་མ་བསྒྲུབ་ཀྱང་དོན་གྱིས་འདིར་འདུས་ཚུལ་ཡང་རྒྱས་པར་གསུངས་ཡོད། གཞན་ཡང་ཀུན་དགའ་དཔལ་འབྱོར་གྱི་དྲིས་ལན་(༡༡)དང་། ཆོས་རྗེ་སྐལ་བཟང་བའི་དྲིས་ལན་(༡༣)གཉིས་ལས་ཀྱང་གྲུབ་པ་སྡེ་བདུན་གྱི་དགོངས་པ་ལྟར་སྔགས་ཕྱོགས་ཀྱི་དངོས་བསྟན་གྱི་ལྟ་དགོངས་ཙམ་ལ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་མཐར་ཐུག་པ་མ་ཡིན་པའི་ཚུལ་ཡང་གསུངས་སོ། །མ་ཟད་གཞུང་དེ་དག་ཏུ་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་ཉིད་དང་། བདེ་བ་ཆེན་པོའི་ཡེ་ཤེས་དེ་དག་རྟག་བརྟན་ཐེར་ཟུག་དང་སྐྱེ་འཇིག་དང་བྲལ་བའི་གནས་ལུགས་དོན་དམ་པའི་བདེན་པར་གསུངས་ཤིང་། བདེན་གྲུབ་མ་ཡིན་པར་ལན་དུ་མར་གསུངས་འདུག་པས། དེང་སང་ལ་ལ་དག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མི་རྟག་པར་འདོད་པའམ། ཡེ་ཤེས་དེ་ཉིད་རྟག་བདག་བདེན་གྲུབ་ཏུ་འདོད་པ་གཉིས་ཀའང་ལུགས་འདི་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་རྗེ་བདུན་པའི་མཛད་པའི་ཕྱག་ཆེན་གྱི་ཞལ་གདམས་དེར་སྙིང་པོ་ཆིག་ཆིག་གི་ཉམས་ལེན་དེར་མ་རྒྱུད་ཀྱི་གཏུམ་མོའི་ཉམས་ལེན་དང་། ཕ་རྒྱུད་ཀྱི་འོད་གསལ་གྱི་ཉམས་ལེན་རྣམས་དོན་གྱིས་ཇི་ལྟར་འདུས་ཚུལ་གསལ་པོར་གསུངས་པས། དེང་གི་དྭགས་བརྒྱུད་པ་ལ་ལས་སྙིང་པོ་ཆིག་ཆིག་གི་ཉམས་ལེན་གྱིས་གཏུམ་མོའི་ཉམས་ལེན་དང་འོད་གསལ་གྱི་ཉམས་ལེན་རྣམས་ཀྱི་གོ་མི་ཆོད་པས་ཕྱག་ཆེན་གཅིག་པུས་སངས་རྒྱ་དཀའ་ཞེས་བཤད་པའང་རྗེ་བདུན་པས་གསུངས་པའི་མན་ངག་གི་གནད་འདི་ཙམ་ཡང་མ་ཤེས་པའི་སྐྱོན་ཁོ་ན་ཉིད་དུ་སྣང་ངོ་། །དེ་ཡང་སྙིང་པོ་ཆིག་ཆོག་གི་ཕྱག་རྒྱ་ཆེན་པོ་ཞེས་མདོ་སྔགས་སྤྲོས་བཅས་ཀྱི་ལམ་རིམ་ལ་མ་ལྟོས་པའི་སྤྲོས་མེད་ཀྱི་ལམ་རིམ་འདི་ལྟ་ཡོད་པའི་ཚུལ་ཡང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་པའི་སྙིང་པོ་གསང་དོན་དང་། གསང་གཏམ་ཡང་དག་པ། སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་བསྡུས་པ། ཡེ་ཤེས་བཙན་ཐབས་སུ་དབབ་པའི་མན་ངག་རྣམས་ལས་རྒྱ་ཆེར་གསུངས་པ་ལྟར་འདིར་ཡང་དེ་ལྟར་དུ་གསུངས་འདུག་ཅིང་། རྗེ་འདིའི་དགོངས་པ་མཐར་ཐུག་ཀྱང་དེར་གནས་དགོས་པ་ཡིན་ཏེ། ཀུན་མཁྱེན་མི་བསྐྱོད་པའི་གསང་གཏམ་ཡང་དག་པ་ལས། དེས་ན་ཐ་མལ་གྱི་ཤེས་པ་རྒྱུད་ལ་སྐྱེད་པའི་ཆོས་ཚུལ་འདིའི་བསྟན་པ་ཡོད་མེད་ལ་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་རྒྱུན་ཡོད་མེད་ཐུག་པ་ཡིན་པས་ཆོས་དང་གང་ཟག་འདི་ལྟ་བུ་དོན་གཉེར་གྱི་ཆེད་དུ་ལུས་སྲོག་ཕངས་པ་མེད་པའི་དད་ཅན་དེ་ལ་སྙིང་ཁོང་རུས་པའི་གཏིང་ནས་མཆི་མ་འཁྲུག་ཅིང་བ་སྤུ་ལྡང་བས་མི་བཟོད་པའི་དད་པ་ཆེན་པོས་ཐལ་མོ་སྙིང་གར་སྦྱར་བས་སྐྱབས་སུ་མཆིའོ། །ཞེས་གསུངས་པའི་ཕྱིར་རོ། ། དེས་ན་སྙིང་པོའི་ཐེག་པ་འདི་དང་འབྲེལ་བའི་ལམ་རིམ་དང་ཆོས་ཚུལ་རྣམས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ལ། དྭགས་བརྒྱུད་པ་རྣམས་ལ་ཡོད་དགོས་རྒྱུའི་ཁྱད་ཆོས་ཀྱང་འདི་ཡིན་པས། ཐེངས་འདིར་ཀུན་མཁྱེན་བདུན་པའི་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གླེང་བ་ནའང་མན་ངག་འདི་དང་འབྲེལ་བའི་ཁྱད་ཆོས་རྣམས་བཤད་འདོད་པ་ཡིན། ངེད་བཀའ་བརྒྱུད་པའི་རྗེས་འབྲངས་སུ་རློམ་པ་དག་གིས་རང་རེ་དྭགས་བརྒྱུད་པ་སྤྱིའི་བསྟན་པའི་རྨང་གཞི་གང་ནས་ངོས་འཛིན་དགོས་མིན་འདི་ཙམ་རེ་ཤེས་དགོས་པར་འདུག་སྟེ། ཆོས་སྐུ་ཐུགས་རྡོ་རྗེའི་བསྟན་པ་སྟེ་སྙིང་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་གི་ཐེག་པ་འདི་ངོས་མ་ཟིན་པར་སྐུ་རྡོ་རྗེ་སྤྲུལ་སྐུའི་བསྟན་པ་མདོ་ཕྱོགས་དང་གསུང་རྡོ་རྗེ་ལོངས་སྐུའི་བསྟན་པ་སྔགས་ཕྱོགས་ཏེ་མདོ་སྔགས་ཀྱི་བསྟན་པ་ཕྱོགས་རེ་བ་དེ་ཙམ་ཞིག་གིས་ལུགས་འདིའི་བསྟན་པའི་རྣམ་བཞག་ཡོངས་སུ་རྫོགས་པ་མ་ཡིན་ལ། མདོ་སྔགས་ཀྱི་བསྟན་པ་ཐུན་མོང་བའི་རྣམ་བཞག་དེ་ཙམ་གྱིས་ལུགས་འདིའི་དོན་བརྒྱུད་ཀྱི་སྐྱེས་ཆེན་དག་གི་ངོ་མཚར་བའི་མཛད་པ་དང་དེ་དག་གིས་གསུངས་པའི་ཟབ་ཆོས་རྣམས་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པ་གསལ་བར་མི་ནུས་པས་ཅིས་ཀྱང་ཆོས་འདིའི་ཟན་གནད་རེ་ཤེས་དགོས་པར་འདུག་གོ། །དེ་ཡང་ཀུན་མཁྱེན་མི་བསྐྱོད་པའི་གསང་གཏམ་ཡང་དག་པ་ལས། མོས་གུས་དེ་ཉིད་ཀྱིས་གསང་སྔགས་ཐབས་ལམ་གྱི་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་སོང་ནས་ཡེ་ཤེས་ཀྱི་ཚོགས་ཐུགས་རྡོ་རྗེ་འདི་ཉིད་མངོན་དུ་མཛད་པ་ཡིན་ལ། འདི་ལྟར་མངོན་དུ་མཛད་པ་མདོ་དང་སྔགས་ཀྱི་གསུང་རབ་ཀྱི་གཞུང་ལུགས་ནས་འབྱུང་བའི་མཐོང་ལམ་ཐོབ་པ་དང་གནད་གཅིག་ཏུ་འདུའམ་སྙམ་ན། མདོ་སྔགས་ནས་བཤད་པའི་མཐོང་ལམ་དེ་དང་དོད་མཚུངས་སྦྱར་ན་དོད་མཚུངས་པ་ཙམ་སྦྱོར་དུ་རུང་ཡང་དོད་ཐུབ་པ་ནི་མ་ཡིན་ཏེ། མདོ་སྔགས་ཀྱི་གསུང་རབ་ནས་བྱུང་བའི་མཐོང་ལམ་དེ་ལས་འདིའི་རྟོགས་པ་འདིའི་རྟོགས་བྱའི་ལྟ་བ་དང་རྟོགས་བྱེད་ཀྱི་ཐབས་ཐམས་ཅད་དེ་དག་ནས་བསྒྲུབ་བྱ་སྒྲུབ་བྱེད་རྣམས་ལས་ལྷག་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། མ་ཟད་སྙིང་པོ་གསང་དོན་སོགས་སུ་ཡང་དེ་ལྟར་གསུངས་སོ། །དེ་ཡང་གྲུབ་ཆེན་ཏཻལླི་པའི་ཕྱག་ཆེན་གངྒཱ་མ་ལས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་སྡེ་སྣོད་ལ་སོགས་ཆོས་རྣམས་ཀུན། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེས་དང་། གྲུབ་ཆེན་ས་ར་ཧའི་སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་ལས། ཀྱེ་ཧོ་བདག་དང་བྱེད་པོར་འཛིན་པར་རལ་པ་ཅན། །བྲམ་ཟེ་གཅེར་བུས་དག་པ་རྣམས་དང་ནི། །ཁོ་ན་ཉིད་བཞི་འདོད་པའི་རྒྱང་ཕན་པ། །རྣམ་འབྱོར་པ་དང་དབུ་མ་ལ་སོགས་ཏེ། །གཅིག་ལ་གཅིག་སྐྱོན་འགེལ་ཞིང་རྩོད་པར་བྱེད། །སྣང་སྟོང་མཁའ་མཉམ་དེ་ཉིད་མི་ཤེས་པ། །ལྷན་ཅིག་སྐྱེས་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར། །ཞེས་གསུངས་པ་ལྟར་སྙིང་པོའི་ཐེག་པའམ་ཆོས་སྐུ་ཐུགས་ཀྱི་བསྟན་པ་ཟབ་མོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཆོས་ཚུལ་འདི་ནི་མདོ་སྔགས་ཀྱི་ཆོས་ཚུལ་ཀུན་དང་མཐུན་ཀྱང་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་པ་ཉིད་དུ་གྲུབ་པ་ཡིན་ནོ། །སྤྱིར་ན་སྙིང་པོ་ཕྱག་རྒྱ་ཆེན་པོ་འདི་ནི་མདོ་སྔགས་རྣམས་དང་མཐུན་པར་སྦྱོར་དུ་ཡོད་ཀྱང་། ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་འབྲེལ་བ་བཤད་པ་དང་། །རིམ་པས་འཇུག་པར་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱར་དུ་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་སྙིང་པོའི་ཐེག་པ་རང་ལྡོག་ནི་མདོ་སྔགས་གཉིས་ཀ་ལ་མ་ལྟོས་པའི་ཅིག་ཅར་པ་ཆོས་སྐུ་གསེང་ལམ་ཉིད་དུ་གྲུབ་པས། མཉམ་མེད་དྭགས་པོས། མདོ་ཡི་ཐེག་པ། སྔགས་ཀྱི་ཐེག་པ། སྙིང་པོའི་ཐེག་པ། ཞེས་ཐེག་པ་གསུམ་དུ་དབྱེ་བར་མཛད། གསུམ་པོ་དེ་ལས་ཕྱི་མ་སྟེ། སྙིང་པོ་གནད་ཀྱི་ཐེག་པ། ཆོས་སྐུ་ཐུགས་ཀྱི་བསྟན་པ། ཟབ་མོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་དེ་ཉིད་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཆེས་ཆེར་མངའ་བའི་རྟོགས་པ་དོན་བརྒྱུད་ཀྱི་སྐྱེས་བུ་ཁྱད་པར་ཅན་རྣམས་ཀྱི་དགོངས་པའི་གཏད་སོ་དམིགས་བསལ་བ་ཆེས་ཁྱད་པར་དུ་འཕགས་པ་ནི་ཆོས་སྐུ་ཐུགས་ཀྱི་བསྟན་པ་འདི་ཉིད་ལགས་པས། ཅི་སྟེ་དོན་བརྒྱུད་སྙིང་པོའི་རིང་ལུགས་པ་འདི་ལ་ཁྱད་ཆོས་ཤིག་ཡོད་དགོས་ཚེ་ཐུན་མོང་མ་ཡིན་པའི་ཆོས་ཚུལ་འདི་ཉིད་ཀྱི་སྒོ་ནས་ཡོད་དགོས་པ་འདྲ་སྟེ། གཞན་ཐུན་མོང་བའི་རྣམ་བཞག་ཕྲན་བུ་འགའ་ལ་ཐུན་མོང་བའི་ཞིབ་ཆ་ཉི་ཚེ་བའི་ཁྱད་ཆོས་འགའ་ཞིག་ཡོད་ཀྱང་འགྲིག་ལ་མེད་ཀྱང་འགྲིག་པའི་ཚོད་དུ་སྣང་ངོ་། །

 

ཞེས་པ་འདི་ནི་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པའི་གསུང་རབ་ཀྱི་གནད་ལ་མཐོང་ཐོས་ཀྱི་ཤེས་རྒྱ་མཆོག་ཏུ་གྱུར་པ་དང་ལྡན་པ་ཤེས་རབ་མཆོག་ལྡན་དུ་འབོད་པ་དེས་བྲིས་ཤིང་སྤེལ་བ་དགེའོ། །


(༡ ཚད་མ་རིགས་གཞུང་རྒྱ་མཚོ་མངོན་སུམ་ལེའུ་ལས། ཡང་(༣༣༨ན)འདིར་འབྱུང་བའི་ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་པར་བཞག་པ་གང་ཡིན་པ་དེ་ཉིད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་སུ་གཏན་ལ་ཕབ་པའི་ཟབ་མོའི་དོན་རྣམས་དང་འགལ་ལོ་སྙམ་དུ་བོད་ཀྱི་དབུ་མ་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་ལས་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདི་ལྟར་རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་གཞུང་ལུགས་ཆེན་པོ་རྣམས་ནས་བཤད་པ་ལྟར་སྟོང་བཞིའི་སྟེང་དུ་གཟུང་བ་དང་འཛིན་པའི་སྤྲོས་པ་མཐའ་ཡས་པ་སེལ་ཚུལ་གང་ཡིན་པ་དེ་ཡང་འདིར་འབྱུང་ལ། ཆོས་ཀྱི་དབྱིངས་ལ་བསྟོད་པ་ལ་སོགས་པར་གསུངས་པའི་སྤྲོས་པ་ཉེ་བར་ཞི་བའི་གསལ་སྟོང་དབྱེར་མེད་པའི་སེམས་ཉིད་དེ་ཡང་འདིར་རྒྱ་ཆེར་གཏན་ལ་འབེབས་པར་མཛད་པའི་ཕྱིར། འདི་གཉིས་ཇི་ལྟར་འགལ་བར་འགྱུར། གང་གི་ཕྱིར། དེ་ལྟར་ཡིན་པ་དེའི་ཕྱིར། སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་ནས་ཉེ་བར་བརྒྱུད་པའི་དབུ་མ་པ་ཆེན་པོ་དཔལ་ཕྱོགས་ཀྱི་གླང་པོ་དང་། ཆོས་ཀྱི་གྲགས་པ་རྣམས་ཀྱིས་སྟོང་པ་ཉིད་དུ་གནས་པའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་གཙོ་བོར་གཏན་ལ་ཕབ་པས་རང་བཞིན་གསལ་བའི་རོལ་པ་ལས་རྣམ་པ་ཅི་དང་ཅིར་སྣང་ཡང་དེ་དང་དེར་མ་གྲུབ་པར་ངོ་བོ་སྟོང་པ་ཉིད་དུ་རྟོགས་པར་ནུས་པ་ལ་དགོངས་ནས་གཙོ་བོར་སེམས་ཕྱོགས་གཏན་ལ་འབེབས་པར་མཛད་ལ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་ཉེ་བར་བརྒྱུད་པའི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ནི། སེམས་ཉིད་རྣམ་པ་སྣ་ཚོགས་སུ་སྣང་བ་འདི་སྣང་བ་ལྟར་དུ་མ་གྲུབ་པར་གཙོ་བོར་གཏན་ལ་ཕབ་པས་གཟུང་བ་དང་འཛིན་པས་སྟོང་པ་དེ་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་རྟོགས་(༣༣༨བ)ནུས་པ་ལ་དགོངས་ནས་གཙོ་བོར་སྟོང་པའི་ཕྱོགས་ནས་གཏན་ལ་འབེབས་པར་མཛད་པ་ཡིན་ནོ། །ཞེས་གསུངས།

 

(༢) ཡར་ཀླུངས་ལྷ་ལུང་བ་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་དྲིས་པའི་ལན་རྗེ་ཆོས་གྲགས་མཚོས་མཛད་པ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་བཅོས་མ་གློ་བུར་བ་གཞན་ལ་ལྟོས་པས། སྤྲོས་པ་དང་བཅས་པ་ནི་རང་གིས་སྟོང་པ་ཡིན་ལ། མ་བཅོས་པ་གློ་བུར་བ་མ་ཡིན་པ། གཞན་ལ་མི་ལྟོས་ཤིང་། སྤྲོས་པ་དང་བྲལ་བའི་ཆོས་ཉིད་ནི་གཞན་གྱིས་སྟོང་པ་ཡིན་པས། དེ་ནས་རང་(༣༧༥བ)སྟོང་དང་གཞན་སྟོང་མི་འགལ་ལོ། །ཞེས་གསུངས།

 

(༣) རང་སྟོང་གཞན་སྟོང་སྟོན་པའི་གསུང་རབ་ཀྱི་དོན་ཇི་ལྟ་བར་སྟོན་པ་མདོར་བསྡུས་པ་ལས། དབུ་མའི་གཞུང་ལུགས་ལ་སོགས་པར། ཆོས་ཐམས་ཅད་རང་གིས་སྟོང་པར་གསུངས་པ་རྣམས་དང་། སྙིང་པོ་སྟོན་པའི་མདོ་སྡེ་དག་ལས། གཞན་གྱིས་སྟོང་པར་གསུངས་པ་འགལ་ལམ་ཞེ་ན། འགལ་བ་ལྟ་སྨོས་ཀྱང་ཅི་དགོས། རང་སྟོང་བསྟན་པ་རྣམས་ཀྱིས་དོན་ཇི་ལྟ་བར་མ་རྟོགས་ན། གཞན་སྟོང་གིས་དོན་ཇི་བཞིན་པ་མི་རྟོགས་ལ། དེ་བཞིན་དུ་གཞན་སྟོང་བསྟན་པ་རྣམས་ཀྱིས་དོན་ཇི་ལྟ་བར་མ་རྟོགས་ན། རང་སྟོང་གི་དོན་ཇི་བཞིན་པ་རྟོགས་པར་མི་འགྱུར་རོ། །ཞེས་གསུངས།

 

(༤) རྗེ་བདུན་ཀོང་ཡུལ་དུ་མཛད་པའི་རྣལ་འབྱོར་རས་པའི་དྲིས་ལན་ལས། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འཁོར་ལོ་དང་པོར་ཡོད་པའི་སྒྲས་བསྟན་པ་དང་། བར་པ་མེད་པའི་སྒྲས་བསྟན་པ་གཉིས་ཀ་དྲང་དོན་ཡིན། ཡོད་མེད་སོ་སོར་ཕྱེས་ནས་བསྟན་པ་འཁོར་ལོ་མཐའ་མ་ངེས་དོན་དུ་བཤད་དོ། །ལྟ་བ་ནི། གཞན་དབང་ལ་ཀུན་བཏགས་ཀྱིས་སྟོང་པའི་ཆོས་ཉིད་ཡོངས་གྲུབ་ནི་ཡོད། ཀུན་བཏགས་མེད་པར་ལྟ་བ་གཉིས་ཏེ། གནས་སྐབས་སུ་བར་པ་དང་མི་མཐུན་པ་ལྟར་བསྟན་ཀྱང་མཐར་ཐུག་གི་ལྟ་(བ་)བར་པ་དང་མཐུན་པར་དགོངས་འགྲེལ་རང་ལས་བཤད་ཅིང་གྲུབ་ཅིང་གྲུབ་མཐའ་ནི་གཏན་ལ་འབེབ་པ། བསྡུ་བ་སོགས་དང་། དགོངས་འགྲེལ་གྱི་འགྲེལ་པ་ལས་བྱུང་བ་ལྟར་རོ། །ཞེས་གསུངས།

 

(༥) དྲིས་ལན་གཉིས་པོ་ཅུད་རྒྱས་པས་འདིར་མ་བཀོད། དཔེར་ན་ཕྱོགས་མཚོན་ཙམ་ནི། དེ་ཉིད་ལས། རང་བྱུང་རྡོ་རྗེའི་གསུང་རབ་རྣམས་སུ་བྱམས་ཆོས་དང་། ཀླུ་སྒྲུབ་ཀྱི་གཞུང་ལུགས་ཀྱི་འགལ་སྤོང་མཛད་པ་དུ་མ་ཞིག་ཡོད་ལ། གཞུང་ལུགས་གཉིས་ཀ་འཁོར་ལོ་གསུམ་པའི་སྙིང་པོ་དབུ་མར་བཀྲལ་ཞེས་པ་ལ། དང་པོར་འཁོར་ལོ་གསུམ་པ་ངོས་འཛིན་དགོས་ཏེ། མདོ་སྡེ་དགོངས་འགྲེལ་ལས། འཁོར་ལོ་གསུམ་དུ་བཤད་པ་ཡི། དང་པོ་གསུམ་སྒྲོ་སྐུར་དང་བྲལ་བས་ཡོད་མེད་ཀྱི་མཐའ་ལས་རྣམ་པར་གྲོལ་བ། གཉིས་སུ་མེད་པ་དབུ་མའི་ལམ་སྟེགས་སུ་གསུངས་པའི་འཁོར་ལོ་གསུམ་པ་དེ་ཡིན་ནམ། གཟུངས་དབང་གིས་ཞུས་པའི་མདོ་ལས། གཏམ་གསུམ་གསུངས་པའི་གསུམ་པ། སྙིང་རྗེ་གཙོ་བོར་སྟོན་པ་རྣམས་ནས་གསུངས་པའི་སྙིང་པོ་དེ་མི་སྟོང་པས་མེད་པ་མ་ཡིན་ཞིང་། དེ་ལ་དྲི་མས་སྟོང་པས་གང་ལ་གང་གིས་སྟོང་པ་ནི། ལྷག་མ་རྟག་པར་ཡོད་པར་ཤེས་པ་དེ་ནི། སྒྲོ་སྐུར་གྱི་མཐའ་དང་བྲལ་བས། ཕྱིན་ཅི་མ་ལོག་པའི་སྟོང་ཉིད་དུ། རྒྱུད་བླ་མར། འདི་ལ་གསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱིས་འགྲེལ་པར་གསུངས་པའི། དོན་དེ་སྟོན་པའི་གཏམ་གསུམ་པ་དེ་ཡིས་སམ། ཆོས་འཁོར་གསུམ་པ་གང་གིས་དབུ་མ་ཆེན་པོར་བཀྲལ་བ་དེ་ཤེས་དགོས་ལ། དེ་ལ་ཡང་། དགོངས་འགྲེལ་ལས་འཁོར་ལོ་གསུམ་གསུངས་པའི། དང་པོ་གཉིས་དྲང་དོན། གསུམ་པ་ངེས་དོན་དུ་གསུངས་པའི་དབུ་མའི་ལམ་དུ་སྐུ་མཆེད་གཉིས་ཀྱིས་བཀྲོལ་ཚུལ་དེ་ལ། རང་བྱུང་པས། ཆེད་དུ་བརྗོད་ནས། ཀླུ་སྒྲུབ་ཀྱི་ལུགས་ལ་སྨད་པ་(༢༡༣ན)ཡང་མེད་ལ། མདོ་སྡེ་དགོངས་འགྲེལ་རྗེས་འབྲང་དང་བཅས་པ་ལ་སྨད་པ་ཡང་མེད་དེ། དེར་གསུངས་པའི་དྲང་ངེས་ཀྱི་ཁྱད་པར་དང་། མདོ་གཞན་ལས་གསུངས་པ་མང་། གདུལ་བྱའི་ཁྱད་པར་ལས་བསྟན་ཚུལ་སྣ་ཚོགས་ལས་བསྟན་པར་ཟད་ཀྱིས་དོན་ལ་འགལ་བར་ཡོད་པ་མི་རིགས་པའི་ཕྱིར་རོ། །གཟུངས་དབང་གིས་ཞུས་པའི་གཏམ་གསུམ་པ་སྙིང་པོ་སྟོན་པའི་མདོར་བྱེད་པ་ལྟར་ན་དྲི་མས་སྟོང་ལ། སྙིང་པོས་མི་སྟོང་བ་སོགས། རྒྱུད་བླ་མ་དང་། ཆོས་དབྱིངས་བསྟོད་པ་སོགས་སུ་གསུངས་མོད་ཀྱང་། ཀླུ་སྒྲུབ་ཀྱི་ལུགས་ཀྱི་སྟོང་ཉིད་ལས་ཁྱད་པར་དུ་འཕགས་པའི་ངེས་པ་མེད་དེ། ལང་ཀར་གཤེགས་པར་སྙིང་པོ་བསྟན་པའི་དགོངས་གཞི། བདག་མེད་པ་དང་སྟོང་ཉིད་ལ་དགོངས་ནས། དགོས་པ་བདག་མེད་ལ་སྐྲག་པ་སྤངས་པའི་དོན་དུ་གསུངས་པ་སྟེ། དངོས་ལ་གནོད་བྱེད་སྒྲ་ཇི་བཞིན་པ་ལ་མུ་སྟེགས་བྱེད་ཀྱི་བདག་དང་མཚུངས་པར་འགྱུར་བ་སོགས་རྒྱས་པར་གསུངས་ཤིང་། ཞེས་སོགས་རྒྱ་ཆེར་གསུངས་སོ། །

 

(༦) ༄། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །དབྱེར་མེད་རྩ་བའི་བླ་མ་དང་། །རྒྱལ་དང་འཇམ་དབྱངས་མ་ཕམ་པ། །ཟབ་མོ་སྟོན་རྣམས་ལ་འདུད་དེ། །མདོ་སྡེ་འགའ་ལས་ཆོས་རྣམས་ཀུན། །རང་གིས་སྟོང་ཞེས་གསུངས་པ་དང་། །གཞན་ལས་གཞན་གྱིས་སྟོང་ཞེས་པ། །དེ་དག་ཕུན་ཚུན་འགལ་བ་ནི། །བློ་ཞེན་རྣམས་ཀྱིས་སྨྲ་བར་བྱེད། །སྟོན་པ་མཆོག་གི་བསྟན་པ་ལ། །འགལ་བར་སྨྲ་སོགས་ཉེས་མེད་པས། །འདིར་དོན་གཅིག་པར་བསྡུས་ཏེ་བཤད། །

ཡང་དག་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་གཟུགས་ནས་བཟུང་སྟེ་རྣམ་མཁྱེན་གྱི་བར་རང་གི་ཆོས་ཐམས་ཅད་རང་གིས་ངོ་བོས་སྟོང་པར་གསུངས་པ་དང་། དེས་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལས། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པ་ག་ལ་འགྱུར། །ཞེས་སོགས་ཀྱི་མི་སྟོང་པའི་ཆོས་ཅུང་ཟད་ཀྱང་མེད་པ་ཆོས་ཐམས་ཅད་རང་བཞིན་སྟོང་ཞིང་། རང་གིས་ངོ་བོ་གྲུབ་པ་མེད་པ་གསུངས་ལ། མདོ་གཞན་ལས་ཀུན་གཞིའི་རྣམ་ཤེས་ཡོད་པར་གསུངས་པ་ཡང་། དབུ་མ་འཇུག་པར་དེ་བཞིན་ཉིད་ལ་ཀུན་གཞིའི་སྒྲས་བརྗོད་ཀྱི། ཀུན་བཞིའི་རྣམ་ཤེས་མེད་པར་བཤད་པ་དང་། མདོ་སྡེ་ཁ་ཅིག་ལས། སེམས་ཅན་གྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་བཞུགས་པར་བསྟན་པ་ཡང་། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དགོངས་ནས་གསུངས་པ། འཇུག་འགྲེལ་ལས། ལང་ཀར་གཤེགས་པའི་མདོ་དྲངས་ནས། རྣམ་པ་དེ་ལྟའི་མདོ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་ཆོས་གང་མི་སྟོང་པར་ཡོད་པར་གསུངས་པ་ཐམས་ཅད་དྲང་བའི་དོན་དུ་ཡིན་ནོ། །ཞེས་བཤད་དོ། །མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཤེར་ཕྱིན་ལ་སོགས་ལས་མེད་པ་རྣམས་ཐམས་ཅད་སྟོང་ངོ་། །མེད་དོ། །ཞེས་པའི་དོན། ཀུན་བཏགས་མཚན་ཉིད་ངོ་བོ་མེད་པས། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་(༣༢༥བ)པས། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་ཏེ། དེ་ནས་མདོ་འདིར་ཆོས་འཁོར་གསུམ་དུ་མཛད་པ་ནི་བར་པར་ངོ་བོ་ཉིད་ཀྱིས་མ་སྐྱེས་ཞེས་སོགས་ཀྱི་དོན་ལ་སྒྲ་ཇི་བཞིན་པར་འཛིན་པ་ཆད་ལྟ་སྐྱེས་པ་དང་། སྟོང་ཉིད་ཀྱི་དོན་ལ་སྐྲག་པ་སྐྱེས་པའི་གང་ཟག་གཉིས་ཀྱི་དོན་དུ་ཆོས་འཁོར་གསུམ་པར་ངོ་བོ་ཉིད་ཀྱིས་མ་སྐྱེས་ཞེས་སོགས་ཀྱི་དོན་ཡོད་མེད་སོ་སོ་ཕྱེ་ན་བསྟན་པ་ཆོས་འཁོར་གསུམ་པར་བསྐོར་བ་མཛད་མོད་ཀྱང་། མདོ་འདིར་གཞན་དབང་ལ་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་དང་། གཞན་དབང་ཡོད་པར་གསུངས་ཀྱང་། བར་པའི་དོན་ངོ་བོ་མེད་པ་གསུམ་ལ་དགོས་ཞེས་ངེས་པའི་དོན་དྲང་བའི་མདོ་ལས། བཙལ་བར་བྱ་ཞེས་བརྗོད་བྱའི་དོན་རོ་གཅིག་ཏུ་གསུངས་པས་ཀྱང་བཤད་པའི་གདུལ་བྱ་དེ་ལྟ་བུའི་ངོར་སྒྲ་ཇི་བཞིན་པར་ནི་མ་ཡིན་ནོ། །ཞེས་བསྟན་པར་མཛད་པར་མདོ་འདི་ཉིད་ལས་གསུངས་པས། འདི་བར་མཐའ་གཉིས་ལས་དྲང་ངེས་མཛད་པ་ཡང་། གདུལ་བྱ་དེ་ལྟ་བུ་ལ་དྲང་ངེས་དེ་བཞིན་དུ་མཛད་ཀྱི། བར་པའི་སྒྲ་ཇི་བཞིན་པར་འཛིན་པའི་ཆད་ལྟ་མ་སྐྱེས་པ་དང་། སྟོང་ཉིད་ཟབ་མོ་ལས་སྐྲག་པ་མ་སྐྱེས་པ་ཇི་ལྟར་བར་ཁོང་དུ་ཆུད་པ་ལ་ནི་བར་པའི་དོན་ཉིད་ངེས་དོན་དང་། མཐའ་མ་དྲང་དོན་དུ་འགྱུར་བར་མདོ་དགོངས་འགྲེལ་ཉིད་ལས་གསལ་བར་གསུངས་པས། འདིའི་མཐའ་མ་ནི། གངས་ཅན་པ་རྣམས་རང་སྟོང་དང་གཞན་སྟོང་ཞེས་སྒྲོག་པའི་གཞན་སྟོང་གི་ཕྱོགས་སུ་མི་གཏོགས་སོ། །དེ་ནས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། གཏམ་གསུམ་དུ་གསུངས་པའི་ཐ་མ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་རྣམས་དང་། དེའི་དགོངས་འགྲེལ་བསྟན་བཅོས་རྒྱུད་བླ་མ། ཆོས་དབྱིངས་བསྟོད་པ་ལ་སོགས་པར། གང་ལ་སྟོང་ན་ཆོས་ཐམས་ཅད་རང་བཞིན་རྣམ་དག་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དབྱེར་མེད་པའི་སྙིང་པོ་རང་གིས་མི་སྟོང་ལ། གང་གིས་སྟོང་པ་དྲི་མ་གློ་བུར་བ་གཞན་གྱིས་སྟོང་པར་གསུངས་པ་རྣམས་ཀྱིས་གཞན་སྟོང་སྟོན་ཏེ། འོ་ན་ཤེར་ཕྱིན་གྱི་མདོ་ལ་སོགས་པ་དང་། དབུ་མའི་༼མ་དཔེར་ལྡེབ་བཅོ་བརྒྱད་ཀྱི་རྒྱབ་ངོས་ནས། ཉེར་དྲུག་བར་གོང་འོག་འཁྲུགས་སྐྱོན་ཆེར་འདུག་པས་བསྡེབས་ཁུལ་བགྱིས་ཡོད་པས་དཔྱད་༽(༣༢༧ན)གཞུང་ལུགས་ལ་སོགས་པར། ཆོས་ཐམས་ཅད་རང་གིས་སྟོང་པར་གསུངས་པ་རྣམས་དང་། སྙིང་པོ་སྟོན་པའི་མདོ་སྡེ་དག་ལས། གཞན་གྱིས་སྟོང་པར་གསུངས་པ་འགལ་ལམ་ཞེ་ན། འགལ་བ་ལྟ་སྨོས་ཀྱང་ཅི་དགོས། རང་སྟོང་བསྟན་པ་རྣམས་ཀྱིས་དོན་ཇི་ལྟ་བར་མ་རྟོགས་ན། གཞན་སྟོང་གིས་དོན་ཇི་བཞིན་པ་མི་རྟོགས་ལ། དེ་བཞིན་དུ་གཞན་སྟོང་བསྟན་པ་རྣམས་ཀྱིས་དོན་ཇི་ལྟ་བར་མ་རྟོགས་ན། རང་སྟོང་གི་དོན་ཇི་བཞིན་པ་རྟོགས་པར་མི་འགྱུར་རོ། །དེ་ཡང་རང་སྟོང་བསྟན་པ་རྣམས་ལས་རང་ཞེས་པ་ནི། ཡང་དག་པ་རང་བཞིན་གྱི་གདོད་ལུགས་སུ་གྲུབ་པ་མེད་བཞིན་དུ་གྲུབ་པ་ལྟར་སྣང་ཞིང་། འཛིན་པའི་དྲི་མ་གློ་བུར་པ་སྤང་བར་བྱ་བ་རྣམས། རང་གིས་གདོད་ལུགས་སུ་གྲུབ་པ་མེད་པ་སྟོང་པ་རང་གིས་སྟོང་། ཞེས་ཆོས་ཅན་རྫུན་པ་སྤང་བྱ་རྣམས་ལ་རང་དུ་བྱས་ལ། དེ་ཡང་གཟུགས་སུ་བདེན་པར་མ་གྲུབ་པར་བཟུང་བ་ལྟར་གནས་ལུགས་སུ་གྲུབ་ན། རྣམ་མཁྱེན་གྱི་བར་ཀྱི་ཆོས་ཐམས་ཅད་གྲུབ་མཉམ་ཡིན་ལ། འཁོར་བ་རང་གི་གཤིས་སམ། ཡང་དག་པར་བདེན་པར་གྲུབ་ན་མྱང་(འདས་)ཀྱང་གྲུབ་ལ་འཁོར་བ་མ་གྲུབ་སྟེ་མྱང་འདས་ཀྱང་མ་གྲུབ་སྟེ། དེ་ལྟར་ཕན་ཚུན་ལྟོས་པའི་ཆོས་ཐམས་ཅད་གནས་ལུགས་ཡང་དག་པར་གྲུབ་ན་གྲུབ་མཉམ། མ་གྲུབ་ན་མ་གྲུབ་མཉམ་དུ་གསུངས་པ་ན། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཡོད་པ་དང་མེད་པ་ཞེས་ལྟོས་པའི་དབང་གི་སྒྲོ་བཏགས་ནས་བཞག་པ་ལྟར་གྲུབ་པ་མེད་པས། དེ་ནས་གདམས་ངག་མེད། སེམས་ཅན་མེད། འཁོར་བ་མེད། སྤང་བྱ་སྒྲིབ་པ་རྣམས་མེད། ཀུན་རྫོབ་མེད། ཅེས་སོགས་ཀྱི་ཚེ་སངས་རྒྱས་དང་། མྱང་འདས་དང་། སྒྲིབ་པ་དག་པའི་སྤང་པ་དང་། དོན་དམ་སོགས་ཀྱི་ཡོད་དོ། །མཉམ་དུ་ལྟོས་པའི་སྒོ་ནས་ཡོད་པ་དང་། མེད་པར་གཟུང་བར་ལྟར་གྲུབ་པ་འཛིན་པ་ནི། ཇི་ལྟར་གཟུང་(༣༢༧བ)བ་ལྟར་མ་གྲུབ་ཅིང་། སྟོང་པས་རང་གིས་སྟོང་། ཞེས་གསུངས་ལ། ཆོས་ཉིད་དེ་བཞིན་ཉིད་རང་བཞིན་རྣམ་རྟོག་གིས་སྟོང་པར་མ་གསུངས་ཏེ། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཡིན་ནོ། །ཞེས་སོགས་མདོ་ལས་གསུངས་པ། དབུ་མ་འཇུག་པ་སོགས་སུ་དྲངས་ཤིང་། ཡུམ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་དེ། ཞེས་སོགས་རྣམ་(པ་)དུ་མ་གསུངས་ཤིང་། གཞན་ཡང་རང་སྟོང་གི་གཞུང་རྣམས་ལ་བདེན་པ་མེད་ཅེས་བཤད་ཀྱི། བདེན་པས་སྟོང་པར་མ་བཤད་ལ། དེ་བཞིན་དུ་དོན་དམ་པ་སྟོང་གིས། དོན་དམ་པ་མ་གསུངས་ཤིང་། ཡང་དག་པར་སྟོང་གིས། ཡང་དག་པ་སྟོང་པ་མ་ཡིན་པ་དང་། གཟུགས་སོགས་ཀྱི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པས་སྟོང་པ་ཡིན་གྱི། རང་བཞིན་གྱི་དག་པའི་ཆོས་ཉིད་གཟུགས་སོགས་ལ་སྟོང་པ་མ་ཡིན་ཏེ། གཟུགས་སོགས་རང་བཞིན་གྱིས་སྟོང་པའམ། དག་པ་སྟོང་པ་མ་ཡིན་པའི་ཕྱིར་རོ། །གཞན་སྟོང་སྟོན་པ་དག་གིས་ཀྱང་། རྣམ་པར་དབྱེ་བ་དང་བཅས་པ། རང་བཞིན་གྲུབ་པ་མེད་ཅིང་མི་བདེན་པ་གློ་བུར་བ་བྲལ་ཤེས་པ། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཡོད་པ་དང་མེད་པ་ཞེས་སྒྲོ་བཏགས་ཤིང་གཟུང་བའི་སྤྲོས་པ་ཐམས་ཅད་རང་གི་གདོད་ལུགས་སུ་གྲུབ་པ་མེད་པས་སྟོང་པས་ན་དྲི་མ་གློ་བུར་བ་རང་གིས་སྟོང་ལ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་དབྱེར་མེད་པའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། གདོད་མ་ནས་འགྱུར་བ་མེད་ཅིང་རྫུན་པ་མ་ཡིན་པས། གློ་བུར་བ་མ་ཡིན་པ་འབྲལ་མི་ཤེས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་དམ་པ་མི་སྟོང་པར་གསུངས་པས་ཡིན་ཏེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་(༣༢༨ན)སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་(པ་)ཡིན། །ཞེས་སོགས་གསུངས་པས་གང་གིས་སྟོང་ན། ཡོད་པ་མ་ཡིན་པ་ལ་ཡོད་པ་དང་། མེད་པ་མ་ཡིན་པ་ལ་མེད་པར་གཟུང་བ་སོགས་གནས་ཚུལ་དང་མི་མཐུན་པ་གཟུང་བ་བདག་དང་ཕུང་པོ་རྣམ་རིག་སོགས་དང་དངོས་པོ་དང་མཚན་མར་གཟུང་བའི་རྣམ་པར་རྟོག་པ་སྤྲོས་པའི་ཚོགས་དྲི་མའི་ཕྱོགས་ཀྱིས་སྟོང་ལ། དེ་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་དོན་དམ་པའི་བདེན་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་ཡིན་ལུགས་ཀྱིས་སྟོང་པ་ཡང་མ་ཡིན་ཞེས་པ་སྟེ། མདོར་བསྡུས་ན་རང་སྟོང་དང་གཞན་སྟོང་སྟོན་པ་གཉིས་ཀ་ལས་གང་གིས་སྟོང་ན་དྲི་མ་གློ་བུར་བ་སྤྲོས་པའི་མཚན་མ་རྣམས་ནི་རང་གིས་སྟོང་ལ། གང་ལ་སྟོང་ན་དྲི་མ་གློ་བུར་བས་དག་ཅིང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དེ་ཉིད་ལ། སྟོང་པ་ན་གཞན་གྱིས་སྟོང་པ་སྟེ། རྒྱས་པར་ནི་གཞན་དུ་འཆད་པར་འདོད་དོ། །ཐུབ་པའི་གསུང་རབ་ཤིན་ཏུ་ཟབ་མོའི་དོན། །སྟོང་ཉིད་རྟོགས་པས་མདོ་དོན་ཇི་བཞིན་དུ། །འགལ་བ་མེད་པ་འདི་ནི་བསྡུས་ཏེ་བཤད། །འདི་ཡི་དགེ་བ་མདོ་དོན་རབ་ཟབ་པས། །རྟོགས་ནས་སྒྲིབ་བྲལ་སངས་རྒྱས་ཐོབ་པར་ཤོག །ཅེས་བསོད་ནམས་ལྷུན་གྲུབ་སོགས་དོན་གཉེར་དུ་མས་བསྐུལ་ནས། རང་སྟོང་གཞན་སྟོང་སྟོན་པའི་གསུང་རབ་ཀྱི་དོན་ཇི་ལྟ་བར་སྟོན་པ་མདོར་བསྡུས་པ། ཀརྨ་པ་ཆོས་གྲགས་རྒྱ་མཚོས། འོར་ཤོད་དུ་བྲིས་པའོ། །

 

(༧ )འབྲོང་བུ་ནང་སོ་དྲུང་དར་གྱི་བསྐུར་ངོར་ཀོང་ཡུལ་རྣམ་ཐོས་ཀྱི་རི་བོར་མཛད་པའི་གསུང་ཞིག་ལས། ཕྱག་རྒྱ་ཆེན་པོ་ནི། རྒྱ་གར་སྐད་ལ་མ་ཧཱ་མུ་དྲ་(༣༤༡བ)ཞེས་(ཕྱག་)རྒྱ་ཆེན་པོ་ཟེར། བོད་དུ་རྒྱལ་པོ་རྣམས་ཀྱིས། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྟགས་ཡིན་པས། ཕྱག་རྒྱ་ཆེན་པོ་ཞེས་བཀའ་བཅད་ཀྱིས་བསྣན་པ་ཡིན་ཞེས་གསུངས། དེ་ལ་རྒྱ་ནི་ཡོད་མེད། སྟོང་མི་སྟོང་། སྤྲོས་པ་དང་བྲལ་མ་བྲལ། ཀ་ནས་དག་མ་དག །འཁྲུལ་མ་འཁྲུལ་ལམ་གསུམ་གྱི་བསྡུས་པ་ཕྱི་རོལ་པ་དང་ནང་པ་ལ་སོགས་ལྟ་བ་དང་། གྲུབ་མཐའ་ཡོད་ཚད་ཐམས་ཅད་འདི་ལས་མི་འདའ་བས། ཕྱག་རྒྱ་ཆེན་པོ་ཡིན་པས། དབུ་མ་དང་རྫོགས་ཆེན་སོགས་ཀྱི་ལྟ་བ་ཐམས་ཅད་ཀྱང་ཕྱག་ཆེན་གྱི་ཕྱོགས་རེ་ཙམ་ཡིན་པས། ཕྱོགས་རེ་ཙམ་ཀྱིས་ཀུན་དང་མཐུན་ཀྱང་། ཕྱོགས་རེ་ཙམ་གྱིས་འདི་ཡི་དོན་རྫོགས་མི་ནུས་པས་བརྟག་མི་ནུས་ཀུན་ལས་ལྷག་ཅེས་གསུངས། འདི་ལ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན། སྤྲོས་པ་ཡང་མ་ཡིན། སྤྲོས་པ་དང་བྲལ་བ་ཡང་མ་ཡིན། འཁྲུལ་པ་ཡང་དེ་ཡིན། མ་འཁྲུལ་པ་ཡང་དེ་ཡིན། ཀ་ནས་དག་པ་ཡང་དེ་ཡིན། མ་དག་པ་ཡང་དེ་ཡིན། འཁོར་བ་ཡང་དེ་ཡིན། འཁོར་བ་ལ་འདས་པ་ཡང་དེ་ཡིན། ལམ་ཡང་དེ་ཡིན། དབུ་མའི་སྟོང་ཉིད་ཀྱི་ལྟ་བ་ཡང་འདིའི་ཕྱོགས་གཅིག་ཙམ་ཡིན་པས་འདི་ལས་མ་འདས། རྫོགས་ཆེན་པའི་ལྟ་བ་ཀ་དག་ཆེན་པོ་ཡང་འདིའི་ཕྱོགས་གཅིག་ཡིན་པས་འདི་ལས་མ་འདས། དེའི་དོན་གྱིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྗེ་དྭགས་པོའི་གསུང་དང་། རྗེ་རང་བྱུང་པས་བཞེད་པར་འདུག །ཅེས་གསུངས་སོ། །

 

(༨) རྫ་ཡིག་ཚུལ་ཁྲིམས་རྒྱལ་མཚན་པའི་དྲིས་ལན་ལས།

འཁོར་ལོ་མཐའ་མ་དང་མཐུན་པར་གང་གིས་བཞེད་ཅེས་པས། དགོངས་འགྲེལ་ནས་བཤད་པའི་མཐའ་མ་དང་མཐུན་པར། སློབ་དཔོན་འདིའི་བཞེད། གཞུང་འདི་ནས་ཚིག་གིས་ཟིན་པར་བཤད་ཅེས་པ་ནི། དཀའ་བར་པར་སྣང་། འོན་ཀྱང་ཕྱི་ནང་གི་ལྟ་གྲུབ་ཐམས་ཅད་ཀྱི་གཞིར་གསུངས་པ་འདི་བསྟན་པར་བཤད་དུ་རུང་ངོ་། །གཟུངས་དབང་གིས་ཞུས་པའི་གཏམ་གསུམ་གྱི་མཐའ་མ་བདེར་གཤེགས་སྙིང་པོ་བསྟན་པའི་མདོ་དང་། བསྟན་བཅོས་རྒྱུད་བླ། ཆོས་དབྱིངས་བསྟོད་པ་ལ་སོགས་པའི་བརྗོད་བྱ། སེམས་ཀྱི་རང་བཞིན་འོད་གསལ་ལོ། །ཞེས་རང་བཞིན་གྱིས་རྣམ་པར་དག་པ་ཡོན་ཏན་ཐམས་ཅད་ཀྱི་དབྱེར་མེད་པ། གནས་སྐབས་གསུམ་དུ་མི་འགྱུར་བ་དང་། གནས་ལུགས་ཕྱག་ཆེན་གྱི་ཕྱོགས་གཅིག་ཙམ་མཐུན་པ་དང་། ཉམས་སུ་ལེན་ཚུལ་ཀྱང་ཅུང་ཟད་ཕྱོགས་འདྲ་ཙམ་དུ། མཻ་ཏྲི་པའི་(༢༧༦ན)སློབ་རྒྱུད་པཎྜི་ཏ་སན་ཛ་ན་དང་། བཙན་ཁ་བོ་ཆེ་སོགས་ནས་བརྒྱུད་པ་མན་ངག་ལ་འབྱུང་ཞིང་། དྭགས་པོ་རིན་པོ་ཆེ་འོ་ཁར་བཞུགས་དུས། འོལ་སྐོལ་གྱི་ཕྱག་ཆེན་གྱི་གཞུང་ནི། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཡིན་ཅེས་གསུངས་པས། ཕྱོགས་གཅིག་ཙམ་མཐུན་པ་ལ་དགོངས། ཞེས་དང་། ཡང་དེ་ཉིད་ལས། བཀའ་བར་པ་དང་ཕྱག་ཆེན་མཐུན་པར། རྒྱ་གར་པ་དང་བོད་ཀྱི་བཞེད་ཅེས་པའི་ལན་ནི། ཆོས་གསུམ་དུ་མདོ་དགོངས་འགྲེལ་ནས་བཤད་པའི་བར་པ་ནི་ཤེར་ཕྱིན་གྱི་མདོ་འདི་(ལ་)སོགས་པ་ཡིན་ལ། དེའི་དངོས་བསྟན་སྙིང་པོའི་དོན་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་དབུ་མའི་གཞུང་རྣམས་དང་། ཕྱག་ཆེན་ཕྱོགས་གཅིག་ཙམ་གྱིས་མཐུན་པར། རྒྱ་གར་གྱི་སློབ་དཔོན་ཡེ་ཤེས་གྲགས་པས་བཤད་ཅིང་། མཻ་ཏྲི་པས་ཀྱང་། བླ་མའི་ངག་གིས་མ་བརྒྱན་པས། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་སོགས་ཀྱི་བཤད། གཞན་ཡང་ཕྱི་ནང་གི་ལྟ་གྲུབ་ཐམས་ཅད་ཀྱི་གཞི་འདི་ཡིན་ཞེས་རྒྱ་གཞུང་མང་ངོ་། །བོད་དུ་བཀའ་བརྒྱུད་རིན་པོ་ཆེའི་གསུང་རྣམས་སུ། འདི་ཉིད་ཀུན་དང་མཐུན་ཞེས་པའི་ཚེ། དབུ་མ་པ་དང་མཐུན་ཚུལ་གསུངས་པར་བཞེད་པར་གསོལ། ཞེས་གསུངས་སོ། །

 

(༩ ) ༈ ཕྱག་རྒྱ་ཆེན་པོའི་དོན་མི་འདའ་པའི་དོན་ཡིན་ལ། གཞི་ཕྱག་རྒྱ་ཆེན་པོ་ནི། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་གནས་ལུགས་སམ། ཡིན་ལུགས་རང་གི་ངོ་བོ་ཉིད་དེའང་། ལམ་ཕྱག་རྒྱ་ཆེན་པོ་ནི། དྲན་པས་རྫི་བོས་ཟིན་ཙམ་དུ་གང་ཤར་ལ་ཉམས་སུ་ལེན་པའོ། །འབྲས་བུ་ནི་གནས་ལུགས་ཀྱི་དོན་མངོན་དུ་གྱུར་པའོ། །མདོ་སྔགས་ཀྱི་ཕྱག་ཆེན་གྱི་ལྟ་བའི་ཁྱད་པར་ནི། སེམས་ཙམ་པ་རྣམས། ཕྱི་དོན་སྣང་བ་རང་སེམས་སུ་འདོད་ཅིང་དོན་དམ་པར་འདོད་ལ། དེ་བཞིན་རྟོགས་པའི་ཤེས་པ་ནི་ལྟ་བ་ཡིན་ནོ། །སྣང་བའི་སེམས་ལས་རང་གི་ལོགས་སུ་རང་གི་སྡོད་ལུགས་(༣༢༡ན)སུ་གྲུབ་པ་མེད་པ་ཁོ་ན་མ་ཡིན་པས། འདིར་ཀྱང་ཕྱག་ཆེན་གྱི་ཕྱོགས་གཅིག་ཙམ་བསྟན་པ་ཡིན་པས། ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །དབུ་མ་རྣམས་ཀྱིས་ཆོས་ཐམས་ཅད་བདེན་པར་རང་བཞིན་རྣམས། དོན་དམ་པར་སྟོང་པ་ཉིད་སྤྲོས་པའི་མཐའ་དང་བྲལ་བ་ཤེས་པ་ནི་ལྟ་བ་ཡིན་ལ། དེ་ཡང་སྤྲོས་པའི་བདེན་པ་གྲུབ་པ་སོགས་ཀྱི་སྟོང་པ་ཡང་ཕྱག་ཆེན་གྱི་ཕྱོགས་གཅིག་ཙམ་བསྟན་ཏེ། འདི་ཡང་ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །དགོངས་པ་(ངེས་)འགྲེལ་སོགས་ལ་ཤེར་ཕྱིན་གྱི་མདོ་ལས་སྟོང་ཉིད་དུ་བཤད་པའི་དོན་ལ་ཆད་ལྟ་སྐྱེས་པ་ཡང་། སྐྲག་པ་སྐྱེས་པ་རྣམས་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ནི། ཀུན་བཏགས་ཀྱིས་བཏགས་པར་བསྟན་པ་ཡིན་ལ། གཞན་དབང་དང་ཡོངས་གྲུབ་ཡོད་པ་ཡིན་ལ། ཡོད་མེད་སོ་སོར་ཕྱེས་ནས་བསྟན་པ་ཡང་། ཀུན་བཏགས་མིང་དང་བརྡས་བཞག་པ་ཡིན་པས། རང་གི་མཚན་ཉིད་ཀྱིས་མ་གྲུབ་གཞན་དབང་བཏགས་པའི་གཞི་དང་། དེ་ལ་བདག་ཉིད་དུ་བཏགས་པའི་ཀུན་བཏགས་ཀྱིས་སྟོང་ཉིད་ཡོངས་གྲུབ་མེད་པ་མ་ཡིན་པས། འདིས་ཀྱང་ཕྱག་ཆེན་ཕྱོགས་གཅིག་བསྟན་པས། ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །བདེར་གཤེགས་སྙིང་པོ་བསྟན་པའི་མདོ་ལས། དབྱེ་བ་དང་བཅས་པ་འབྲལ་ཤེས་པ་དྲི་མ་གློ་བུར་བ་ཐམས་ཅད་རང་གི་སྟོང་ཞིང་། ཡོན་ཏན་ཐམས་ཅད་དབྱེ་བ་མེད་པས་འབྲལ་མི་ཤེས་པ་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་མི་སྟོང་ཞེས་པ་ཡང་། དྲི་མའི་ཆ་འབྲལ་དུ་རུང་བ་མི་བདེན་པའི་སྟོང་པ་དང་། ཆོས་ཉིད་ཡོན་ཏན་ཐམས་ཅད་དབྱེར་མེད་པས་མི་སྟོང་ཡང་། ཕྱག་ཆེན་གྱི་ཕྱོགས་གཅིག་ཙམ་ཡིན་པས། འདི་ཡང་ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །མདོ་ཁ་ཅིག་ལ། རང་གིས་མི་སྟོང་། ཞེས་པ་ཡང་། རང་གཞན་དང་། སྟོང་མི་སྟོང་རྣམ་པར་རྟོག་(པས་)སྒྲོ་བཏགས་པ་ཙམ་ཡིན་པས། འདིར་ཡང་ཕྱོགས་གཅིག་ཙམ་བསྟན་ཏེ་རྒྱ་ལས་མ་འདས་སོ། །རྒྱུད་སྡེ་འོག་(༣༢༡བ)མར་མཚན་བཅས་མཚན་མེད་གཉིས་སུ་མེད་པ་ཡང་། མཐར་ཕྱག་ཆེན་ལ་ཁྲིད་པའི་ཐབས་ཀྱི་རིམ་པ་ཡིན་པས། འདིར་ཡང་ཕྱོགས་གཅིག་བསྟན་པ་རྒྱ་ལས་མ་འདས་སོ། །བླ་མེད་ཀྱི་བསྐྱེད་རིམ་མཐར་ཐུག་ཟུང་འཇུག་གི་སྐུ་ཡང་འདི་ལ་རིམ་གྱིས་འཇུག་པའི་དང་པོ་ཐབས་ཀྱི་རིམ་པའོ། །རྫོགས་རིམ་ལྔའི་ལྔ་པ་བསམ་གྱིས་མི་ཁྱབ་པའི་རིམ་པ་དང་། གསང་འདུས་རིམ་ལྔའི་ལྔ་པ་ཟུང་འཇུག་གི་རིམ་པ་དང་། སྦྱོར་དྲུག་གི་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་དང་། ཆོས་དྲུག་གི་བསྲེ་བའི་སྐབས་སོགས་རྫོགས་རིམ་ཐམས་ཅད་ཀྱང་། ཐ་མ་ནས་ཕྱག་ཆེན་ལ་འཇུག་ཅིང་། དབང་གི་ཐ་མ་ཡང་ཚིག་དབང་བཞི་པ་འདིའི་དབང་ཡིན་ནོ། །དེ་ནས་ཡོད་མེད་སྟོང་མི་སྟོང་། བདག་བདག་མེད་ཡིན་ནམ་མིན། སྤྲོས་པ་དང་བྲལ་མ་བྲལ། འཁོར་འདས་ལམ་གསུམ་སོགས་གསུང་རབ་ནས་གང་བཤད་ཐམས་ཅད་ཕྱག་ཆེན་གྱི་ཕྱོགས་རེ་ཙམ་སྟོན་པ་ཡིན་ལ། ཕྱོགས་ཐམས་ཅད་རྟོགས་པར་དཀའ་བས་མ་བསྟན་ནོ། །དེ་བས་ན་ཕྱོགས་རེ་ན་འདི་རྣམས་ཀྱིས་ཕྱག་ཆེན་ཡོངས་རྫོགས་ཀྱི་དོན་མིན་པས། ཕྱོགས་ཐམས་ཅད་འགལ་བ་མེད་པ་ཡོད་མེད་སོགས་ཆོས་ཐམས་ཅད་འདི་ཡི་རྒྱ་ལས་གང་ཡང་མདའ་བ་མེད་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། དེ་ལྟར་དུ་ཤེས་པ་ནི་ཕྱག་ཆེན་གྱི་ལྟ་བའོ། །ཕྱག་རྒྱ་ཆེན་པོ་རྟོགས་པར་མི་ནུས་པ་རྣམས་ལ་འདིའི་ཕྱོགས་རེ་བསྟན་པས་མཐར་འདིའི་དོན་རྟོགས་པར་དགོངས་ནས། གསུང་རབ་ནས་སྣ་ཚོགས་པར་བསྟན་པ་མཛད་དོ། །ཅེས་ཨ་ཞང་བཀྲ་ཤིས་བཟང་པོས་དགོས་ཞེས། རྣམ་ཐོས་ཀྱི་རི་བོར་བྲིས་པའོ། །

 

(༡༠) རྒྱལ་དབང་བདུན་པས་སྩལ་བའི་ཕྱག་རྒྱ་ཆེན་པོའི་ཞལ་གདམས་ཞེས་པ་ལས། འདི་ལ་བཞི། གསུང་རབ་གར་གཏོགས་ངོས་འཛིན་པ། འདི་སྟོན་པའི་གཞུང་། བླ་མ་བརྒྱུད་པའི་རིམ་པ། གདམས་ངག་དངོས་སོ། །དང་པོ་ནི། དཔལ་ཡེ་ཤེས་གྲགས་པས། (༢ན) དེ་ཁོ་ན་ཉིད་ལ་འཇུག་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མིང་གི་རྣམ་གྲངས་གསུམ་དུ་བཤད་ཀྱང་། དེ་ཉིད་ལས་ཉམས་སུ་ལེན་པའི་ཚུལ། ཐོག་མར་ལྷའི་རྣལ་འབྱོར་བསྒོམས་ནས། དེ་ནས་རྟོག་པ་རྣམ་པར་བསྡུས་ནས། ཅི་ཡང་མི་བསམ་པར་བཞག་པར་གསུངས་ལ། ཉམས་སུ་ལེན་ཚུལ་འདི་ཤེར་ཕྱིན་གྱི་མདོར་མ་གསུངས་པས། སྔགས་ཀྱི་ཚུལ་དུ་ཤེས་པར་བྱ་དགོས་སོ། །རྒྱལ་པོ་དབང་པོའི་བློས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ། དཔལ་ཡེ་(༢བ)ཤེས་གྲུབ་པ་སོགས་གྲུབ་རྙིང་གི་སྐོར་དང་། གྲུབ་ཆེན་རྣམས་ཀྱི་དོ་ཧ་རྡོ་རྗེའི་གླུ་རྣམས་དང་། འདི་ཉིད་ཀྱི་གཞུང་ཐམས་ཅད་དུ་རྣལ་འབྱོར་བླ་ན་མེད་པ་ཐབས་ཤེས་རབ་ཀྱི་རྒྱུད་གཉིས་ཀྱི་བརྗོད་བྱའི་སྙིང་པོར་གསུངས་ཤིང་། བཀའ་བརྒྱུད་རིན་པོ་ཆེས་ཀྱང་དེ་ལྟར་བཞེད་པས་ན། གསུང་རབ་ཐམས་ཅད་ཀྱི་རྣལ་འབྱོར་བླ་མེད་ཀྱི་བརྗོད་བྱ་མཐར་ཐུག་པའི་སྙིང་པོ་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས།

 

(༡༡) རྒྱལ་དབང་བདུན་པས་སྩལ་བའི་ཕྱག་རྒྱ་ཆེན་པོའི་ཞལ་གདམས་ཞེས་པ་ལས། དང་པོ་དབང་ལའང་། ཡེ་ཤེས་གྲུབ་པ་ལས་བཤད་པའི་བྲིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཡང་དག་པའི་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ། བཀའ་བརྒྱུད་རིན་པོ་ཆེའི་ཉམས་མགུར་སོགས་འགའ་ཞིག་ཏུ། དབང་དང་རིམ་པ་གཞན་མི་དགོས་པར་གསུངས་པ་ནི། རྒྱུད་ལས་(༤ན)ཀྱང་། དཀྱིལ་འཁོར་མེད། དཀྱིལ་འཁོར་པ་མེད། ལྷ་སྔགས་སྦྱིན་སྲེག་སོགས་མེད་ཅིང་མི་དགོས་ཞེས་སོགས་གསུངས་པ་ལྟ་བུ་སྟེ། ཁྲིད་རིམ་རྣམས་དང་། ཕྱག་བཞེས་ལ་བྲིས་པའི་དཀྱིལ་འཁོར་དུ། དབང་བཞི་རྫོགས་ངེས་པར་དགོས་པར་མཛད་ཅིང་། ཁྱད་པར་ལམ་འདི་ཉིད་ལ། ཡེ་ཤེས་གྲུབ་པ་སོགས་ནས་གསུངས་པའི་ཡང་དག་པའི་ཡེ་ཤེས་ཀྱི་དབང་བསྐུར་བ་གལ་ཆེ་བར་མཛད་དོ། །འོན་ཀྱང་། གང་ཟག་སྐལ་ཅན་འགའ་ཞིག་ལ་དབང་མ་བསྐུར་བར་དོན་འདི་ཉིད་བསྟན་པས་གྲུབ་པ་བརྙེས་པའི་ཚུལ། ལྕམ་དཔལ་མོའི་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་སློབ་དཔོན་རྣམས་ཀྱི་རྣམ་ཐར་འགའ་ཞིག་ལ་སྣང་ཞིང་། གཞན་ཡང་རྒྱ་བོད་ཀྱི་གྲུབ་ཐོབ་ལ་ལ་ཞིག་གི་རྣམ་ཐར་ལའང་དེ་ལྟར་སྣང་ངོ་། །བསྐྱེད་རིམ་ཡོངས་རྫོགས་སྔོན་དུ་ངེས་པར་འགྲོ་དགོས་པར་རྒྱ་གར་གྱི་གཞུང་ཁ་ཅིག་དང་། བོད་དུ་ཡང་། ལྔ་ལྡན་སོགས་ཁྲིད་འགའ་ཞིག་ཏུ་བཤད་དོ། །ཡང་། སྔོན་ལམ་ལ་སྦྱངས་པའི་སྐལ་ཅན་དབང་རྣོན་འཁྲིད་པ་(༤བ)ལ། བསྐྱེད་རིམ་སོགས་བཏགས་པའི་རྣལ་འབྱོར་ཐམས་ཅད་ལ་འཇུག་མི་དགོས་པར་དང་པོ་ཉིད་ནས་འདི་ཉིད་ལ་ཞུགས་པས་ཆོག་པར་ལྷན་ཅིག་སྐྱེས་གྲུབ་ལས་བཤད་ཅིང་། ཡེ་ཤེས་གྲུབ་པ་ལས་ཀྱང་། གཟུགས་སུ་བསྒོམ་པ་འགོག་པ་སོགས་ཀྱིས། བསྐྱེད་རིམ་དང་རླུང་གི་རྣལ་འབྱོར་ལས་ཀྱི་ཕྱག་རྒྱ་ལས་སྐྱེས་པའི་ཞུ་བདེ་བདེ་ཆེན་དུ་འདོད་པ་སོགས་ལ། རིགས་པའི་རྣམ་གྲངས་མང་པོས་འགོག་པར་ཡང་མཛད་དོ། །བཀའ་བརྒྱུད་རིན་པོ་ཆེས་ཀྱང་། གཞུང་ལུགས་འདི་དག་གི་རྗེས་སུ་འབྲངས་ནས། བསྐྱེད་རིམ་དང་རྫོགས་རིམ་ཐབས་ཀྱི་ལམ་རྣམས་འདི་ལས་ཐ་མི་དད་དུ་འདུ་བའི་ཚུལ་གྱིས་ཉམས་སུ་ལེན་ཅིང་། དེ་དག་དོར་བ་ཡང་མ་ཡིན་ལ། འདི་ལས་མི་མཐུན་པའི་ཟུར་པའི་ལམ་གཞན་འདིར་མི་འདུ་བ་བླང་བར་བྱར་མེད་པའི་ཚུལ་གྱིས་འཁྲིད་པར་མཛད་པའི་ཁྲིད་རིམ་དང་འཁྲིད་ཚུལ་ཀྱང་ཡོད་དོ། །ཞེས་སོགས་དང་། གསུམ་པ་ནི། སྔགས་ཀྱི་ཐེག་པ་འདིར་ཐབས་ཁྱད་པར་ཅན་གྱི་སྟོང་པ་བཞི་དང་། དགའ་བ་བཞི་དྲངས་པའི་བདེ་སྟོང་སྦྱར་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བདེ་བ་ཆེན་པོ་ཞེས་དང་། ཕྱག་ཆེན་དུ་བཤད་པ་མ་ཡིན་ནམ་ཞེ་ན། སྤྱིར་ཕྱག་ཆེན་སོགས་ཀྱི་མིང་འདོགས་གཅིག་པ་ནི། རྣལ་འབྱོར་རྒྱུད་དང་། རྣལ་འབྱོར་བླ་མེད་གཉིས་ཆར་ལ། སྐུ་ཕྱག་ཆེན། གསུང་(༩ན)ཆོས་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། ཕྲིན་ལས་ལས་རྒྱར་བཤད་པ་དང་། སྦྱོར་དྲུག་པ་རྣམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཞེས་བཤད་པ་ལྟར། ཐབས་ཀྱི་ལམ་སྔོན་དུ་བཏང་བ་རྣམས་ལ་ཞུ་བདེ་ལྷན་སྐྱེས་སོགས་ལ་ཕྱག་ཆེན་དང་བདེ་བ་ཆེན་པོ་ཞེས་མིང་གིས་འདོགས་ཀྱང་། དེ་ནི་ཕྱག་ཆེན་ནམ་རྡོ་རྗེ་ཡེ་ཤེས་སམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་པར། ཡེ་ཤེས་གྲུབ་པ་དང་། ལྷན་ཅིག་སྐྱེས་གྲུབ་ཀྱི་རྩ་འགྲེལ་གཉིས་དང་། དོ་ཧ་ལ་སོགས་པར་ཤིན་ཏུ་གསལ་བར་གསུངས་ལ། གཉུག་མའི་དོན་འདི་ཉིད་ལ་བདེ་བ་ཆེན་པོར། ཡེ་ཤེས་གྲུབ་པར་བཤད་དེ། བདེ་བཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་སོ། །གལ་ཏེ་འདི་ལྟར་དུ་ཉམས་སུ་བླངས་ཀྱང་། རླུང་དབུ་མར་མི་ཞུགས་ཤིང་། གཏུམ་མོ་མ་བསྐུལ་བས། ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བཞུས་པའི་ཡས་བབས་མས་བརྟན་གྱི་དགའ་བ་མི་སྐྱེ་ཞིང་། དེ་མ་སྐྱེས་ན། སྟོང་ཕྱོགས་ཀྱི་རྣལ་འབྱོར་(༩བ)ཉམས་སུ་ལེན་པ་ཡིན་དུ་ཆུག་ཀྱང་། ལྷན་ཅིག་སྐྱེས་གྲུབ་ནས་བཤད་པའི་ནང་གི་སྙིང་རྗེ་རྣམས་བསྐུལ་ཞིང་འཛག་པར་མི་ནུས་པས། སྙིང་རྗེ་ཆེན་པོའི་མིང་ཅན་བདེ་བ་ཆེན་པོ་དང་བྲལ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། བྲམ་ཟེ་ཆེན་པོས། མཁའ་འདྲར་བྱས་ན་རླུང་གི་རྣམ་པར་འཆིང་། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །ཞེས་སྔར་བཤད་པ་ལྟར་གྱི་སེམས་ཀྱི་འཇོག་ཚུལ་ནམ་མཁའ་ལྟར་སྤྲོ་བསྡུ་དང་བཅོས་སླད་མེད་པར་གཞག་པས། རླུང་གཉིས་ཀྱང་དབུ་མར་ཞུགས་འགྲོ་བར་གསུངས་ཤིང་། ཚིག་དེའི་རྗེས་སུ་རླུང་སྦྱོར་བཞི་གནས་གཅིག་ཏུ་ཞུགས་པས་བདེ་བ་ཆེན་པོ་འབྱུང་བར་གསུངས་སོ། །དངོས་པོ་གསལ་བའི་རྗེས་སུ་འགྲོ་བ་ལས་ཀྱང་། སེམས་ཀྱི་འཇོག་ཚུལ་འདི་ཁ་བསྐྱངས་པས་ལྷན་ཅིག་སྐྱེས་པའི་རླུང་རང་གནས་སུ་དབུ་མར་གནས་པར་འགྱུར་བར་གསལ་བར་གསུངས་སོ། །ལྷན་ཅིག་སྐྱེས་གྲུབ་ཉིད་ལས་ཀྱང་། རླུང་བཅུའི་སྦྱོར་བ་དང་། གཏུམ་མོ་བསྒོམས་པས་དཀར་པོ་འཛག་པའི་བདེ་བ་དངོས་གྲུབ་ཏུ་འདོད་པ་སོགས། དམིགས་བཅས་རྣམས་སྔོན་(༡༠ན)བཀག་ནས། དམིགས་བཅས་ལ་མ་ལྟོས་པའི་ནང་གི་སྙིང་རྗེ་གསུམ་བཤད་པས། འཇོག་ལུགས་འདི་ཀས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་། གཏུམ་མོའི་མེ་རང་འབར་དུ་འབར་བའི་ཁམས་ཞུ་བ་འཕོ་བ་མེད་པར་དགའ་བཞིའི་ཡེ་ཤེས་ཀྱང་བདེ་སྟོང་སོ་སོ་བ་སྦྱར་ནས་ཆེད་དུ་སྒྲུབ་མི་དགོས་པའི་ལམ་རྨད་དུ་བྱུང་བར་གཞུང་དེ་དག་ལས་བསྟན་ཏོ། །དེས་ན་མ་བརྒྱུད་པའི་གཏུམ་མོའི་རྣལ་འབྱོར་སོགས་ཀྱི་གནད་མཐར་ཐུག་པའི་དགོས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཕ་བརྒྱུད་པའི་སྒྱུ་ལུས་འོད་གསལ་ཡང་། འཇོག་ཚུལ་དེ་ལྟར་བསྐྱངས་པས། སྤྲིན་ནམ་མཁར་དྭངས་པའམ། ལན་ཚྭ་ཆུ་ལ་ཐིམ་པ་ལྟར། རང་བཞིན་བརྒྱད་ཅུའི་རྟོག་པ་སོགས་འོད་གསལ་དུ་ཐིམ་ཞིང་། སླར་རླུང་སེམས་ཙམ་ལས་སྒྱུ་མ་ཙམ་གྱི་ལྷའི་ལུས་སུ་ལྡང་ནུས་པ་སོགས། ཇོ་བོ་རྗེའི་ལྟ་སྒོམ་སོགས་དང་། དོ་ཧ་མཛོད་ཀྱི་དཀའ་འགྲེལ་མཐར་འབྱུང་སྦས་པས་མཛད་པ་སོགས་(༡༠བ)ལས་བཤད་པས། ཕ་རྒྱུད་པའི་ལམ་གྱི་རྩ་བ་བདེན་གཉིས་ཀྱི་ལམ་གྱི་དགོས་པ་ཡང་ཡོངས་སུ་རྫོགས་པར་གྲུབ་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །

 

(༡༢) ཀུན་དགའ་དཔལ་འབྱོར་གྱི་དྲི་ལན་ལས། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་ཆེན་ཕྱག་ཆེན་དུ་བྱེད་ན། ཐ་མལ་གྱི་ཤེས་པ་དང་(༢༣༠ན)འགལ་མི་འགལ་དང་ཞེས་པའི་ལན་ནི། ལས་ཀྱི་ཕྱག་རྒྱ་ནི། ཕྱག་རྒྱ་བཞིའི་ཡ་གྱལ་དབང་རྟུལ་གྱི་ལམ་དུ། ཚུལ་གསུམ་སྒྲོན་མར་བཤད་པ་དང་། གྲུབ་སྙིང་གི་སྐོར་སོགས་ནས། ལས་རྒྱའི་བདེ་བ་བདེ་ཆེན་དུ་འདོད་པ་ལ། དགག་པ་དུ་མ་མཛད་ཡོད་ཅིང་། ཁྱད་པར་དུ། དཔལ་ཡེ་ཤེས་གྲུབ་པ་ལས། དབང་པོ་གཉིས་སྦྱོར་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ཡི་བདེ་བ་དེ་ཉིད་ཡིན། །ཞེས་སོགས་ཀྱིས་བཀག་ནས། འོ་ན་བདེ་ཆེན་གང་ཡིན་སྙམ་ན། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རང་བཞིན་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བདེ་བ་ཆེན་པོ་ཞེས་བཤད་པ་ལྟར། གྲུབ་པ་དང་སྙིང་པོའི་སྐོར་སོགས་ཏེ་རྒྱ་གཞུང་ཚད་ལྡན་ཐམས་ཅད་ནས་བསྟན་ལ། ཕྱག་ཆེན་ནམ་བདེ་ཆེན་གྱི་ངོས་འཛིན་དེ་དག་ཏུ་གསལ་བར་ཡོད་པས། དེ་དག་ཏུ་བལྟས་པས་ངེས་པ་རྙེད་པར་འགྱུར་བ་མཐོང་ནས། ཡི་གེ་མང་གིས་དོགས་ནས་འདིར་དེ་དག་གི་ལུང་མ་བྲིས་སོ། །དེ་བཞིན་དུ་གཏུམ་མོའི་འབར་འཛག་གི་ཐབས་ཁྱད་པར་ཅན་ལས་བྱུང་བའི་ཞུ་བདེ་དགའ་བཞི་ཡེ་ཤེས་རྣམས་ལ་བདེ་ཆེན་དང་། ཕྱག་ཆེན་གྱི་མིང་གིས་བསྟན་པ་ཡོད་ཀྱང་། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་པར་ལྷན་ཅིག་སྐྱེས་གྲུབ་གཞུང་འགྲེལ་ལས་གསལ་བར་གཤད་ཡོད་ཅིང་། ཕྱག་ཆེན་གྱི་གཞུང་ཚད་ལྡན་གཞན་མང་རབ་ལས་ཀྱང་གསུངས་སོ། །དེས་ནས་དབང་རྟུལ་ཕྱག་རྒྱ་བཞི་རིམ་ཅན་དུ་འཇུག་པ་ལ། འོག་མ་རྣམས་ལ་ཕྱག་རྒྱའི་མིང་གི་བརྗོད་ཅིང་། དེར་མ་ཟད་བླ་མེད་ཀྱི་སྤྱིར་ཕྱག་རྒྱ་བཞི་དང་། བྱེ་བྲག་ཏུ་ཕྱག་རྒྱ་ཆེན་པོ་ལ་ཁ་དྲང་པའི་ཕྱིར་རྒྱུད་སྡེ་འོག་མ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པར་ཕྱག་རྒྱ་ཆེན་པོ་དང་། ཕྱག་རྒྱ་བཞིའི་མིང་གིས་བསྟན་པར་དཔལ་ཡེ་ཤེས་གྲགས་(༢༣༠བ)པས་བཤད་པ་ལྟར་མིང་གིས་བཏགས་པ་དུ་མ་ཡོད་པ་ནི། ཕྱག་རྒྱ་ཆེན་པོ་མཐར་ཐུག་པ་འདི་ཉིད་ལ་ཁ་དྲང་བའི་ཆེད་དུ་བཤད་པ་ལྟར་ཤེས་པར་བྱའོ། །ལས་རྒྱ་མེད་ན་བླ་མེད་ཀྱི་ལམ་པས་སངས་མི་རྒྱ་བ་དང་། ཁམས་ཞུ་བའི་བདེ་བ་དང་། སྟོང་ཉིད་སྦྱོར་བའི་བདེ་སྟོང་ལ་མཐར་ཐུག་གི་ཕྱག་ཆེན་མཚན་ཉིད་པར་བྱེད་པ་ནི། བོད་ཕྱི་རབས་ཀྱི་མཁས་པར་རློམ་པ་དག་གི་ལུགས་སོ། །ཞེས་གསུངས་སོ། །

 

(༡༣) ཆོས་རྗེ་སྐལ་བཟང་བའི་དྲིས་ལན་ལས། བཀའ་བརྒྱུད་རིན་པོ་ཆེས་ནི། བདེ་སྟོང་ཕྱག་ཆེན་དང་། གནས་ལུགས་གཉིས་སུ་ཕྱེ་བ་མེད་ཅིང་། རྩ་རླུང་ལ་གནད་དུ་བསྣུན་ནས། ཞུ་བདེ་ལྷན་སྐྱེས་ནི། ཕྱག་རྒྱ་ཆེན་པོ་མཚོན་པར་བྱེད་རྒྱུ་ཡིན་པས། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ཞེས་མིང་གིས་བཏགས་པ་སྤྱིར་ཡོད་ཀྱང་། བཀའ་བརྒྱུད་རིན་པོ་ཆེའི་བཞེད་པའི་ཕྱག་ཆེན་ཡོངས་སུ་གྲགས་པ་ནི། དཔལ་ཡེ་ཤེས་གྲུབ་པ་ལས། ཀུན་མཁྱེན་མཆོག་ཆེན་གསུང་པ་པོ། །དབྱིབས་(༢༡༧ན)ཀུན་དང་ནི་རྣམ་བྲལ་ཞིང་། །འགྲོ་དང་འོང་ལས་རྣམ་གྲོལ་བདག །རླུང་ཀུན་གྱིས་ཀྱང་བསྐྱོད་མི་ནུས། །མེ་ཡི་ཕུང་པོ་མི་ཚིག་ཅིང་། །ཆུ་རྣམས་ཀྱི་ཀྱང་གཡེང་མི་འགྱུར། །རབ་ཏུ་འབད་པའི་མཚོན་ཆ་ནི། །རྣོན་པོས་ཀྱང་ནི་ཆོད་མི་འགྱུར། །ཇི་ལྟར་མི་གནས་ནམ་མཁའ་ནི། །ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། །འདི་ནི་དོན་དམ་འདི་ཉིད་དེ། །རྡོ་རྗེ་ཡེ་ཤེས་བླ་མེད་ཡིན། །ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །འདི་ནི་ཆོས་སྐུ་ཞེས་བྱ་སྟེ། །ཞེས་སོགས་གྲུབ་པ་དང་སྙིང་པོའི་སྐོར་ནས་རྒྱ་ཆེན་གསུངས་ཤིང་། ཏོག་རྩེ་པའི་བསམ་མི་ཁྱབ་པ་ལས། མ་སྐྱེས་པ་དང་མ་འཇིག་པ། །མི་འགྱུར་བ་དང་མི་གནས་པ། །གཉིས་མེད་པ་ཡི་ཡེ་ཤེས་མཆོག །འདི་ནི་ཕྱག་རྒྱ་ཆེན་པོ་ཉིད། །ཅེས་གསུངས་ལ། གནས་ལུགས་ཕྱག་རྒྱ་ཆེན་པོ་ཉིད་ལ་བདེ་བ་ཆེན་པོ་ཞེས་ཀྱང་བཤད་དེ། ཡེ་ཤེས་གྲུབ་པ་ལས། གང་ཕྱིར་བདེ་དེ་ཐམས་ཅད་དུ། །ངོ་བོ་ཉིད་ཀྱི་ཡོད་མ་ཡིན། །བདེར་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་མཁྱེན་པ་ཡི། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་སོགས། གྲུབ་སྙིང་སོགས་ནས་རྒྱ་ཆེར་འབྱུང་བ་ལྟར་གནས་ལུགས་ཕྱག་ཆེན་ཉིད། བདེ་སྟོང་ཕྱག་ཆེན་དུ་བཞེད་པས་གཉིས་སུ་མི་ཕྱེ་ཞིང་། ཕྱག་ཆེན་རྣལ་མར་ཡང་བཞེད། ལས་ཀྱི་ཕྱག་རྒྱ་སོགས། རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པ་ལས་སྐྱེས་པའི་བདེ་བ་དང་། སྟོང་པ་སྦྱར་ནས་བསྒོམ་པའི་བདེ་སྟོང་ལ་ནི། ཕྱག་ཆེན་བཏགས་པ་བར་བཞེད་དོ། །ཞེས་གསུངས་སོ། །

 

(༡༤) ཕྱག་ཆེན་སྒྲོས་འབུམ་ལས། དེ་ལྟའི་རང་སེམས་འོད་གསལ་བ་དེ་ཉིད་དེ་ཉིད་དངོས་ཆོས་སུའང་གྲུབ་པ་དང་བྲལ་ཞིང་།  དེ་ལྟར་བྲལ་བ་དེའང་ཐ་སྙད་ཀྱི་ངོར་དངོས་མེད་ཀྱི་ཆོས་སུ་དམིགས་མྱོང་གི་རྣམ་པར་སྣང་བ་ཙམ་དུའང་མི་རུང་ཞིང་།  དེས་ན་རང་བཞིན་དང་གློ་བུར་གྱི་དྲི་མ་དག་གིས་རྣམ་པར་དག་ཅིང་སྤྲོས་མཚན་མཐའ་དག་དང་བྲལ་བས་གཅེར་བུར་ཐོན་པ་ཡིན་ལ།  དེས་ན་བཅོམ་ལྡན་འདས་ཀྱི་མདོ་རྒྱུད་རྣམས་ལས།  ཆོས་ཅན་གྱི་ཆ་ནས་རང་སེམས་རིག་པ་དྲི་མེད་གཅེར་བུར་ཐོན་ཚུལ་ལ་གཞན་སྟོང་དང་།  ཆོས་ཉིད་ཀྱི་ཆ་ནས་རིག་པ་དྲི་མེད་གཅེར་བུར་ཐོན་ཚུལ་ལ་རང་སྟོང་སྟེ་དེའི་སྟོང་པ་ཉིད་གཉིས་པའོ།  །གཅིག་པ་དང་ཐ་དད་སྤངས་པའི་སྤྲོས་པ་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་ཀྱིས་འཁོར་འདས་དབྱེར་མེད་དང་ཉོན་མོངས་ཡེ་ཤེས་དང་སྲིད་ཞི་རོ་གཅིག་ཅེས་ཆེས་ཟབ་པའི་མདོ་རྒྱུད་ནས་དབང་རྣོན་ཆེས་མཆོག་ལ་དགོངས་ཏེ་གསུངས་པ་ཡིན་ཞེས་བདག་གི་རྗེ་བླ་མ་མཉན་པ་རས་ཆེན་གྱིས་བཀའ་བསྩལ་ཏེ།  དེ་ན་རིག་པ་དྲི་མ་མེད་པ་གཅེར་བུ་འདི་ཉིད་ལ།  རྗེ་སྒམ་པོ་པས།  ཐ་མལ་གྱི་ཤེས་པ་སངས་རྒྱས་སྒམ་པོས་བཟང་དུ་མ་བཏང་།  སེམས་ཅན་འཁྲུལ་པས་ངན་སོང་དུ་མ་བཏང་བའི་ཆོས་དབྱིངས་འགྱུར་བ་མེད་པའི་རང་བཞིན།  བཅོས་བསྒྱུར་གང་གིས་ཀྱང་བཟོར་མི་ཚུད་པ་རྟག་ཆད་ཀྱི་མཐའ་གར་ཡང་མི་འགྲོ་ཞིང་མི་རུང་བ་དེ་ཉིད་སོ་མ་ལྷུག་པ་རང་བབས་སུ་འཆར་བའམ་མངོན་དུ་འགྱུར་བ་ཡིན་ཞེས་གསུངས་ལ།  དེ་ལྟའི་ཐ་མལ་གྱི་ཤེས་པ་མ་བཅོས་དྲི་མས་དབེན་པ་དེའང་ཐོག་མ་མེད་པ་ནས་ཚོགས་བརྒྱད་དམ་ཚོགས་དྲུག་གི་ཤེས་པ་གློ་བུར་དྲི་མའི་སེམས་དང་སེམས་བྱུང་ཇི་སྙེད་པ་ཞིག་གིས་བསླད་ཅིང་རྙོག་པ་དང་བཅས་ཀྱང་།  ཐ་མལ་གྱི་ཤེས་པ་དེ་ཉིད་གདོད་ནས་དྲི་མ་སོགས་ཀྱི་འགྱུར་བ་མེད་པས་རྒྱུན་ཆགས་པར་འབྱུང་བ་དེ་ཉིད་བསག་སྦྱང་གི་སྟོབས་ཀྱིས་བརྫུན་ཆོས་འཁྲུལ་པའི་བཅོས་མའི་སྦུན་པ་ཐམས་ཅད་ལས་གྲོལ་ནས།  མ་བཅོས་རང་བབས་ཐ་མལ་གྱི་ཤེས་པ་མངོན་དུ་འགྱུར་བ་ཡིན།  འདི་ལྟའི་ཤེས་པའང་གདོད་ནས་བཞུགས་པས་མངོན་དུ་གྱུར་པ་ཡིན་གྱི་གསར་དུ་དགེ་ཚོགས་ཀྱིས་བསྒྲུབས་པ་ནི་མ་ཡིན་ཏེ།  དེ་ཉིད་ཀྱི་ཕྱིར།  མདོ་རྒྱུད་ལས།  །བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ།  །ཅེས་དང་།  རྒྱལ་བ་རྒོད་ཚང་པས།  །སྐྱེ་བོའི་དུས་ཀྱི་ཤེས་པ་དེ།  །ཆོས་ཀྱི་སྐུ་རུ་གདའ་བ་ལས།  །བླ་མས་བསྟན་ཀྱང་མ་དགོས་པར།  །རྟོགས་སུ་ཐང་ན་གཤའ་བ་ལ།  །ཞེས་འབྱུང་ངོ་།  །ཞེས་སོགས་གསུངས་སོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4653