སེམས་ཙམ་པའི་གྲུབ་མཐའི་བྱུང་བ་རགས་བསྡུས་དང་དེའི་ལུགས་ཀྱི་མཚན་ཉིད་གསུམ་ལ་དཔྱད་པ།

ནང་དོན་གནད་བསྡུས།  ཐོགས་མེད་ཀྱིས་སེམས་ཙམ་པའི་གྲུབ་མཐའི་སྲོལ་ཕྱེ་ཚུལ་དང་དེའི་ལུགས་ཀྱི་ཀུན་བརྟགས་དང་གཞན་དབང་ཡོངས་གྲུབ་བཞག་ཚུལ་སོགས་ལས་བརྩམ་དེ་བཤད་པར་བྱ་བའོ།།
བརྡ་ཆད་གཙོ་བོ། མཚན་ཉིད་གསུམ།ཕྱི་དོན། བག་ཆགས་གསུམ།
རྗེའི་བསྟོད་ཆེན་བཞིའི་ཡ་གྱལ་རྟེན་འབྲེལ་བསྟོད་པ་པ་ལས།གང་གི་རྟེན་ཅིང་འབྲེལ་བར་འབྱུང་།།འགག་པ་མེད་པ་སྐྱེ་མེད་པ།།ཞེས་གསུངས་པ་ལྟར་མཉམ་མེད་བུ་རོམ་ཤིང་གི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་རིང་ལུགས་དྲི་མ་མེད་པ་དེ་ཉིད་འཛམ་བུའི་གླིང་འདིར་དར་ནས་མི་ལོ་སྟོང་ཕྲག་མང་པོ་འགོར་ཟིན་པ་དང་།ཁྱད་པར་དུ་ཐེག་ཆེན་གྱི་བསྟན་པ་དེའང་འཕེལ་འགྲིབ་དུ་མའི་འོག་བྱུང་བར་ནི་བསྙོན་དུ་མེད་མོད།འོན་ཀྱང་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བར་གཉིས་སུ་ཕྱེས་པའི་སེམས་ཙམ་པའི་གྲུབ་མཐའ་མདོར་ཙམ་བཤད་པ་ལ།
དང་པོ་འཕགས་པ་ཐོགས་མེད་ནི།
འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་ཤིང་རྟའི་སྲོལ་འབྱེད་ཆེན་མོ་སློབ་དཔོན་ཐོགས་མེད་ནི་དུས་སྐབས་གང་དུ་བྱུང་བར་གསལ་ཁ་མ་མཇའ་ཡང་། སློབ་དཔོན་འདི་དང་སློབ་དཔོན་དབྱིག་གཉེན་གཉིས་ཡུལ་གཅིག་པའི་སྐུ་མཆེད་ཡིན་པ་དང་སློབ་དཔོན་དབྱིན་གཉེན་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉིས་དུས་མཉམ་པར་བྱུང་བ་ཇོ་ནང་ཏཱ་ར་ན་ཐའི་རྒྱ་གར་ཆོང་འབྱུང་ལས་བྱུང་བ་དང་སློབ་དཔོན་ཕྱོགས་གླང་དང་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་དེབ་དཀར་ལས་གསུང་བ་རྣམས་གུང་བསྒྲིག་ནས་ཕལ་ཆེར་དུས་རབས་བཞི་པ་ནས་ལྔ་པའི་མཇུག་བར་བྱུང་བ་ཡིན་ཞེས་དུང་དཀར་གྲུབ་མཐར་གསལ་གསལ་བ་ལྟར་ཡིན་པར་སེམས་ལ།ཡོངས་གྲགས་སུ་དགོངས་འགྲེལ་གྱི་འགྲེལ་ཆེན་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་བྱུང་བར་བཤད་དེ།དེར་དྲངས་པའི་འཇམ་དཔལ་རྩ་རྒྱུད་དུ།ང་ནི་མྱ་ངན་འདས་འོག་ཏུ།།ལོ་ནི་དགུ་བརྒྱ་ལོན་པ་ན།།ཐོགས་མེད་ཅེས་བྱའི་དགེ་སློང་ནི།།བསྟན་བཅོས་དེ་ནི་དོན་ལ་མཁས།།མདོ་སྡེ་ངེས་དོན་དྲངས་པའི་དོན།།རྣམ་པ་མང་པོ་རབ་ཏུ་འབྱེད།།འཇིག་རྟེན་རིག་པ་སྟོན་བདག་ཉིད།།གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར།།ཞེས་སོགས་ཀྱི་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་བྱུང་ཞེས་ཆོས་འབྱུང་ཁག་ཏུ་གས་བ་ལྟར་བྱ་ལ།འོན་ཀྱང་བུ་སྟོན་རིན་ཆེན་གྲུབ་ཀྱི་བུ་སྟོན་ཆོས་འབྱུང་ནང་དུ་རྒྱུད་ན་དེ་འདྲའི་ཚིག་མེད་ཅེས་གསུངས་པ་དང་།གཞན་གཏམ་རྒྱུད་གསེར་ཐང་དུའང་གསུངས་ཡོད།རིགས་ལྡན་པདྨ་དཀར་པོས་མཛད་པའི་འགྲེལ་ཆེན་དྲིན་མེད་འོད་དུ་མངོན་རྟོགས་རྒྱན་གྱི་ཚིག་ངོ་བོ་ཉིད་ལོངས་རྫོགས་བཅས་དང་ཟེར་བ་སོགས་དྲངས་ཡོད་པས་ལོ་རྒྱུས་དང་མི་མཐུན་ལ།མཁས་དབང་དཔལ་ལྡན་ཆོས་རྗེའི་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་ལས་ཀྱང་ཚིག་དེ་གཞུང་རང་ལས་མ་བྱུང་ཞེས་གསུངས་པས་དཔྱད་གཞི་ཙམ་མོ།
གཉིས་པ་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་ཚུལ།
སྤྱིར་བཏང་སེམས་ཙམ་པ་ལ་མིང་གི་རྣམ་གྲངས་ཀྱི་སྒོ་ནས་ཕྱེ་ན་རྣམ་རིག་པ་དང་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར།དབྱེ་ན་སེམས་ཙམ་རྣམ་བདེན་པ་དང་།སེམས་ཙམ་རྣམ་རྫུན་པ་གཉིས། རྣམ་བདེན་རྫུན་གང་རུང་གང་ཞིག རང་གི་རྩ་བའི་གྲུབ་མཐའ་ལ་དབང་ཤེས་ལ་ཁྲ་བོར་སྣང་བའི་རགས་པ་སྣང་བ་ལྟར་བདེན་གྲུབ་ཏུ་ཁས་ལེན་པ་དང་པོའ་ིམཚན་ཉིད། དེ་གང་རུང་གང་ཞིག དབང་ཤེས་ལ་ཁྲ་བོར་སྣང་བའི་རགས་པ་སྣང་བ་ལྟར་བདེན་པར་མེད་པར་ཁས་ལེན་པ་གཉིས་པའི་མཚན་ཉིད། དང་པོ་ལ་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྣ་ཚོགས་གཉིས་མེད་པ། སྒོ་ང་ཕྱེད་ཚལ་བ་དང་གསུམ། མཚན་གཞི་རིམ་པ་ལྟར། དབང་ཤེས་ལ་ཁྲ་བོར་སྣང་བའི་ཁྲ་བོའ་ིསྟེང་གི་སྔོ་སེར་རྫས་ཐ་དད་པ་ཡིན་པ་བཞིན་དུ་ཁྲ་འཛིན་དབང་ཤེས་ཀྱི་སྟེང་གི་སྔོན་པོ་འཛིན་པའི་དབང་ཤེས་དང་། སེར་པོ་འཛིན་པའི་དབང་ཤེས་གཉིས་རྫས་ཐ་དད་དུ་འདོད་པའི་རྣམ་བདེན་པ། དབང་ཤེས་ལ་ཁྲ་བོར་སྣང་བའི་ཁྲ་བོའ་ིསྟེང་གི་སྔོ་སེར་གཉིས་འཛིན་པའི་དབང་ཤེས་གཉིས་རྫས་གཅིག་ཡིན་པ་བཞིན་དུ། དེ་འདྲའི་ཁྲ་བོའ་ིསྟེང་གི་སྔོ་སེར་གཉིས་རྫས་གཅིག་ཏུ་འདོད་པའི་རྣམ་བདེན་པ། དབང་ཤེས་ལ་ཁྲ་བོར་སྣང་བའི་ཁྲ་འཛིན་ དབང་ཤེས་དང་ཁྲ་བོ་གཉིས་ཤེས་པའི་རྫས་སུ་མཚུངས་ཀྱང་། དེ་རྫས་ཐ་དད་དུ་འདོད་པའི་རྣམ་བདེན་པ་ལྟ་བུའོ། །རྣམ་རྫུན་པ་ལ་དབྱེ་ན། དྲི་བཅས་རྣམ་རྫུན་པ། དྲི་མེད་རྣམ་རྫུན་པ་གཉིས། མཚན་གཞི་རིམ་པ་ལྟར། སངས་རྒྱས་ཀྱི་ས་ན་གཉིས་སྣང་ཡོད་པ་འདོད་པའི་སེམས་ཙམ་པ་དང་།སངས་རྒྱས་ཀྱི་ས་ན་གཉིས་སྣང་མེད་པར་འདོད་པའི་སེམས་ཙམ་པའོ།།གཞུང་གཞན་དུ་དྲི་བཅས་རྣམ་རྫུན་པ་དང་དྲི་མེད་རྣམ་རྫུན་པ་ཞེས་པ་སེམས་ཀྱི་ངོ་བོ་ལ་དྲི་མས་བསླད་མ་བསླད་དུ་འཇོག་པའང་ཡོད། སྒྲ་དོན་ནི་ཕྱི་དོན་རིགས་པའི་འགོག་ཅིང་རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བས་ན་སེམས་ཙམ་པ་དང་།ཡང་ན་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དང་ནང་ཤེས་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ལས་ཕྱི་རོལ་དོན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་པས་ན་སེམས་ཙམ་པ་ཞེས་ཟེར། གལ་སྲིད་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་རྣམ་པ་གཏད་མཁན་ཞིག་ཡོད་ཚེ།དཔེར་ན་གང་ཟག་ལྷ་མི་ཡི་དྭགས་གསུམ་གྱི་བལྟ་བྱ་ཆུ་ཕོར་བ་གང་ལ་ལྟ་བའི་ཚེ་རང་རང་གི་ལས་སྣང་དང་མཐུན་པར་མཐོང་བ་ལས་གཅིག་ཏུ་མི་སྣང་བའི་དབང་གིས་ཐོགས་མེད་ཀྱི་ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་པས། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་བག་ཆགས་གསུམ་གྱི་དབང་གིས་སྣང་བ་སྟེ་བདག་ལྟའི་བག་ཆགས་དང་།རིགས་མཐུན་བག་ཆགས།མངོན་བརྗོད་བག་ཆགས་བཅས་སོ།།
གྲུབ་མཐའི་སྲོལ་འབྱེད་ཚུལ་ནི་འཕགས་པ་ཐོགས་མེད་རི་བྱ་རྐང་གི་ཕུག་ཏུ་བྱོན་ནས་ལོ་བཅུའི་རིང་དཀའ་བ་སྤྱད་པས་མཐར་རྗེ་བཙུན་མཇལ་དེ་དགའ་ལྡན་དུ་ཕེབས་ནས་ཡུམ་གྱི་མདོ་དང་ཐེག་པ་ཆེན་པོའི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་བྱམས་ཆོས་སྡེ་ལྔ་སྟེ།༡ མངོན་རྟོགས་རྒྱན། ༢མདོ་སྡེ་རྒྱན། ༣རྒྱུད་བླ་མ། ༤ཆོས་དང་ཆོས་ཉིད་རྣམ་འབྱེད། ༥དབུས་མཐའ་རྣམ་འབྱེད་སོགས་གསན་ནས་སླར་མི་ཡུལ་དུ་ཕེབས་དེ་དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་ས་སྡེ་ལྔ་༡སའི་དངོས་གཞི།༢གཞི་བསྡུ་བ།༣རྣམ་གྲངས་བསྡུ་བ།༤རྣམ་པར་བཤད་པའི་སྒོ་བསྡུ་བ།༥རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྣམས་ཡིན་ལ་ས་སྡེ་ཚང་བ་ལ་བམ་པོ་བརྒྱ་དང་སུམ་ཅུ་ཡོད་དོ་ཞེས་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་གསལ།སྡོམ་རྣམ་གཉིས་ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་དང་།ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་གཉིས་སོ།།སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་གཏོད་མཛད་དེ་ཐེག་ཆེན་གྱི་བསྟན་པ་རྒྱས་པར་མཛད། ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་ཆོས་མགོ་མདོ་ལ་གཏུག་དགོས་པས།རྒྱལ་བའི་གསུངས་མདོ་སྡེ་དགོངས་འགྲེལ་ལེའུ་བཅུའི་བདག་ཉིད་༡དོན་ཟབ་དགོངས་པ་ངེས་འགྲེལ། ༢.ཆོས་འཕགས། ༣.བློ་གྲོས་རྣམ་དག།༤.རབ་འབྱོར། ༥.བློ་གྲོས་ཡངས་པ། ༦. ཡོན་ཏན་འབྱུང་གནས། ༧.དོན་དམ་ཡང་དག་འཕགས། ༨.བྱམས་པ། ༩.སྤྱན་རས་གཟིགས། ༡༠.ཡོན་ཏན་གྱི་ཚོགས་རྣམ་པར་ངེས་པ་བཅས་གསུངས་པའི་ནང་ནས་བདུན་པ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་འཁོར་ལོ་ཐ་མའི་མཚན་གཞིར་བཟུང་སྟེ་སེམས་ཙམ་པའི་གྲུབ་མཐའ་རྒྱས་པར་མཛད།དེའི་རྗེས་སློབ་དཔོན་གྱི་གཅུང་དབྱིག་གཉེན་གྱིས་པྲ་ཀ་ར་སྡེ་བརྒྱད་མཛད་དེ་སེམས་ཙམ་པའི་གྲུབ་མཐའི་སྲོལ་དར་རྒྱས་སུ་ཕྱིན།རྒྱས་པ་ཆོས་འབྱུང་ཁག་ལ་བལྟ་བར་བྱའོ།།
གསུམ་པ་ལུགས་འདིའི་མཚན་ཉིད་གསུམ་གྱི་རྣམ་གཞག།
ལུགས་འདིའི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་བ་ཡིན་ཏེ།སྟོང་ཉིད་མ་ཡིན་པའི་རྟག་པ་ཐམས་ཅད་ཀུན་བརྟགས་དང་རྒྱུ་རྐྱེན་འདུས་བྱས་ཐམས་ཅད་གཞན་དབང་།སྟོང་ཉིད་དང་ཡོངས་གྲུབ་ཉིས་དོན་གཅིག་མིང་གི་རྣམས་གྲངས་དུ་བཞེད།དང་པོ་ཀུན་བརྟགས་ནི་དགོངས་འགྲེལ་ལས་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་དང་།གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ་འགག་པ་ཞེའམ་གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་པའི་ཀུན་བརྟགས་བསྟན་པའོ།།དབྱེ་ན་རྣམས་གྲངས་པའི་ཀུན་བརྟགས་དང་།མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས།ཀུན་བརྟགས་ནི་རང་འཛིན་རྟོག་པས་བཏགས་པ་ཙམ་དུ་བཞེད་པ་ཡིན་ཏེ།དཔེར་ན་གཟུགས་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞི་རང་གི་མཚན་ཉིད་ཀྱི་གྲུབ་པ་ལྟ་བུ་སྟེ་ཆོས་ཀྱི་བདག་འཛིན་དུ་བཞེད་པ་ཡིན། ཀུན་བརྟགས་རང་གི་མཚན་ཉིད་ཀྱི་མ་གྲུབ་པར་བཞེད་པ་ཡིན་ཏེ་ཐེག་བསྡུས་ལས།མིང་གི་སྔ་རོལ་བློ་མེད་ཕྱིར།།མང་བའི་ཕྱིར་དང་མ་ངེས་ཕྱིར།།དེ་ཡི་བདག་ཉིད་བདག་མང་དང་།།བདག་འདྲེས་འགལ་བའི་འགྲུབ་པར་འགྱུར།།ཞེས་སོགས་ཀྱི་ཀུན་བརྟགས་རང་གི་མཚན་ཉིད་ཀྱི་གྲུབ་པར་འགོག་པ་ཡིན།ཀུན་བརྟགས་ཡིན་ན་རྟོགས་པའི་བཏགས་ཙམ་ཡིན་མི་དགོས་ཏེ་རི་བོང་རྭ་ལྟ་བུ་དང་མེད་པ་ཐམས་ཅད་རང་འཛིན་རྟོག་པས་བཏགས་ཙམ་ཡིན་ཀྱང་རྟོག་པས་བཏགས་ཙམ་མ་ཡིན་ཏེ།རྟོག་པས་བཏགས་ཙམ་ཡིན་པ་ལ་རྟོག་པའི་ཡུལ་ཡིན་དགོས།དེ་ཡིན་ན་བློའི་ཡུལ་ཡིན་དགོས་པས་མེད་པ་བློའི་ཡུལ་དུ་བྱ་མི་རུང་བས་མི་འཐད་དོ་སྙམ་མོ།།
གཉིས་པ་གཞན་དབང་ནི།དགོངས་འགྲེལ་ལས།རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ།ཞེས་གསུངས་པས་རང་གི་རྒྱུ་རྐྱེན་ལས་བྱུང་བ་གང་ཡིན་པ་ཐམས་ཅད་གཞན་དབང་དུ་བསྟན་པ་ཡིན་ནོ།།གཞན་དབང་ལ་དག་པའི་གཞན་དབང་དང་།མ་དག་པའི་གཞན་དབང་གཉིས།མཚན་གཞི་བུམ་པ་ལྟ་བུ་ལ་སྦྱར་ན།བུམ་པ་བུམ་པའི་གཞན་དབང་།བུམ་པ་བུམ་པ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞི་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་ཀུན་བརྟགས།དེར་གྲུབ་པའི་སྟོང་པ་ཡོངས་གྲུབ་ཡིན་ནོ།།
གསུམ་པ་ཡོངས་གྲུབ་ནི།དགོངས་འགྲེལ་ལས།རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད།ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ།དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ།ཞེས་གསུངས་པའི་ཡོངས་གྲུབ་ཁོ་ན་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་བཞེད་པའོ།།ཁ་ཅིག་གིས་དབུས་མཐའ་ལས།རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ།།གཅིག་པུ་ཁོ་ནར་བརྗོད་པ་ཡིན།།ཞེས་པའི་གཞུང་དྲངས་ནས་རྣམ་དག་སྤྱོད་ཡུལ་ལ་རྣམ་པ་གཉིས་སུ་འདོད་ཀྱང་།དེ་ནི་ཤིན་ཏུ་མི་རིགས་པར་སེམས་ཏེ་ལུང་ཕྱི་མ་ལས་གཅིག་པུ་ཁོ་ན་བརྗོད་པ་ཡིན་ཞེས་གསུང་པས་རྣམ་དག་སྤྱོད་ཡུལ་ལ་རྣམ་པ་གཉིས་སུ་འདོད་པའི་ནང་ནས་ཡོངས་གྲུབ་བམ་སྟོང་ཉིད་འབའ་ཞིག་བརྗོད་པ་ཡིན་ཞེས་གསུང་པ་ལས་གསལ་བར་ཤེས་ནུས་སོ་སྙམ་མོ།།
དཔྱད་གཞིའི་ཡིག་ཆ།
ཐུའུ་བཀྭན་གྲུབ་མཐའ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
དུང་དཀར་གྲུབ་མཐའ།གློག་རྡུལ་འཕྲུལ་དེབ།
བུ་སྟོན་ཆོས་འབྱུང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
གྲུབ་མཐའ་ཆེན་མོའི་མཆན་འགྲེལ།ཉི་གཞོན་དཔེ་སྐྲུན་ཁང་གི་འགྲེམ་སྤེལ་ཞུས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1783