ངལ་གསོས།

འཁོར་བའི་ཆུ་ཚོད་ཡུར་བ་ནང་དུ་དྲོངས། །
ཁ་སང་བྱ་བཞིན་རང་དགར་འཕུར་དུ་ཆུགས། །
ཕྲག་གོང་ཟླ་བ་རེ་ཞིག་ཕོགས་པར་བྱོས། །
ལྗོན་པའི་བསིལ་གྲིབ་འོག་ཏུ་འཇགས་སུ་ཆུགས། །
ལ་ལུང་བཀོད་པ་འཐེན་རྒྱུའང་གནས་སྐབས་ཞོག །
རང་གིས་རང་ལ་ངལ་ཙམ་གསོ་རུ་ཆུགས། །
དོ་ནུབ་སྲིད་པའི་ཁམས་འདི་ཇི་ལྟར་མཛེས། །
ཤེལ་བུམ་ནང་དུ་བླུགས་པའི་སྐར་ཚོགས་འདྲ། །
འོད་ཐིགས་རེ་རེའི་ནང་དུ་ལྷན་འཛོམས་བྱེད། །
བརྩེ་བའི་དྲོད་རླབས་བུམ་པའི་ཁ་ནས་བཞུར། །
མཚམས་སུ་མི་ཆད་ཡུལ་ཁམས་ཀུན་ཏུ་ཁྱབ། །

༢༠༢༣ ༢ ༢༢

སེམས་སུ་ལམ་རིམ་མེད།

ཆུ་ལ་ཆུ་བཞག་པ་ལྟར
ནང་སེམས་སུ་ཞི་བར་གནས་དྲགས་པས
མཐོང་ལམ་གྱི་སྤྲིན་དང་ཆར་པ་ལས་ཀྱང་སྙི་བ་དག
ཤིན་ཏུ་རྣོ་བའི་ཚེར་མར་གྱུར

བརྩེ་བའི་བཞུར་རྒྱུན་བཅད་དེ
ནང་སེམས་སུ་སྟོང་པར་གནས་དྲགས་པས
རི་ཁྲོད་ཀྱི་དུས་ཚོད་དང་བར་སྣང་ཡང་ཇེ་ལྗིད་དུ་སོང
ཤེས་མེད་ཚོར་མེད་ཀྱི་ངང་ནས

གང་ལྟར རང་དང་གྲིབ་མ་གཉིས་གཅིག་ཏུ་འདྲེས་མ་ནུས

 ༢༠༢༡ ༧ ༧

ནམ་ཟླ་འདིར། གང་ནའང་ཆས་མི་འདོད།

ང་ནི་འཁོར་བ་འཇགས་པའི་སྨུག་སྤྲིན་གྱི་གསེབ་ཏུ་ཉལ་ཡོད
སྙིང་གྲོགས་ལས་ལྷག་པའི་རི་དྭགས་ཚོ་དང་འགྲོགས་ནས་ཡོད

མེས་པོ་ཚོའི་བཞུགས་ཤུལ་གྱི་རྡོ་བ་རུ་ཙོག་སྟེ
སྔོན་ཆད་ཀྱི་རྒྱལ་རབས་དག་གི་སྐར་ཚོགས་ལ་ཅེར་ནས་ཡོད

ང་ནི་ག་ལེར་རང་བྱུང་ཁམས་འདིའི་གླིང་བུ་ཞིག་ཏུ་ཆགས་ཤིང
རླུང་བུས་ཁུང་མིག་དག་བརྒྱུད་ནས་བརྩེ་བའི་མགུར་གླུ་འཁྲོལ་གྱི་འདུག

༢༠༢༣ ༥ ༡ བྲིས།
༢༠༢༣ ༥ ༢ བཅོས།

ཟླ་འོད་ལྷུང་བཟེད་གང་།

སེམས་ཀྱི་ཞིང་སར
ཟླ་འོད་ཕོར་པ་གང་བཏབ
ཆེས་མཐའ་མཇུག་གི་ཟླ་བ་བདུན་པ་ཕྱིར་ཚེས་དུས
འོད་ཀྱི་རྒྱ་མཚོར་ཆགས་ཏེ
མ་རིག་པའི་གྲིབ་ནག་ཚོགས་རིམ་གྱིས་འཁྲུད

ཟླ་འོད་ཀྱིས་བཀྲུས་སོང་བ་ནི་ང་ཡིན་ལ
ང་ནི་ང་ཡིས་བརྩེགས་པའི་གྲིབ་ནག་གི་ཚོགས་དང
ཟླ་འོད་ནི་ང་མེད་དུས་བརྩེགས་པའི་རྒྱ་མཚོ་ཞིག་རེད་འདུག
འོད་ལམ་ལམ་གྱིས་བསྐྱིལ་བའི་རྒྱ་མཚོ་ཞིག

ནམ་ཞིག་ཚེ་ན དེ་ལྟར་ཡིན་པ་རྟོགས་དུས
ཟླ་འོད་ཆུ་ལ་འདྲེས
ཆུ་ཡང་སྟོང་པར་ཐིམ
སྟོང་པ་ཉིད ལྷུང་བཟེད་དུ་འཁྱིལ་བར་ངེས

༢༠༢༢ ༤ ༢༤

གདམས་ངག

སྐར་མའི་ཆག་རོ་ཚོགས་པད་གདན་དུ་བཏིང་ནས
མཐོང་ལམ་སྟོང་བྱེད་ཀྱི་བདག་ཞལ་བསྐྱེད

སང་ཉིན་གྱི་སྣོད་བཅུད་ཐ་དག་ཀྱང
འཁྱགས་བཞིན་ཞུ་ནས་རང་སྣང་དུ་འབར
སྡེར་ཤུལ་གྱིས་བཏོད་པའི་ནམ་མཁའི་གྲོག་རོང་བཀང་བར་བྱས

ཅི་ཡང་མ་བསྟན་པའི་གསུང་རབ་ལས
ཉམས་སྣང་གི་སེང་གེས་གདམས་ངག་འཆད་བྱུང

གོ་ན་ང་རོ་ལན་ཅིག་དང
བརྡ་ན་གསིག་སྤྲུག་ཐེངས་ཤིག་གོ

༢༠༢༢ ༥ ༢༦

ཨུཏྤལ་སྔོན་པོ།

སེམས་ཀྱི་བུམ་པར་འཁྲུངས་ཤིང
ནམ་ཟླ་ལས་མི་འདའ་བའི ང་ཡི་ཨུཏྤལ་སྔོན་པོ
འདབ་བརྒྱ་གྲོལ་ཞིང་འཛུམ་སྟོང་བཞད
དགའ་བའི་གར་དུ་རྩེན་དུས
བུམ་ནང་གི་སྐྱེམས་ཆང་ཕྱིར་ཕྱུང་སྟེ
ལུས་སེམས་ཡོངས་རྫོགས་འཁྲུག་པར་བྱེད

མུན་པའི་ཟབ་སར་སྐྱེས་པའི
མི་གཙང་ལྗན་ལྗིན་འདག་པའི་ཨུཏྤལ་སྔོན་པོ་དེ
སངས་རྒྱས་ཀྱི་ལག་ཏུ་འཆང་བའི་ཨུཏྤལ་སྔོན་པོ་དེ
བསམ་གཏན་གྱིས་ཟིན་པའི་ཨུཏྤལ་སྔོན་པོ་དེ
ང་ཡི་པདྨའི་ཚལ་དུ་འགྲན་ཟླ་མ་མཆིས
ནམ་ཡང་འགྱུར་བ་མེད་པའི་ང་ཡི་ཨུཏྤལ་སྔོན་པོ
སེམས་ཀྱི་བུམ་པར་འཁྲུངས་ཤིང
ནམ་ཡང་རེག་མི་ཐུབ་པའི ང་ཡི་ཨུཏྤལ་སྔོན་པོ

༢༠༢༡ ༣ ༢༡

སྲིད་ཁམས་དང་ཁྱོད།

འཁོར་བའི་གྲོང་ལས་འཕགས་པའི་དབེན་གནས་སུ། །
སྤྲིན་གྱིས་ངལ་དུབ་གསོ་བར་མི་མཐོང་ལ། །
རླུང་གིས་བྲེལ་འཚུབ་བྱེད་པ་ཡང་མི་ཐོས། །
འོན་ཀྱང་ཆུ་ཡི་མེ་ལོང་ནང་བཞིན་གྱི། །
དྲན་པ་ཉེ་བར་འཇོག་པའི་ལྷུང་བཟེད་དུ། །
ཁྱོད་ཀྱི་ཡུལ་ལྗོངས་ཐ་དག་མངོན་པར་བཞད། །
མེ་ཏོག་འདབ་མའི་བསུང་དྲི་ཕྱོགས་བཞིར་འཐུལ། །

བདག་ནི་སྔར་ནས་ངེས་ཤེས་ཟབ་མོ་བསྐྱེད། །
ཕ་གིར་འཁོར་བའི་འདུ་འཛི་ཆད་པའི་མཐར། །
རི་བོའི་ཚོགས་ཀྱིས་ཕྱིར་ལ་གླུ་དབྱངས་འཐེན། །
ཁྱོད་ནི་ང་སྟེ་ང་ཡང་སྟོང་པའི་གཟུགས། །
དོན་དུ་ང་གཉིས་ཐིག་ལེ་གཅིག་ཏུ་འདུས། །
དེ་ཕྱིར་བདག་གི་སྐྱེ་བོ་ཐ་མའི་སེམས། །
ཇི་ལྟར་དྭངས་ཤིང་ཇི་ལྟར་གསལ་བ་ཆགས། །

འདི་གའི་ང་དང་ཕ་རོལ་བཞུགས་པའི་ཁྱོད། །
མཇལ་དང་མ་མཇལ་བར་གྱི་ཉི་ནུབ་ཀྱང་། །
ཕྱོགས་གཅིག་ཆུ་བཞིན་དྭངས་ལ་གཏིང་མཐའ་ཆོད། །
ཕྱོགས་གཅིག་མེ་བཞིན་འབར་ལ་ངང་རྒྱུན་རིང་། །
ཁྱོད་དང་ང་གཉིས་བར་དུ་བར་ཆོད་པའི། །
ཁེར་ཆགས་གླིང་ཕྲན་དེའང་ཅི་འདྲའི་མཛེས། །
སྨོན་སེམས་སྐྱེད་ཅིང་འཇུག་སེམས་དེ་བཞིན་བསྐྱེད། །

༢༠༢༡ ༥ ༤
སྙན་ངག་འདི་རང་རྩོམ《尘寰与你》ལས་རང་གིས་བོད་སྒྱུར་བྱས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3522