༄༅། །སེམས་བསྐྱེད་ལ་དཔྱད་པ་བློ་གསར་དགྱེས་པའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །

 

 

རྨད་བྱུང་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་ཚུལ།།

སྔོན་མེད་དམ་ཆོས་འོད་སྣང་གསལ་བ་ཡིས། །

ཞིང་འདི་ཤིས་པར་སྦྱོར་མཛད་ཤཱཀྱའི་ཏོག། །

བྱང་ཆུབ་ཐོབ་ཀྱང་སྐྱབས་ཀྱི་མཆོག་ཏུ་བཀུར། །

དེའི་གསུང་བླ་མེད་ངེས་དོན་བདུད་རྩིའི་རོ། །

རང་དབང་སྤྱོད་མཛད་སྲས་ཀྱི་ཐུ་བོ་ཆེ། །

རྒྱལ་བའི་རྒྱལ་ཚབ་མ་ཕམ་མགོན་པོ་ཀྱེ། །

དེང་འདིར་དགེ་ལེགས་འོད་སྣང་ཆར་དུ་སྙིལ། །

འཇིག༷ས་མེ༷ད་ཐུགས་བསྐྱེད་སྲ་མོའི་གོ་བགོས་ཤིང་། །

ཕུ༷ན་ཚོག༷ས་མཛད་བཟང་གསེར་གྱི་འཁོར་ལོ་ཡིས། །

དུས་མཐར་ཕན་བདེའི་འབྱུ༷ང་གན༷ས་སངས་རྒྱས་བསྟན། །

ཕྱོགས་མཐར་སྤེལ་མཛད་བླ་མའི་ཞབས་ལ་འདུད། །

འདི་ན་ལས་དང་སྨོན་ལམ་གྱིས་ཁུགས་པའི། །

སྔོན་བྱོན་མཁས་པའི་ལེགས་བཤད་དྭངས་མའི་ཆབ། །

ཅུང་ཞིག་འཐུངས་བའི་ལག་རྗེས་ཉུང་ངུ་ཙམ། །

མཆེད་ཚོགས་དགྱེས་པའི་སྐྱེམས་སུ་འདྲེན་པར་བྱེད། །

 

སྐྱོབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས། འགྲོ་བ་མཐའ་དག་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཀྱི་རྒུད་པ་མ་ལུས་པ་སེལ་བའི་ཐབས་སུ་ལེགས་པར་བསྩལ་པ། ཐོས་པའི་དུས་སུ་དོན་དེར་ཡིད་ཆེས་པའི་དད་པའི་རྒྱུ་བྱེད་པས་ཐོག་མར་དགེ་བ། བསམ་པའི་དུས་སུ་དོན་དེར་ངེས་པའི་ཤེས་པ་འདྲེན་པའི་རྒྱུ་བྱེད་པས་བར་དུ་དགེ་བ། སྒོམ་པའི་དུས་སུ་དོན་དེ་ཇི་ལྟ་བ་བཞིན་རྟོགས་པའི་བློ་གྲོས་ཀྱི་རྒྱུ་བྱེད་པས་ཐ་མར་དགེ་བ་སྟེ། ཕུན་སུམ་ཚོགས་པའི་དམ་པའི་ཆོས་ཀྱི་བདུད་རྩི། འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་འཁོར། གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། གསུམ་པ་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་ཏེ་མཚུངས་པ་མེད་པའི་སེང་གེའི་སྒྲ་ལན་མ་གསུམ་དུ་བསྒྲགས་པ་ལས། གཙོ་བོ་བཀའ་འཁོར་ལོ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་སྟོང་དང་རྟེན་འབྲེལ་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་སུ་བཞུགས་པའི་དགོངས་པ་རང་དབང་དུ་འགྲེལ་བ་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱེད་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས་སོགས་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་མ་ཕམ་མགོན་པོའི་མངོན་རྟོགས་རྒྱན་གཉིས་སུ་ཡོད་པ་ལས། འདིར་ཕྱི་མའི་གཞུང་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལས་འཕྲོས་ནས་ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ཀྱི་རྣམ་བཞག་ཉུང་ངུར་ཞུ་བ་ལ།

སེམས་བསྐྱེད་ཀྱི་རྟེན་དང་། རང་བཞིན་གཉིས།  དང་པོ་ལ་ལུས་རྟེན་དང་། སེམས་རྟེན་གཉིས་སོ། །

དང་པོ་ལུས་རྟེན་ནི། འགྲོ་བ་རིགས་དྲུག་པོ་དེའི་ལུས་རྟེན་དུ་རུང་སྟེ། གྲུབ་མཐའ་མཛོད་ལས། དབུ་མ་པའི་ལུགས་ཀྱི་ཐེག་ཆེན་ལ་མོས་ཤིང་སངས་རྒྱས་འཐོབ་འདོད་ཅན་གྱི་ལྷ་དང་ཀླུ་ལ་སོགས་པ་ལའང་སྐྱེ་བར་འདོད་དེ། ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། དེའི་ཚེ་ལྷའི་བུ་ཉི་ཁྲིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། ཀླུ་ཉི་ཁྲི་ཉིས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དང་། ཡུམ་བར་མ་ལས། དེའི་ཚེ་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དང་། དྲིན་ལན་བསབ་མདོར་བདག་ཅག་གི་སྟོན་པས་དམྱལ་བའི་རྟེན་ལ་སེམས་བསྐྱེད་ཚུལ་གསུངས་པ་སོགས་ཀྱིས་གྲུབ་བོ། །འོ་ན་ཇོ་བོ་རྗེའི་ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པའི་དོན་ཇི་ལྟ་བུ་ཞེ་ན། གྲུབ་མཐའ་མཛོད་ལས། སེམས་ཙམ་པ་ལྟར་ན་སོ་སོར་ཐར་པ་རིགས་བདུན་དང་ལྡན་པ་ནི་ལུས་ཀྱི་རྟེན་དུ་འདོད་དེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་སོ། །ཞེས་གསུངས་པ་ལྟར་ཤེས་དགོས་ཤིང་། གཞན་ཡང་མདོ་སྡེ་བསྐལ་པ་བཟང་པོ་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ནི། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པའང་། གྲུབ་མཐའ་མཛོད་ལས། ཉིན་གཅིག་གི་སྲོག་གཅོད་སྤོང་བ་ཙམ་སོ་སོར་ཐར་པའི་སྡོམ་པ་མ་ཡིན་ལ། རྒྱུ་དགེ་རྩ་དེ་ལ་བརྟེན་ནས་སེམས་བསྐྱེད་པ་ཡིན་གྱི་རྟེན་དུ་བཤད་པའང་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་ཕྱི་མ་འདི་རྟེན་ཁྱད་པར་ཅན་ལ་དགོངས་པ་ཡིན་པར་ངེས་སོ། །

གཉིས་པ་སེམས་རྟེན་ནི། གྲུབ་མཐའ་མཛོད་ལས། བསམ་པའི་རྟེན་ནི་དད་སོགས་བསོད་ནམས་ཀྱི་བློ་ཁྱད་པར་ཅན་དང་ལྡན་པའོ། །ཞེས་སོ། །

གཉིས་པ་རང་བཞིན་ལ། མཚན་ཉིད་དང་། མཚན་གཞི་གཉིས་སོ། །

དང་པོ་མཚན་ཉིད་ལ། དངོས་དང་། མཐའ་དཔྱད་པ་གཉིས།  དང་པོ་ནི། གཞན་དོན་དུ་རྫོགས་བྱང་འཐོབ་འདོད་ཀྱི་མཁྱེན་པའམ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་རུང་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། དབྱེ་ན། ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས། གཞན་དོན་དུ་རྫོགས་བྱང་འཐོབ་འདོད་ཀྱི་མཁྱེན་པ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཐེག་ཆེན་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་འདོད་དེ། འཇམ་མགོན་མི་ཕམ་པས། ཀུན་རྫོབ་སེམས་བསྐྱེད་ནི་བླ་མེད་བྱང་ཆུབ་འཐོབ་པར་བྱ་བར་སེམས་བསྐྱེད་པ། ཞེས་དང་། དོན་དམ་སེམས་བསྐྱེད་ནི། རང་སེམས་སྤྲོས་བྲལ་གྱི་དོན་རྟོགས་པའམ། ཆོས་ཉིད་ཀྱི་བདེན་པ་རྟོགས་པ་གང་ཟེར་ཀྱང་དེ་གཉིས་དོན་འདྲ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཞེས་གསུངས་ཤིང་། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ལས། བྱང་ཆུབ་ཀྱི་སེམས་དེ་ནི། རྣམ་པ་གཉིས་ཏེ་ཀུན་རྫོབ་དང་། དོན་དམ་པའོ། །དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པས་སེམས་དང་པོ་བསྐྱེད་པའོ། །ཞེས་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །ཞེས་གསུངས་སོ། །

གཉིས་པ་མཐའ་དཔྱད་པ་ལ། འདིར་བསྟན་སེམས་བསྐྱེད་གང་ཡིན་དང་། ཀུན་རྫོབ་སེམས་བསྐྱེད་ཀྱི་ཟུར་ལ་དཔྱད་པ་དང་། ས་མཚམས་ལ་དཔྱད་པ་དང་གསུམ་མོ། །

དང་པོ་ནི། གཞུང་རྩ་བར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་དངོས་བསྟན་སེམས་བསྐྱེད་ནི་ཀུན་རྫོབ་སེམས་བསྐྱེད་དུ་འདོད་དེ། ཀུན་རྫོབ་སེམས་བསྐྱེད་ནི་བླ་མེད་བྱང་ཆུབ་འཐོབ་པར་བྱ་བར་སེམས་བསྐྱེད་པ། ཞེས་ཀུན་རྫོབ་སེམས་བསྐྱེད་ནི་གཞན་དོན་དུ་རྫོགས་བྱང་འཐོབ་འདོད་ཀྱི་མཁྱེན་པ་ལ་འཇམ་མགོན་མི་ཕམ་པས་གསུངས་པ་གང་ཞིག གཞུང་རྩ་བའི་བསྟན་དོན་ཡང་དེ་ཡིན་པར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་གྲུབ་མཐའ་མཛོད་ལས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་འདོད་ཀྱི་སེམས་སྨོན་འཇུག་གིས་བསྡུས་པ་གང་ཞིག ཕ་རོལ་ཕྱིན་པ་དྲུག་གི་ངོ་བོར་གྱུར་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ཡིད་བཞིན་མཛོད་འགྲེལ་ལས། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི། དེ་ནས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི། །གཞན་གྱི་དོན་ཕྱིར་སངས་རྒྱས་འདོད་པ་སྟེ། །སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །འགྲོ་བར་ཆས་པ་ལྟར། སངས་རྒྱས་ཐོབ་པར་འདོད་པ་སྨོན་པ། ཞེས་དང་། འགྲོ་བཞིན་པ་ལྟར་སྦྱོར་བས་ཁྱབ་པར་བྱེད་པ་ནི་འཇུག་པ། ཞེས་ཐེག་ཆེན་སེམས་བསྐྱེད་དེ་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ལ་གསུངས་ནས། དེའི་སྒྲུབ་བྱེད་དུ་མངོན་རྟོགས་རྒྱན་གྱི་གཞུང་སེམས་བསྐྱེད་པ་ནི་སོགས་དྲངས་པར་མ་ཟད། སེམས་བསྐྱེད་དེའི་དབྱེ་བའང་ཀུན་རྫོབ་སེམས་བསྐྱེད་ཀྱི་དབྱེ་ངོ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་གཉིས་སུ་འཆད་པར་མཛད་པ་སོགས་གཞུང་གི་བབ་ལས་གསལ་བར་རྟོགས་ཐུབ་པ་ཉིད་དོ། །གཞན་ཡང་སེམས་བསྐྱེད་ཐད་ཀྱི་འགྲེལ་ཆུང་དོན་གསལ་ལས། སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །ཞེས་གསུངས་སོ། །དེས་ན་མངོན་རྟོགས་རྒྱན་དང་། བྱང་སེམས་སྤྱོད་འཇུག་ཆེན་པོ་གཉིས་སུ་གསུངས་པའི་ཐེག་ཆེན་སེམས་བསྐྱེད་དང་སེམས་བསྐྱེད་རྒྱུད་ལ་སྐྱེས་ནས་བྱང་ཆུབ་སེམས་དཔའི་མིང་ཐོབ་པར་གསུངས་པ་སོགས་གཙོ་བོ་ཀུན་རྫོབ་སེམས་བསྐྱེད་ཀྱི་ལྡོག་པ་ནས་བསྟན་ཅིང་། དབུ་མ་འཇུག་པ་ལས་ནི་གཙོ་བོ་དོན་དམ་སེམས་བསྐྱེད་ཀྱི་ལྡོག་པ་ནས་འཆད་པར་མཛད་པ་ཡིན་ནོ་ཞེས་པ་ཡང་ཞར་བྱུང་དུ་ཐལ་བའོ། །

གཉིས་པ་ནི། དེའང་གཞུང་རྣམས་སུ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ལ་ཟུར་གཉིས་ཚང་དགོས་པར་བསྟན་ཏེ། ཀུན་མཁྱེན་བོད་པ་སྤྲུལ་སྐུས། དོན་གཉིས་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་སེམས་བསྐྱེད་ཅེས་ཟུར་སྔ་མ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་སྟེ་དོན་གཉིས་སམ་ཟུར་གཉིས་ལྡན་དགོས་པར་གསུངས་སོ། །འོ་ན་ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་འདི་རང་ཉིད་རྫོགས་བྱང་འཐོབ་འདོད་ཅིག་དགོས་སམ་ཞེ་ན། རང་གི་རྨོངས་བློར་ཤར་ཚོད་ཅིག་ཞུ་སྟེ། གཞན་དོན་དུ་རྫོགས་བྱང་འཐོབ་འདོད་ཀྱི་མཁྱེན་པ་ཙམ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་འཇོག་དགོས་པ་ལས། རང་ཉིད་ཅེས་ཟུར་ལྷག་པོ་ཞིག་སྦྱར་ན་གནོད་བྱེད་ཡོད་ཅིང་། ཟུར་དེ་མི་སྦྱོར་བ་ལ་སྒྲུབ་བྱེད་དང་བཅས་པ་ཡིན་ཏེ། དང་པོ་གནོད་བྱེད་ནི། གལ་ཏེ་རང་ཉིད་སངས་རྒྱས་འཐོབ་འདོད་ཅིག་དགོས་ན་སངས་རྒྱས་ལ་དེ་འདྲའི་སེམས་བསྐྱེད་ཅིག་ཡོད་པར་ནི་མི་འཐད་པས་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལྟ་བུ་དེ་ཐེག་པ་ཆེན་པོའི་སྐྱེས་བུ་མ་ཡིན་པར་འགྱུར་ཏེ། ཁོང་ལ་ད་གཟོད་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཀྱི་འདུན་པ་ཞིག་ཡོད་མི་རིགས་ཏེ། སངས་རྒྱས་ཟིན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་པ་མིན་པར་ནི་ཤིན་ཏུ་འདོད་མི་རིགས་པ་ཉིད་དོ། །གལ་ཏེ་ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་པའི་སྐབས་ནས་བསྟན་པའི་སེམས་བསྐྱེད་དེ་དོན་དམ་སེམས་བསྐྱེད་ཡིན་པས་སྐྱོན་མེད་དོ་ཞེ་ན། དེའང་མི་རིགས་ཏེ་ཐེག་ཆེན་ཚོགས་ལམ་རྒྱུད་ལ་སྐྱེས་ནས་ཐེག་པ་ཆེན་པོའི་སྐྱེས་བུར་འདོད་པ་གཞུང་སྤྱི་འགྲོས་ཡིན་ཞིང་། ཁྱད་པར་འཇོག་བྱེད་ཀྱི་སེམས་བསྐྱེད་དེ་དོན་དམ་སེམས་བསྐྱེད་ཡིན་ན་ཚོགས་སྦྱོར་ལམ་པའི་བྱང་སེམས་ཞེས་པ་ཞིག་མེད་པའམ་དེ་དག་ཐེག་ཆེན་པ་མིན་པར་ཁས་ལེན་དགོས་སུ་འགྱུར་བས་རྣམ་བཞག་མང་པོ་ཞིག་ཅི་ཆ་མེད་པར་འགྱུར་རོ། །སྒྲུབ་བྱེད་ནི་ལུང་དང་བཅས་པ་ཉིད་དེ། གྲུབ་མཐའ་མཛོད་ལས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་འདོད་ཀྱི་སེམས་སྨོན་འཇུག་གིས་བསྡུས་པ་གང་ཞིག ཕ་རོལ་ཕྱིན་པ་དྲུག་གི་ངོ་བོར་གྱུར་པ་སྟེ། ཞེས་དང་། དེ་བཞིན་དུ་ཡིད་བཞིན་མཛོད་ལས། ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། ཞེས་དང་། འཇུག་འགྲེལ་ལས། ཆོས་ཉིད་འདི་ལྟ་བུ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་སེམས་གང་སྐྱེས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །ཞེས་སོགས་ཀྱིས་གསལ་བོར་གྲུབ་བོ། །འོ་ན། འཇམ་མགོན་མི་ཕམ་པས། དེས་ཅི་ལ་སེམས་པའམ་ཅི་ལ་དམིགས་ནས་སེམས་བསྐྱེད་ཅེ་ན། བདག་བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བ་ལ་སེམས་ཤིང་དམིགས་པ་དང་། ཞེས་དང་། མདོ་ལས། བྱང་ཆུབ་སེམས་དཔའ་ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཞེས་སོགས་ཀྱི་དོན་ཇི་ལྟར་འགྲེལ་ཞེ་ན། དེ་དག་ནི་སློབ་པའི་སེམས་བསྐྱེད་དམ་རྒྱུའི་སེམས་བསྐྱེད་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བའོ། །

གསུམ་པ་ནི། གཞན་གྱི་འདོད་པ་ནི་འདིར་མི་བཀོད་ལ་རང་ལུགས་ནི། དེའང་སེམས་བསྐྱེད་སྤྱིའི་ས་མཚམས་ནི་ཅི་རིགས་པར་ཚོགས་ལམ་ནས་མི་སློབ་ལམ་གྱི་བར་དུ་ཡོད་ལ། ནང་གསེས་ཀུན་རྫོབ་སེམས་བསྐྱེད་ནི་ཚོགས་ལམ་ནས་མི་སློབ་ལམ་གྱི་བར་དང་། དོན་དམ་སེམས་བསྐྱེད་ནི་མཐོང་ལམ་ནས་མི་སློབ་ལམ་གྱི་བར་དུ་ཡོད་པར་གོང་དུ་བཤད་པ་དེ་དག་གི་ཤུགས་ལས་ཀྱང་ཤེས་པར་འགྱུར་མོད། གཞན་ཡང་ལུང་གིས་སྒྲུབ་པའང་། འཇམ་མགོན་མི་ཕམ་པའི་སྡུད་པ་རྒྱན་སྦྱར་ལས། དོན་དུ་གཉེར་བྱ་གཞན་དོན་དང་ཆེད་དུ་བྱ་བ་སངས་རྒྱས་གཉིས་པོ་དེ་གང་གིས་འགྲུབ་པར་བྱེད་པ་ནི། ཤེར་ཕྱིན་ལ་རག་ལས་པས། དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་ལམ་ལྔར་ས་མཚམས་ཉེར་གཉིས་སུ་གང་སྤྱད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉན་པར་གྱིས། ཞེས་སེམས་བསྐྱེད་ཉེར་གཉིས་པོ་ལམ་ལྔར་ཡོད་པར་གསུངས་པ་དང་། ཡིད་བཞིན་མཛོད་འགྲེལ་ལས། ཆུའི་རྒྱུན་གཅིག་ཉིད་ལུང་པ་སོ་སོའི་མདར་མིང་འགྱུར་བ་ལྟར། སྨོན་འཇུག་གི་སེམས་བསྐྱེད་གཅིག་པུ་དེ་ཡང་། ཚོགས་སྦྱོར་གྱི་དུས་ན་མོས་པ་ལས་བྱུང་བའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་དུ་ལྷག་བསམ་དག་པའི་སེམས་བསྐྱེད། དག་ས་གསུམ་དུ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །དེའང་སངས་རྒྱས་ཀྱི་ས་ན་ཆོ་ག་ལས་བྱུང་བ་དང་། ད་གཟོད་འཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཐུགས་རྗེ་ཆེན་པོས་དོན་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་པ་དང་། དོན་དམ་སེམས་བསྐྱེད་ཡོད་དེ། དོར་བ་མེད་པ་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དོན་དམ་སེམས་བསྐྱེད་ཐོབ་ལ་ཉམས་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་མེད་ནི་ཚུལ་འདིས་ཤེས་པར་བྱའོ། །ཞེས་སྨོན་འཇུག་གི་སེམས་བསྐྱེད་ཉིད་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་གསུངས་པ་དང་། དོན་གསལ་ལས། དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པའི་སས་བསྡུས་སོ། །དེའི་འོག་ཏུ་གཅིག་ནི་ས་དང་པོ་ལ་འཇུག་པའི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ། མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་ཏུ་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་སེམས་བསྐྱེད་པ་གསུམ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་ཏེ། དེ་ལྟར་ན་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་སོ། །གལ་ཏེ་མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་སློབ་ལམ་ཁོ་ནར་གསུངས་པ་མ་ཡིན་ནམ་སྙམ་ན་དེའི་དོན་ནི། ཀུན་མཁྱེན་བོད་པ་སྤྲུལ་སྐུས། སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་སློབ་ལམ་ན་ཡོད་པར་བཞེད་པ་མདོ་རྒྱན་སོགས་ཀྱི་དགོངས་པ་ནི་རྒྱུའི་སེམས་བསྐྱེད་ལ་དགོངས་སོ། །ཞེས་གསུངས་པའི་དོན་བཞིན་ཤེས་དགོས་པ་ཉིད་དོ། །འོ་ན་སེམས་ཉིད་ངལ་གསོའི་འགྲེལ་བ་ལས། དོན་གསལ་གྱི་ལུང་དོན་འཆད་པའི་སྐབས་སུ། ཁ་ཅིག་སྐབས་འདིའི་ཐ་མ་གསུམ་ཀུན་ཏུ་འོད་ཀྱི་ས་ལ་སྦྱོར་བའི་ལུང་དུ་འཆད་པ་མི་རིགས་ཏེ། སངས་རྒྱས་ཀྱི་ས་དེ་ལ་མཇུག་མི་དམིགས་པའི་ཕྱིར་ཏེ། ཟད་པའམ་མཐའ་མི་དམིགས་པའི་ཕྱིར་ཞེས་གསུངས་པ་ཇི་ལྟར་འགྲེལ་ཞེ་ན། དེ་ནི་འདིར་བསྟན་མཇུག་ཅེས་པ་རྫོགས་པའམ་ཟད་པ་ལ་བཤད་ན་མི་འགྲིག་ཅེས་པའི་དོན་ཡིན་ལ། འདིར་ཡང་དེ་ལྟར་བཤད་པ་མིན་པས་སྐྱོན་མེད་པའོ། །

གསུམ་པ་མཚན་གཞི་ལ། མཁས་པའི་འདོད་པ་བཀོད་ཅིང་། རང་ལུགས་བཞག་པའོ། །

དང་པོ་ནི། འཕགས་པ་ཐོགས་མེད་ཀྱི་བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་སྨོན་ལམ་ལ་གསུངས་ཤིང་། སློབ་དཔོན་དབྱིག་གཉེན་གྱི་རྒྱན་འགྲེལ་ལས། ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པ་ཞེས་བྱའོ་ཞེས་བྱང་ཆུབ་སེམས་དཔའི་སེམས་པ་སྟེ། ཞེས་སེམས་པར་གསུངས་སོ། །ཡང་དགེ་སློང་རྣམ་པར་གྲོལ་བའི་སྡེའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྒྱན་གྱི་འགྲེལ་པ་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ། སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་དེ་ལ་སྲིད་པའི་ཕྱིར་རོ། །བསྐྱེད་པ་ཞེས་སྨོས་པས་ནི་མ་སྐྱེས་པ་སྐྱེད་པར་ཤེས་པར་བྱེད་པ་ཡིན་པའི་ཕྱིར་ན་སེམས་ཀྱི་རྟོག་པའི་ཆོས་ལ་དང་པོའི་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུའོ། །ཞེས་ཡིད་ཀྱི་རྣམ་པར་ཤེས་པ་ལ་གསུངས་ཤིང་། དེ་བཞིན་དུ་སློབ་དཔོན་སེང་གེ་བཟང་པོའི་འགྲེལ་ཆུང་ལས། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་དེ་དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བ་ཡིན་ལ། སེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིིན་ནམ། ཇི་ལྟར་ན་དེ་སེམས་བསྐྱེད་པ་ཡིན་པར་འགྱུར་ཞེ་ན་བདེན་མོད་ཀྱི། འོན་ཀྱང་འདིར་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་རྒྱུ་འབྲས་སུ་བསྟན་པ་ཡིན་ཏེ། དེ་ལྟར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་དེའི་སྒྲར་བསྟན་པ་ནི་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་གཙོ་སེམས་སུ་གསུངས་སོ། །

གཉིས་པ་ནི། རྒྱ་གར་མཁས་པའི་གསུང་གི་སྒྲས་ཟིན་ལ་སེམས་སེམས་བྱུང་སོ་སོར་བཤད་པ་ཙམ་ཡོད་ཀྱང་དོན་གྱི་གནད་ནི་དགོངས་པ་གཅིག་པར་གཙོ་སེམས་ཡིད་ཀྱི་རྣམ་པར་ཤེས་པ་ལ་འདོད་དོ། །དེའང་ཇི་སྐད་དུ་གྲུབ་མཐའ་མཛོད་ལས། ཐེག་པ་ཆེན་པོའི་ལམ་གྱི་སེམས་གང་ཡིན་མཚན་གཞི། ཞེས་དང་། པུཎྜ་རི་ཀའི་དོ་ཤལ་ལས། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་འདུན་ལྡན་སེམས་བསྐྱེད་མཚན་གཞི། ཐེག་ཆེན་སེམས་བསྐྱེད་ཡིན་པར་མཚོན། མཚོན་བྱ་སེམས་བསྐྱེད་པ་ནི་མཚན་ཉིད་ཟུར་གཉིས་ཚང་བ་སྟེ། གཞན་འགྲོ་བ་མཐའ་ཡས་པ་སེམས་ཅན་ཐམས་ཅད་ཀྱི་དོན་ཁུར་དུ་ཁྱེར་བའི་ཕྱིར་ཞུགས་པ་སྙིང་རྗེས་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པ་དང་། དོན་དུ་གཉེར་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་ཡིན་ནོ། །ཞེས་སོགས་གསལ་བོར་གསུངས་ཤིང་། དེའང་གཞུང་སྔ་མར་སེམས་ཞེས་དང་། གཞུང་ཕྱི་མར་འདུན་པ་དང་ལྡན་པའི་སེམས་བསྐྱེད་ཅེས་དང་སེམས་ཁྱད་པར་ཅན་ཞེས་བྱུང་བས་གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་རྒྱུ་འདུན་པ་དང་བཅས་པའམ་གྲོགས་སྨོན་ལམ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་སེམས་ཐམས་ཅད་ལ་གོ་དགོས་པར་གསུངས་ཤིང་། ཁྱད་པར་དུ་རྡོ་གྲུབ་བསྟན་པའི་ཉི་མས། འདུན་པ་དང་མཚུངས་ལྡན་གྱི་ཡིད་ཀྱི་རྣམ་ཤེས་ཤིག་གོ། །ཞེས་གསལ་ཁ་དང་བཅས་ཏེ་གསུངས་སོ། །འོ་ན་གོང་དུ་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་བཤད་པ་ཇི་ལྟར་ཡིན་སྙམ་ན། སྐུ་མཆེད་གཉིས་ཀྱིས་རྒྱུ་འམ་གྲོགས་ཀྱི་མིང་གིས་དེ་ལྟར་བསྙད་ལ། འཕགས་པ་དང་སློབ་དཔོན་གྱིས་རང་མིང་གིས་དེ་ལྟར་བཤད་པར་འདོད་དོ། །དེའང་རང་གྲོགས་སེམས་པ་དང་བཅས་པའི་འདོད་པ་དང་སྨོན་ལམ་ལ་དེ་ལྟར་བཏགས་པའི་རྒྱུ་མཚན་ནི། འགྲེལ་བ་དོན་གསལ་ལས། དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་རྒྱུ་འབྲས་སུ་བསྟན་པ་ཡིན་ཏེ། ཞེས་དང་། དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་དེའི་སྒྲར་བསྟན་པ་ནི། ཞེས་གསུངས་ཏེ། རྒྱལ་པོ་འཁོར་བཅས་འགྲོ་བ་ལ་འཁོར་གྱིས་མི་སྨོས་པར་རྒྱལ་པོའི་མིང་གིས་བཏགས་པ་ལྟར། སྨོན་ལམ་དང་སེམས་བསྐྱེད་མཚུངས་པ་ལྔ་མཚུངས་ཀྱིས་མཚུངས་པར་ལྡན་ཞིང་བྱང་ཆུབ་འདོད་པའི་སྨོན་ལམ་ཉིད་གཙོ་བོ་ཡིན་པས་སོ། །བཏགས་པའི་དགོས་པ་ནི། ཡང་དེ་ཉིད་ལས། དེ་ལྟར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་ཉེས་པ་མེད་དོ། །ཞེས་དང་། ཡང་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ཏེ། ཞེས་སོ། །དངོས་ལ་གནོད་བྱེད་ནི། གལ་ཏེ་འདོད་པ་དང་སྨོན་ལམ་སེམས་བསྐྱེད་ཡིན་ན་རྒྱུ་འབྲས་གཅིག་ཏུ་ཐལ་བའམ་གྲོགས་གྲོགས་ཅན་གཅིག་ཏུ་ཐལ་བ་སོགས་ཀྱི་ཉེས་པར་འགྱུར་རོ། །གཞན་ཡང་ཡིད་བཞིན་མཛོད་ལས། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་བསྐྱེད། །ཅེས་སེམས་བསྐྱེད་པ་ནི་སེམས་སེམས་བྱུང་གཉིས་ཆར་ལ་གསུངས་སོ་ཞེ་ན། དེ་སེམས་སེམས་བྱུང་དམིགས་རྣམ་སོགས་མཚུངས་པར་འཇུག་པས་སེམས་བསྐྱེད་པ་ན་སེམས་བྱུང་ཞར་ལ་བསྐྱེད་ཚུལ་ཙམ་བསྟན་གྱི་སེམས་བྱུང་སེམས་བསྐྱེད་ཡིན་པར་བསྟན་པ་མ་ཡིིན་ཏེ། དེའི་ཐད་ཀྱི་འགྲེལ་བར། ཉི་མ་དང་ཟེར་བཞིན་སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ན། སེམས་བསྐྱེད་པས་སེམས་བྱུང་ཡང་བསྐྱེད་པར་འགྱུར་བའི་ཕྱིར་རོ། །སེམས་བསྐྱེད་རྟིང་སེམས་བྱུང་གདོད་བསྐྱེད་མི་དགོས་པར་དགོངས་སོ། །ཞེས་གསལ་བོར་གསུངས་སོ། །

མདོར་ན་སེམས་བསྐྱེད་ཅེས་པ་སྒྲ་དོན་དང་མཐུན་པའི་མིང་དུ་བྱས་ནས་སེམས་སམ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་འདོད་པ་འདི་ལེགས་པའོ། །

འདི་ལྟར་སྨྲས་པའི་དགེ་བའི་འོད་སྣང་གིས། །ཀུན་ཀྱང་ཤེས་རབ་མེ་ཆེན་མཆེད་པར་ཤོག། །

རང་བཟོར་སོང་དང་མ་རྟོགས་ཉེས་པའི་ཚོགས། །ལྷ་དང་བླ་མ་མཆེད་ཚོགས་ཡོངས་ལ་བཤགས། །

 

ཞེས་བོད་རབ་གནས་ས་ཕོ་ཁྱི་ལོ་སྟེ་ཕྱི་ལོ་༢༠༡༨ལོར་དཔལ་གསེར་ཐང་བླ་མ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་ལོ་མཇུག་རྒྱུགས་སྤྲོད་དུ་ཕར་ཕྱིན་འཛིན་གྲྭའི་གུས་མིང་ཚུལ་ཁྲིམས་དབང་མོར་འབོད་པས་སྦྱར་བ་དགེ་བར་གྱུར་ཅིག་གུ།། །།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=983