རྒྱལ་ཁམས་བསྐོར་བའི་རྒྱན་རིས་ཞེས་པའི་དཔེ་དེབ་འདི་ནི་དུང་དཀར་མཁྱེན་རབ་ལགས་ཀྱིས་ལོ་མང་གི་རིང་ལ་དཀའ་བ་ཁྱད་དུ་བསགས། ངལ་བ་དང་དུ་བླངས་ཏེ་བསྡུ་ཉར་བྱས་པའི་དེབ་ཅིག་རེད་འདུག་ཅིང་། དེ་ནི་བོད་ཀྱི་ཤེས་ཡོན་པའི་སྡེ་ན་གདན་ཐོབ་ཤིན་ཏུ་མཐོ་བའི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གི་རི་མོའི་བརྩམས་ཆོས་དང་། ཁོང་གི་སྐུ་པར་རྩ་ཆེན། བོད་ཀྱི་རི་མོ་བ་སྐོར་ཞིག་གིས་དགེ་འདུན་ཆོས་འཕེལ་གྱི་རི་མོའི་མྱོང་དཔྱད། རྩོམ་སྒྲིག་པ་ཁོང་གིས་བརྩམས་པའི་ཚོན་གྱིས་མ་བསླད་པའི་དགེ་འདུན་ཆོས་འཕེལ་གྱི་ལྷན་ཐབས་སོགས་ཚན་པ་བཞི་རུ་འདུས་པ་ཞིག་རེད་ལ། དེབ་མིང་ཡང་དགེ་འདུན་ཆོས་འཕེལ་མཆོག་གིས་ཉིད་ཀྱི་རི་མོ་བརྩམས་ཆོས་རྣམས་ལ་ཆེད་དུ་བཏགས་པ་ཞིག་རེད་འདུག་ཀྱང་། རི་མོ་མང་པོ་ཞིག་ཁ་འཐོར་དུ་སོང་བས་ད་ལྟ་མཇལ་དུ་ཡོད་པ་ནི་དེབ་འདིར་ཡོད་པའི་རི་མོ་དག་གོ།     འོ་སྐོལ་གྱི་ཡོན་ཏན་པའི་སྡེ་རུ་དགེ་འདུན་ཆོས་འཕེལ་གླེང་མཁན་མང་ལ་དགེ་འདུན་ཆོས་འཕེལ་ལ་དད་མོས་བྱེད་མཁན་ཡང་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་ཉིན་རེ་ནས་ཉིན་རེ་ཇེ་མང་ལ་འགྲོ་བའི་དུས་སྐབས་ཤིག་ཏུ་ཁེལ་གྱིན་པ་དེ་རེད། དེའང་ཁ་ཅིག་གིས་དགེ་ཆོས་ཀྱི་རིན་ཐང་ཡང་དག་ཤེས་པ་དང་། རེ་འགའ་ནི་དེ་ལྟར་མ་ཡིན་པར་ཅི་ཞིག་རྟོགས་ཁུལ་གྱིས་གླེང་མཁན་ཡང་ཡོད་ངེས། གང་ལྟར་དུང་དཀར་མཁྱེན་རབ་ལགས་ཀྱིས་དགེ་ཆོས་ཀྱི་ཁ་འཐོར་རི་མོ་དག་ལ་བདག་གཉེར་ལེགས་པོ་ཞིག་བྱས་འདུག་པ་ནི་རང་རེ་རྣམས་ལ་མཚོན་ན་དགའ་འོས་པའི་དོན་བཟང་ཞིག་ཏུ་འཁུམས། དེ་ཡང་ད་སྔོན་རྒན་རླངས་ཚང་བསོད་ནམས་རྡོ་རྗེས་དགེ་འདུན་ཆོས་འཕེལ་བོད་ཀྱི་དེང་རབས་རི་མོ་སྲོལ་འབྱེད་པ་ཞེས་པའི་རི་མོའི་སྐོར་གྱི་དེབ་ཅིག་བསྒྲིགས་ཡོད་པ་དང་། ཐེངས་འདིར་དུང་དཀར་མཁྱེན་རབ་ལགས་ཀྱིས་བསྒྲིགས་པའི་དེབ་འདི་གཉིས་ལས་གཞན་བོད་ཡུལ་དུ་དགེ་ཆོས་ཀྱི་རི་མོའི་སྐོར་ལ་བདག་པོ་བྱེད་མཁན་ནི་མང་པོ་མ་བྱུང་འདྲ་ཡང་། འདི་ལྟར་ཁོང་གི་བརྩམས་ཆོས་དག་ལ་བདག་པོ་བྱེད་མཁན་རེ་བྱུང་ན་དེ་ནི་ཁོང་ལ་བཀའ་དྲིན་ཞུ་སྟངས་ཡག་པོ་ཞིག་རེད་འདོད་དོ།།

སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་ཞིག་གླེང་དགོས་ན་དེ་ནི་ཧ་ཅང་དཀའ་སྟེ། ཤེས་བྱའི་ཆོས་ཀུན་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པ་སྟེ།  དཔེར་ན། ཁོང་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང་། སྙན་ངག་པ། ལོ་ཙཱ་བ། རི་མོ་བ། ཚད་མ་རིག་པ་བ། ས་ཁམས་རིག་པ་བ། འདོད་པའི་སྒྱུ་རྩལ་རྟོག་ཞིབ་པ། སྤྱི་ཚོགས་དཔྱད་བརྗོད་པ། ཚན་རིག་དཔྱད་ཞིབ་པ། སྐྱེས་དངོས་འཚོལ་ཞིབ་པ་སོགས་བདག་སྒྲ་དུ་མ་འཇུག་པའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་རེད། ཡིན་ནའང་། དེ་ལྟ་བུའི་ཤེས་བྱ་ཀུན་འདུས་ཀྱི་གླེགས་བམ་ཆེན་པོ་ཞིག་གྲྭ་གྲོང་སུ་ཡིས་གླེང་ནའང་གླེང་འོས་པ་དང་། གླེང་དགོས་ངེས་ཤིག་ཏུ་ཡང་ཆགས་འདུག་སྙམ།

ཐེངས་འདིར་ངས་རྒྱལ་ཁམས་བསྐོར་བའི་རྒྱན་རིས་ཞེས་པར་མཇལ་རྗེས་ཁོང་གི་རི་མོ་དག་ལས་ཁོང་ནི་ལོ་ན་ཆུང་དུས་ནས་རིག་པ་གྲིམ་པོ་ཅན་ཞིག་ཏུ་འཐོང་སྟེ། དཔེར་ན། ཁོང་དགུང་གྲངས་བཅུ་ཡས་མས་སུ་ཁྱིམ་ཚང་གི་རིམ་གྲོ་ལ་རླུང་རྟའི་ཀྭ་འཛུགས་ཀྱི་ཆོ་ག་ལེགས་ཚོགས་ཡར་རྒྱས་ཞེས་པ་འདོན་དགོས་བྱུང་བས།  རྩད་གང་དུ་བཅད་ཀྱང་རླུང་རྟའི་ཙ་ཀ་ལི་ལག་སོན་མ་བྱུང་བར་ཁོང་གིས་ཀོང་ཚེ་འཕྲུལ་རྒྱལ་གྱི་རླུང་རྟའི་ཆོ་ག་ཚར་གཅིག་ཙམ་བཀླགས་ནས་བྲིས་པའི་ཙ་ཀ་ལི་ལྟ་བུ་གཅིག་གིས་ཀྱང་མཚོན་ཐུབ་པ་ཞིག་རེད།  ད་རུང་ཁོང་གིས་བྲིས་པའི་རི་མོ་དག་ནི་ཞིབ་ཚགས་ལྡན་པ། འཚོ་བ་དངོས་ཀྱི་བྲོ་བ་ཡོད་པ། ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་སོགས་ཡིན་པ་ཀུན་གྱིས་གླེང་ཞིང་། ཤེས་ཟིན་པ་ལྟ་བུ་ཞིག་རེད། དེ་བཞིན། ཁོང་གིས་བྲིས་པའི་མི་སྣ་དང་ཡུལ་ལྗོངས་སོགས་ལ་མཚོན་ན་གསོན་ཉམས་ལྡན་པ། པར་ཆས་ལས་བཏབ་པའི་འདྲ་པར་དང་ནོར་ཉེན་ཡོད་པ་ཞིག་ཀྱང་རེད་དོ།།

མ་གཞི་དགེ་འདུན་ཆོས་འཕེལ་མཆོག་ནི་རི་མོ་ཆེད་སྦྱང་བ་མིན་པ་དང་། རི་མོའི་སྐོར་ལ་སློབ་སྦྱོང་ནན་གྱིས་བྱེད་མ་མྱོང་བ་ཞིག་ཏུ་མཐོང་མོད། ཁོང་གི་རི་མོ་དག་ནི་རི་མོ་ཆེད་སྦྱང་པ་དག་གི་བརྩམས་ཆོས་ལས་བརྒལ་འདུག་ཅེས་གླེང་ནའང་དེ་ཙམ་མི་ཐལ་ལོ་སྙམ་པ་ཡང་བྱུང་།

འོ་སྐོལ་གྱི་རེ་འགས་དགེ་འདུན་ཆོས་འཕེལ་ནི་དེང་རབས་རི་མོ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག་མོད། དེ་ནི་ཁོང་གི་རི་མོ་དག་ལ་ཡང་དག་པའི་ཞིབ་འཇུག་བྱེད་མ་ཐུབ་པ་ཨེ་ཡིན་ནམ་སྙམ། མ་གཞི་ཁོང་གིས་བྲིས་པའི་རི་མོ་འཇིགས་མེད་རིའི་མཆོད་རྟེན་ལྟ་བུ་སོགས་ནི་དེང་རབས་དྲན་སྣང་རིང་ལུགས་①(Im-pressionism)ཀྱི་ཚབ་མཚོན་མི་སྣ་ཁུ་ལའོ་ཏུ་•མའོ་ནའེ་(Claude Monet)ཡི་བརྩམས་ཆོས་གྲགས་ཅན་ཉི་འཆར་གྱི་དྲན་སྣང་(LmpressionSunrise)ཞེས་པ་དང་འབྲི་ཐབས་གཅིག་གོ་སྙམ་པ་ལྟ་བུ་བྱུང་མོད་ཀྱང་། དེ་ནི་ཞིབ་ཀྱིས་མཇལ་ན་གཏན་ནས་མི་འདྲ་སྟེ།  ཉི་འཆར་གྱི་དྲན་སྣང་ཞེས་པའི་དེང་རབས་རི་མོ་དེ་ནི་རབ་རིབ་མག་མོག་གི་ཆ་དང་། ཞིབ་ཚགས་མིན་པ་སོགས་ཀྱི་ཆ་ཤིན་ཏུ་མང་པོ་འདུག དེ་ནི་དྲན་སྣང་རིང་ལུགས་ཀྱི་རི་མོའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་ཆགས་ཡོད། དགེ་འདུན་ཆོས་འཕེལ་གྱི་རི་མོ་འཇིགས་མེད་རིའི་མཆོད་རྟེན་ལྟ་བུར་མཚོན་ན་དྲན་སྣང་རིང་ལུགས་ཀྱི་རི་མོ་དག་ལས་ཚགས་དམ་ལ་ཞིབ་ཆ་དོད་པ་ལྟ་བུ་ཞིག་རེད་འདུག་པས། དགེ་འདུན་ཆོས་འཕེལ་གྱི་རི་མོ་དེ་དེང་རབས་དྲན་སྣང་རིང་ལུགས་ཀྱི་རི་མོར་ངོས་འཛིན་ཐབས་མེད་པ་ལྟ་བུ་ཞིག་རེད་དོ།། དེ་ན། དགེ་འདུན་ཆོས་འཕེལ་གྱི་རི་མོའི་འབྲི་ཐབས་ནི་ཅི་འདྲ་ཞིག་ཏུ་ངོས་བཟུང་ན་འགྲིག་གམ་ཞེས་དྲིས་ཚེ། ཕལ་ཆེར་དགེ་འདུན་ཆོས་འཕེལ་གྱི་རི་མོའི་འབྲི་ཐབས་ནི་དུས་རབས་བཅུ་དགུ་དང་ཉི་ཤུའི་བར་དུ་ཡོ་རོབ་གླིང་དུ་ཤུགས་ཆེན་དར་བའི་སྣང་ཡན་རིང་ལུགས་(Romanticism)ཞེས་པ་དེར་ངོས་བཟུང་ན་འགྲིག་པ་འདྲ་ལ།  དེ་ནི་ནུབ་ཕྱོགས་གནའ་སྲོལ་རི་མོའི་གྲུབ་མཐའི་ཁུངས་གཏོགས་ཤིག་ཡིན་ཞིང་། ཆུ་ཚོན་སོགས་འབྲི་ཐབས་སྣ་ཚོགས་ཤིང་ཡུལ་ལྗོངས་གཙོ་བོར་འབྲི་བའི་ལུགས་ཤིག་རེད། རི་མོ་ཚགས་དམ་ཞིང་ཞིབ་ཆ་དོད་པ་སྟེ།  དབྱིན་ཇི་རི་མོ་བ་ཝི་ལིམ་ཧ་རྗེ་(Willam Hodges)ལགས་ཀྱི་འབྲི་སྟངས་ཡིན་པ་བསྙོན་དུ་མེད་དོ།། རི་མོའི་གྲུབ་མཐའ་འདི་ཡང་ཐོག་མར་ཧྥ་རེན་སི་ནས་བྱུང་བ་དང་། ལུགས་འདིའི་ཁྱད་ཆོས་གཙོ་བོ་དག་ནི་དངོས་བྲིས་ཀྱི་ཐབས་ལམ་ལག་ཏུ་བླངས་ཏེ་གང་ཞིག་བྲིས་ན་དེ་ཉིད་མངོན་སུམ་འདྲ་བ་ལ་འབད་པ་ཆེར་བྱས་ཡོད་པ་དེར་ངོས་འཛིན་པ་སོགས་ཡིན་པས། དགེ་འདུན་ཆོས་འཕེལ་གྱི་རི་མོ་ལ་ནུབ་ཕྱོགས་སྣང་ཡན་རིང་ལུགས་ཀྱི་ཤུགས་ཆེན་པོ་ཐེབས་ཡོད་པ་སྨྲོས་མེད་རེད་ལ། རི་མོའི་བྲིས་རྒྱུན་འདི་རྒྱ་གར་ཕྱོགས་སུ་དར་ཁྱབ་ཆེ་ཙམ་སོང་བ་ཡང་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་ནས་མཐོང་ཐུབ་པར་བཤད་འདུག  མ་ཟད་དུས་རབས་བཅོ་བརྒྱད་པར་རྒྱ་གར་དུ་དབྱིན་ཇིའི་ཆབ་སྲིད་གཡོ་འཕྲུལ་དང་འགྲོགས་ཏེ་རི་མོ་བ་ཝི་ལམ་ཧ་རྗེ་སོགས་དབྱིན་ཇི་རི་མོ་བ་དག་རྒྱ་གར་ལ་ཡོང་ནས་ཡུལ་དེའི་སྣོད་བཅུད་གཉིས་ཀ་རི་མོ་བྲིས་ཚུལ་འདུག་ལ།  དེ་དག་ནི་དགེ་འདུན་ཆོས་འཕེལ་གྱི་རི་མོ་དང་འདྲ་བ་ཤིན་ཏུ་མང་། ད་ལྟ་མཇལ་དུ་ཡོད་པའི་དབྱིན་ཇི་རི་མོ་བ་ཝི་ལམ་ཧ་རྗེ་ལགས་ཀྱི་རྒྱ་གར་གྱི་ཡུལ་ལྗོངས་རི་མོ་དེ་དགེ་འདུན་ཆོས་འཕེལ་གྱི་རི་མོ་དག་དང་ཞིབ་ཆ་བསྡུར་ནས་ཡོང་ན་ཤིན་ཏུ་འདྲ་བ་ནི་མངོན་སུམ་བསྙོན་མེད་དུ་འདུག་པས། དྲང་བདེན་སྨྲ་བ་སུས་ཀྱང་འདི་ནི་ཁས་མི་ལེན་ཐབས་མེད་ཅིག་ཏུ་མཐོང་ངོ་།།

རྒྱལ་ཁམས་བསྐོར་བའི་རྒྱན་རིས་ཞེས་པའི་དེབ་འདིར་བོད་ཀྱི་རི་མོ་བའི་སྡེས་དགེ་འདུན་ཆོས་འཕེལ་གྱི་རི་མོ་མང་པོ་ཞིག་གླེང་འདུག་ཅིང་། ཁོང་གིས་བྲིས་བའི་རི་མོ་དག་གི་ཁྲོད་ཀྱི་མི་སྣ་དང་ཡུལ་ལྗོངས་མདོར་ན་ཅི་ཞིག་བྲིས་ཀྱང་། དེར་ཚང་དགོས་པའི་ཁྱད་ཆོས་མཐའ་དག་ཚང་ལ། སྒྲོས་ཆ་དོད་པོ་ཡོད་འདུག་ཅེས་པ་སོགས་བསྔགས་པར་སྨྲ་བ་ནི་ཡོངས་གྲགས་འདྲ་བོར་ཆགས་འདུག། གོང་དུ་སྨྲས་པ་བཞིན། དགེ་འདུན་ཆོས་འཕེལ་དེང་རབས་རི་མོ་བ་ཞིག་ཏུ་ངོས་འཛིན་བྱེད་མིན་གྱི་ལུགས་དེ་དེབ་འདིར་བཞུགས་པའི་རི་མོ་བ་དག་གི་ཁྲོད་དུའང་བྱུང་འདུག  ཡིན་ནའང་ཁོང་གི་རི་མོའི་འབྲི་ཐབས་ཀྱི་ལུགས་རེ་རེ་ཁོ་བོས་གོང་དུ་གླེང་ཟིན་པས་འདིར་བསྐྱར་ཟློས་མི་བྱེད་པར་བྱ། གང་ལྟར། ཁོ་བོས་བསམ་པར་ཐེངས་འདིར་དགེ་འདུན་ཆོས་འཕེལ་ལགས་ཀྱི་རི་མོ་གླེང་མཁན་ཁྲོད་ཀྱི་དཔྱད་གཏམ་དག་ནི་མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་ལས་མ་འདུས་མོད། དམིགས་ཀྱིས་བསལ་བ་ནི་ན་གཞོན་རི་མོ་བ་འཇུ་རབ་གསལ་ལགས་ཀྱིས་གླེང་བ་དོན་དང་མཐུན་ཞིང་། ཁོང་གིས་དཔྱད་པ་དག་གནད་ལ་ཁེལ་བ། དཔྱད་འབྲས་ཕུན་སུམ་ཚོགས་པ་ལྟ་བུ་ཞིག་རེད་འདོད་པས། ཁོ་བོས་གོང་དུ་དགེ་འདུན་ཆོས་འཕེལ་གྱི་རི་མོའི་འབྲི་ཐབས་དེ་སྣང་ཡན་རིང་ལུགས་སུ་འདོད་པ་དེ་ཡང་སྐུ་ཞབས་འཇུ་རབ་གསལ་ལགས་ཀྱི་དཔྱད་འབྲས་ལྟར་བཤད་པ་ཡིན་ནོ།། ད་རུང་ཁོང་གིས་དགེ་འདུན་ཆོས་འཕེལ་རྒྱ་གར་དུ་བཞུགས་སྐབས་ཁོང་ལ་ཨང་ཀི་པར་ཆས་ཤིག་ཡོད་ན་ཁོང་གིས་རི་མོ་འདི་དག་བྲིས་མེད་ཀྱང་སྲིད་ཅེས་བཤད་འདུག  དེ་ནི་དངོས་གནས་བསམ་གཞིག་གཏོང་སྟངས་ཕུན་སུམ་ཚོགས་པ་ཞིག་ཏུ་མཐོང་སྟེ། ཁོང་ནི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས། སྣོད་བཅུད་ཀྱི་རྒྱུ་ཆ་མང་པོ་ཞིག་དེ་ལྟར་རི་མོར་བཀོད་དགོས་བྱུང་བ་སུས་ཀྱང་ཤེས་པ་ལྟ་བུ་ཞིག་རེད། དེ་བཞིན་འཇུ་རབ་གསལ་ལགས་ཀྱིས་དགེ་འདུན་ཆོས་འཕེལ་གྱི་རི་མོ་དང་ནུབ་ཕྱོགས་ཀྱི་རི་མོ་མང་པོ་ཞིག་ཞིབ་བསྡུར་དང་། དཔྱད་པ་ཕུན་སུམ་ཚོགས་པོ་བྱས་འདུག་པ་ནི་ཡིད་སྨོན་འོས་པ་ཞིག་རེད་དོ།།

དེབ་འདིའི་ཚན་པ་གསུམ་པར་ད་ལྟ་ལག་སོན་བྱུང་བའི་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་ཚེའི་འདྲ་པར་རྩ་ཆེན་འགའ་བཀོད་འདུག་ཅིང་། དེ་དག་དེང་རབས་སྙི་ཆས་ལས་གསལ་ཚད་ཇེ་མཐོར་བཏང་ནས་ཡིད་ཀྱི་དྭངས་པ་འདྲེན་པ་ཞིག་བྱས་འདུག་པའང་དུང་དཀར་མཁྱེན་རབ་ལགས་ཀྱི་སྐུ་དྲིན་ཡིན་པས། ཁོང་ལ་བཀྲ་ཤིས་ཞལ་དྲོ་ཞུའོ།།

ཚོན་གྱིས་མ་བསླད་པའི་དགེ་འདུན་ཆོས་འཕེལ་གྱི་ལྷན་ཐབས་སུ་ཚན་པ་གཉིས་འདུག་ལ། གཅིག་ནི་འཛམ་གླིང་རྒྱས་བཤད་ཅེས་པ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་ཆོས་མིན་པར་གསུངས་ཤིང་། དེབ་དེ་ནི་ཨ་རིའི་བུད་མེད་ཅིག་སྟེ། བོད་མིང་ལ་བསོད་ནམས་གཡང་འཛོམས་ཞེས་པ་ཞིག་གིས་བསྒྲིགས་པ་དང་། འབའ་ཐང་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཅིང་། དཔེ་རིས་དང་ས་ཁྲ་དག་སྐལ་བཟང་ཚེ་རིང་གིས་བྲིས་ཤིང་། སྤྱི་ལོ་༡༩༢༢ལོར་དཔར་དུ་བཏབ་ནས་འགྲེམ་སྤེལ་བྱས་པ་ཞིག་ཡིན་པ་སོགས་འཛམ་གླིང་རྒྱས་བཤད་ཀྱི་མཇུག་བྱང་དུ་གསལ་བ་བྲིས་འདུག་གོ།

གཞན་དགེ་འདུན་ཆོས་འཕེལ་མཆོག་ཨ་རིར་གདན་འདྲེན་བྱས་པའི་སྐོར་གྱི་བརྩམས་ཆོས་དེ་ནི་ཨ་ལགས་རྗེ་སྤྲུལ་ཚང་གིས་བརྩམས་པའི་དེབ་གསར་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་ནང་དུ་ཡིད་རྟོན་རུང་ཞིང་གསལ་ཁ་དོད་པའི་རྒྱུ་ཆ་ལེགས་པོ་ཞིག་བྲིས་འདུག་པར་གསུངས་ཤིང་། དེབ་དེའི་ནང་གི་ཡིག་འབྲུ་མང་པོ་ཞིག་རྒྱལ་ཁམས་བསྐོར་བའི་རྒྱན་རིས་སུ་དྲངས་ནས་ང་ཚོར་དཔྱད་གཞི་རུ་ཕུལ་འདུག་ལ། དེ་དག་ལ་གཟིགས་རྗེས་དགེ་འདུན་ཆོས་འཕེལ་མཆོག་སྐབས་དེར་ཨ་རིར་གདན་དྲངས་ཐུབ་སོང་ན་ད་ལྟའི་གནས་བབས་འདི་ལྟ་བུ་ཞིག་གཏན་ནས་ཡིན་མི་སྲིད་ཨང་སྙམ་པ་ཞིག་ཀྱང་བྱུང་ངོ་།།

མཇུག་མཐར་ཚང་མར་བཀྲ་ཤིས་ཞལ་དྲོ་ཞུའོ།།                             ༢༠༢༤/༡/༡༠ཉིན།

 

མཆན།           

 དྲན་སྣང་རིང་ལུགས། བག་ཆགས་རིང་ལུགས་ཞེས་བསྒྱུར་ནའང་འགྲིག་པར་སྣང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4427