ངའི་ཕྱིར་འདང་གི་མེ་ལོང་ངོས་སུ། ནམ་ཡང་གཟུགས་བརྙན་བཞིན་བསུབ་པར་དཀའ་བ་ཞིག་ཡོད་པ་ནི་རང་ཉིད་ཀྱི་བྱིས་དུས་རེད། མི་ཞིག་ལ་བྱིས་དུས་ཡིད་དུ་འོངས་པ་ཞིག་ཡོད་པར་གྱུར་ན་ནི། མི་དེར་ཚེ་འདིའི་འཁྲི་ཤིང་ལྟ་བུའི་ཕ་ཡུལ་ཡོད་པ་ཡིན། དེ་བས། ངའི་བྱིས་དུས་ནི་ངའི་ཕ་ཡུལ་ཡིན།
      ནར་སོན་པ་དང་བསྟུན་ནས་འཚོ་བར་འགྱུར་ལྡོག་བྱུང་ལ། བསམ་ཚུལ་དང་གཟུགས་གཞི་ལའང་འགྱུར་ལྡོག་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད། ཡིན་ནའང་། བྱིས་དུས་ཀྱི་ཕ་ཡུལ་ནི་ཡིད་ཀྱི་འཇིག་རྟེན་དུ་ནམ་ཡང་རྟག་བརྟན་ཐེར་ཟུག་ཏུ་གནས་ཡོད་པས། ང་རང་ཕྱིར་བྱིས་དུས་ཀྱི་ཕ་ཡུལ་དུ་ལོག་ཐུབ་ན་སྙམ་ཞིང་། བྱིས་དུས་ཀྱི་དགོད་སྒྲ་བྲག་ཅར་འཁོར་བའི་རི་ཐང་དེར་ལན་གཅིག་ལོག་ཐུབ་ནའང་སྙམ་བྱུང་།
        ང་རང་གྲང་ངར་ཧ་ཅང་ཆེ་བའི་དགུན་ཁ་ཞིག་ལ། བྱང་སྐར་སྨེ་བདུན་ལ་བལྟས་ཏེ་རུ་བ་སྤོ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། འབྲོག་ཁྱིམ་དེ་ནི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འབྲོག་ཁྱིམ་ཞིག་ཡིན། འབྲོག་ཁྱིམ་དེ་ནས་ནར་སོན་པའི་ལོ་ཟླ་ལ་ཕྱིར་མིག་ཅིག་བལྟས་ཚེ། དེ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་གཞན་ཞིག་ལ་ལྟ་བ་དང་མཚུངས། བཞུད་པའི་ལོ་ཟླ་དེ་དག་གི་ནང་དུ། ང་ཡིས་ཁ་བ་བུ་ཡུག་གིས་བཀླུབས་པའི་རི་བརྒྱ་ཀླུང་བརྒྱར་རྟག་པར་འགྲུལ་བཞུད་བྱེད་མྱོང་ལ། མེ་ཏོག་གིས་ཡོངས་སུ་ཁེབས་པའི་ན་ཐང་ནས་རྫི་གླུ་དབྱངས་སུ་འགུག་མྱོང་། ཡང་ན། དཔྱིད་གསུམ་ཁ་ཆར་ཁྲོད་དུ་སྨུག་སྤྲིན་གྱི་རྒྱ་མཚོ་བརྒལ་མྱོང་། ད་ལྟ་བསམ་ན། དེ་ནི་རྨི་ལམ་ཞིག་ལས་ཅི་ཞིག་ཨང་།
        དེ་དུས། ཕ་ཡུལ་གྱི་མི་སུ་ཞིག་ཡིན་ནའང་། རྒྱབ་རི་དང་གནས་རི། བླ་རི་ཡོད། རི་གནས་པ་ཅན་དེ་དག་གི་རྩེ་ནས་དར་ལྕོག་འཐེན་ཞིང་རླུང་རྟ་བསྐྱོད། ལྷ་བསང་གཏོང་ལ་ལྷ་རྒྱལ་འཐེན། ས་བདག་གནས་བདག་གི་ངོ་སོ་དགོང་ལ་བསྟོད། དེ་དུས། ཉག་ག་ཁིས་ཁར་བུད་ན་ཀྭི་བསོ་དིར་དིར་སྒྲོག རྟ་ཞོན། གཡག་འདེད། བྱ་ཐམས་ཅད་ལྷ་བྱ་རུ་ངོས་འཛིན། སྦྲུལ་དང་ཉ་ལ་ཀླུ་ཞེས་གནོད་མི་བྱ། དེ་དུས། མགྲོན་པོར་རྩིས་ཆེ་ལ་སོང་བ་སླར་ལོག་པའི་ཁ་གཡང་འབོད། དེ་དུས། འབྲི་ཐུལ་མ་གཅིག་གིས་བཟའ་དགུ་སོས། ཁྱི་རྒྱ་ལུ་གཅིག་གིས་དགྲ་མགོ་ཁེབས།
         དེ་མིན། བྱིས་པ་སུ་ཞིག་ཡིན་ནའང་རྩེད་རོགས་ཡིན། རྩེད་རོགས་ལྷ་ཡིན་ཟེར། མི་ཚོ་སྐོར་སྐོར་བྱས་ལྷ་ས་ལ་རྐང་ཐང་དུ་འགྲོ  དེར་དབུས་རོགས་ཞེས་ནམ་ཡང་ཕ་བཞིན་བཀུར། དེ་དུས། རྡོ་ཁང་དང་ས་ཁང་མེད། མགོ་སྦྲ་མཐིང་སྨུག་གཡུ་སྦྲ་ཡིན། སྦྲ་ནི་འབྲོག་པའི་རིག་གནས་ཀྱི་རྟེན་གཞི་ཡིན་ལ། འབྲོག་པའི་ཤེས་རབ་མཚོན་བྱེད་ལའང་སྦྲ་ལས་གཞན་འཇོག་ཏུ་མེད། སྦྲ་ནི་སྒོ་ཕྱུགས་ནོར་གནག་གི་ཁུལ་རྩིད་བཏགས་པའི་ཐགས་ཏེ་རེ་ལྡེ་ཡིས་བཟོས་པ་ཡིན། སྦྲ་ཀླད་པདྨ་འདབས་བརྒྱད་དང་སྦྲ་ཁྱིམ་བསོད་ནམས་ཀ་བཞིར་སྨྲ། གང་ལྟར། ང་ནི་སྨྲ་ནག་ཏུ་ནར་སོན་པའི་མི་རབས་ཐ་མ་ཡིན་པ་འདྲ་སྟེ། ངའི་རྗེས་ཀྱི་བྱིས་པ་ཚོས་ཁང་ལེབ་ལས་སྦྲ་ནག་མཐོང་མྱོང་མེད་པས། སྦྲ་ནག་སྐོར་གྱི་ཐ་སྙད་ཕོན་ཆེ་བ་དག་ཀྱང་མི་ཤེས། སྦྲ་ནི་ཕུབ་སླ་ལ་འཁྱེར་སླ་བས་གཡག་གཅིག་གིས་འཁུར་ནུས། ཡིན་ནའང་། སྦྲའི་སྐོར་གྱི་ཐ་སྙད་ནི་གཡག་ཁལ་གཅིག་གིས་མི་ལོང་བ་ཡོད། དཔེར་ན། ཁ་ཚུབ། ཟུང་བ། ཆ་རུ། ངོ་ཐིག  ཆོན་ཐག  ཐད་རྒྱུགས། ས་འདོགས། ཕུར་བ། ཀ་བ། གདུང་མ། ཇ་ཟུང་། གྲུ་ཐག  གཟར་ལག  སྒོ་ཆོན། ཆ་རུ་སོགས་ཡོད་ཅིང་། ཟུང་བ་ལ་ཕོ་ཟུང་མོ་ཟུང་གཉིས་ཡོད། ཆོན་ཐག་ལ་ཕུག་ཆོན་དང་སྒོ་ཆོན། གྲུ་ཆོན། དཀྱིལ་ཆོན་སོགས་ཡོད། ཀ་བ་ལ་ནང་ཀ་དང་གྲུ་ཀ ཕུག་ཆོན་ཀ་བ། སྒོ་ཆོན་ཀ་བ་སོགས་ཡོད། ཕུག་ཆོན་གྱི་ཀ་བ་སྟག་པ་བྱེད། སྒོ་ཆོན་ཀ་བ་ཤུག་པ་བྱེད་དེ། ནང་དུ་གསེར་གྱི་ཀ་བ་མ་ཆག  ཕྱི་རུ་དངུལ་གྱི་ཆོན་ཆག་མ་ཆད། གུང་ཤིང་གཡུ་ཡི་གདུང་མ་མ་ལྷུང་།མཐའ་བཞིའི་དུང་གི་ཕུར་བ་མ་འབུད་པར། ཕོ་སྦྲ་དང་མོ་སྦྲ་ཡོད་ལ། སྦྲ་ལེབ་དང་རས་ནག  རས་ཁྲ། ཁྲོབ་སྦྲ་སོགས་མང་དུ་སྣང་། དེ་དུས་ང་རང་ལོ་ཆུང་ཡང་། དབྱར་དགུན་སྟོན་དཔྱིད་མེད་པར་རྣ་ལམ་དུ་འཐོར་འོང་བ་ནི་སྦྲ་ནག་གི་ཐ་སྙད་དེ་དག་རེད། ཐ་སྙད་དེ་དག  ད་དུང། དུད་དྲི་ཁྱབ་ལེ་བར་ངའི་བརྩེ་གདུང་གི་དྲན་ཤེས་ངོས་སུ། སྐར་མ་ཨ་བརྟན་བཞིན། སྨིན་དྲུག་ཕྲ་མོ་བཞིན། བྱང་སྐར་སྨེ་བདུན་བཞིན་ཕྲ་ཟིམ་ཟིམ་བྱེད། འོད་ཆེམ་ཆེམ་བྱེད།
        ཟས་གཙོ་བོ་ཤ་མར་རྩམ་གསུམ་ཡིན། རྩམ་པ་ལག་སྐོར་གྱིས་འཐག་པ་ཡིན། ལོ་རྒྱུས་ཡིག་ཚང་དུ་གཆིག་ཀྱང་ཟེར། གཆིག་གམ་ལག་སྐོར་ནི་རྡོ་གོར་མ་ཡིས་བཟོས་པ་སྟེ། ཡ་ཁོད་དང་མ་ཁོད་གཉིས་ཡོད། ཐོག་རྡོ་དང་འོག་རྡོའང་ཟེར། གཉིས་ཀའི་ལྟེ་བར་ཁུང་བ་གཉིས་ཡོད། དེ་གཉིས་ཀ་འཕལ་འཕྲོད་བྱེད་ལྟེ་བ་དང་ལྟེ་ཁུང་ཡིན། ཡ་ཁོད་ལ་དྲལ་བུ་ཞིག་ཡོད། དེ་ཡས་ལྡུག་ས་ཡིན། འདི་འདྲའི་རྡོ་གོར་མ་ཆ་དེ། གངས་ཅན་བོད་ཀྱི་ཁ་ཟས་སྦྲང་དཀར་རྩམ་པ་འཐག་བྱེད་ཡིན་པས། ནམ་ཡང་འབྲལ་དུ་མེད་པའི་དངོས་པོ་དེ་གཅིག་པུ་ཡིན། ངའང་གཆིག་གི་རྩམ་པ་ཟོས་ནས་ནར་སོན་པ་ཡིན། གཆིག་གི་རྩམ་པའི་སྟེང་སྟོན་ཕྱུར་ཁེར་བུ་གང་བཞག སྟོན་མར་རྡོག་ཙམ་འཕངས་ཏེ་ཟོས་ན་གཞན་གྲང་མི་འཇོག  དངོས་གནས་ཞིམ་པོ་ཞེ་དྲག་ཡོད།
མི་རྣམས་ཀྱིས་མགོ་ལ་བྱང་ཞྭ་དང་ཝ་ཞྭ། ཚར་ཞྭ་སོགས་གྱོན་སྟེ། ཚར་ཞྭའི་རྩེ་ལ་ཙོར་ཡང་འདོགས།  ལུས་ལ་རྩག་པ་གོན་ཞིང་། དེར་ཕོ་རྩག་དང་མོ་རྩག  དབྱར་རྩག་དང་དགུན་རྩག  ཆུ་རྩག་དང་ཤོམ་རྩག་སོགས་སུ་དབྱེ། རྒྱུ་གཙོ་བོ་ལུགས་པགས་ཀྱིས་བྱས། གོང་བ་མཐོ་ལ་གོང་ཕུར་རྒྱལ་སྲས་ཟ་འོག་གི་གོས་ཆེན་གྱིས་བྱེད། ཕྱི་ཁོབ་ཆེ་ཞིང་ཕུ་དུང་རིང་། ཁ་ཆོན་ལ་རས་ནག་དང་སྐྱི་ཆོན། ཆུ་སྐུད་སོགས་འཐེན། ཐོག་མཐུ་འོག་མཐུ་ལས་ཆེ་བ་ཡོད། རྐང་ལ་ཕྱིང་ལྷམ་མིན་ན་གོ་ལྷམ་གྱོན། འགྲོ་ན་རྟ་བཞོན་རྟ་ལ་སྒ་སྟོད། སྒ་ཡི་སྔ་རི་མཐོ་ལ་ཕྱི་རི་དམའ། སྒལ་གཡོག་ལ་ཕྲུག་ཆ་སོགས་ཀྱིས་གཡོག་རྒྱག  ཧོམ་གྱི་མཐུག་སྲབ་རན་ལ་ཡང་ཟོར་ཆེ། རྨེད་མདོར་གོས་འདོགས། གློ་ཐག་འབྲེང་པ་བྱེད། ཡོབ་ཆེན་ཨ་ལོང་གོར་མོར་ཁུགས་པ་ཆེ། དངུལ་གྱི་སྲབ་འཇོག  འདི་འདྲའི་རྟ་པ་ཞིག་ཚུར་ཡོང་གཟི་བརྗིད་ཆེ་ལ། ཕར་སོང་ཡིད་དུ་འོང་།
       སྐྱེས་མ་རྣམས་ཀྱིས་སྐྲ་ལོ་ཕྲ་བུར་བསླེ་ཞིང་བྱུ་རུའི་སྐེ་རྒྱན་འདོགས། བཞོ་ཟེའུ་བཟུང་སྟེ་འོ་མ་འཇོ། བཞོ་དབྱངས་ངག་ལ་འགུག ཆུ་ལེན་དུས་ཆུ་མཆོད་འཕེན། མགོ་དཀྲིས་གློ་ཁ་ཡིས་སྟག་ཤར་རའི་ཡིད་སེམས་རྨང་ནས་འགུག  ཁྲེད་གཞུང་ལྡན་ལ་ཕྱི་ཐག་རིང་། སེམས་པ་དྭངས་ཤིང་གཙང་། ཁྱོ་ག་དང་ཕ་མ་ལ་བཀུར་ཞིང་བུ་ལ་བྱམས། ཁྱི་ལ་ལྟོ་ལྡུད། འབྲི་མོ་གཡང་ལ་རྩི། ཚེ་གང་བོར་འོ་མ་དང་ཁ་མི་འབྲལ། ས་ཐག་རིང་བོར་གནས་ལ་འགྲོ  བཟོས་པའི་ཟེགས་དཀར་ཐབ་ཀའི་ཡར་སྒྱེད་གཡོན་མ་མཐོ་ཞིང་གཡས་ནི་དམའ། མར་སྒྱིད་བཀན་ལ་ཁས་ཁ་གཤོང་། བང་ཉལ་ལ་ཐེམ་རེ་འཇོག   གོ་ཁུང་སྒོར་ལ་གོ་ཁ་གྲུ་བཞི་འཇིག་དང་འདྲ། བང་སྦྲེལ་གྲིམ་ལ་བང་ཤིང་ཡག  འབར་བའི་མེ་ལྕེ་ཁ་ཚུབ་བར་དུ་མཆེད། བྲུས་པའི་མེ་ལ་དྲོད་ཆེ། དེ་མིན། དཔྱིད་དུས་སུ་ཐགས་འཐག  ཐགས་མགོ་ཀྱལ་རྟའི་ཕུར་བ་བརྡེབས། ཐགས་རྐང་སུམ་ཚུགས་སུ་བྱ། བལ་དཀར་གྱི་ཟོན་སྤུན་ལ་ཞོལ་སྟག་གིས་ཤུགས་ཀྱིས་འཕུད། ཅི་འདྲིའི་བློ་གྲོས་ཀྱི་ཉིང་ལག་རྫོགས་པ་ཞིག  ཅི་འདྲའི་ཤེས་རབ་ཀྱི་ཐབས་རྩལ་འབར་བ་ཞིག
       འདི་དག་ཡོད་ཚད་བྱིས་དུས་ཀྱི་མེ་ལོང་ངོས་སུ་ལྷམ་མེར་ལྷུན་ནེར་གནས་ཡོད་ཅིང་། གནམ་ས་ཡུག་གཅིག་ཏུ་སྦྲེལ་བར་བྱེད་པའི་སྨུག་ཆེན་ཁྲོད་དུ་ལུག་ཁྱུའི་འབའ་སྒྲ་ལྷིང་ལྷིང་གྲགས་པའི་ཡུལ་དུས་དེ་ནི་ང་ཡི་ཕ་ཡུལ་ཡིན། ང་ཡི་བྱིས་དུས་ཀྱི་ཕ་ཡུལ་ཡིན། ཕ་ཡུལ་དེ་ན་འབྲི་མོ་ཡི་ངུར་སྒྲ་ཡོད། རྟ་མཆོག་གི་འཚེར་སྐད་ཡོད། ཨ་མྱེས་ཀྱི་མ་ཎིའི་སྒྲ་དབྱངས་ཡོད། ཡང་ན། མཐའ་མི་མངོན་པའི་རྩྭ་ཐང་དང་མེ་ཏོག་གི་ཚོམ་བུ་ཡོད། དེ་འདྲའི་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་མལ་དེ་ནི་ང་ཡི་ཕ་ཡུལ་ཡིན།  ཡིན་ནའང་། ནར་སོན་པའི་རྗེས་སུ་ང་རང་ཕ་ཡུལ་དང་བྲལ་ནས་ཐག་རིང་ཞིག་ལ་ཕྱིན་ཏེ་ཡུན་རིང་འགོར། དེའི་རྗེས་སུ། ང་རང་ཕྱིར་ཕ་ཡུལ་འབྲོག་སྡེ་ཆེན་མོ་དེར་ལོག་མ་ཐུབ་པར་དུས་ཚོད་མང་པོ་ཞིག་འདས་སོང་།
         དེའི་དུས། ངས་དུས་ཚོད་ཀྱི་ཆུ་ཀླུང་་རིང་མོའི་ཁྲོད་དུ། ཡང་དང་བསྐྱར་དུ་ཕ་ཡུལ་བཙལ། སྡོད་དམངས་དཔང་ཡིག་ཏུ་རྒྱལ་ཁབ་ཀྱི་མིང་དང་ཞིང་ཆེན་གྱི་མིང་། ཁུལ་དང་རྫོང་གི་མིང་། ཤང་དང་སྡེ་བའི་མིང་སོགས་ཏེ་མིང་འགའ་ཞིག་རྡེའུ་བཞིན་སྤུངས་ཡོད་ནའང་། དེར་ཕ་ཡུལ་ཞེས་པའི་དེ་ནར་མར་སྟོན་ཐུབ་པའི་མིང་ཞིག་བྱུང་མེད། ཡང་ན། ཚེག་ཐིག་གཅིག་གི་ས་ཁྲ་འདེད་པ་ལྟ་བུའི་ས་ཚིགས་བྱེ་བྲག་པ་འབའ་ཞིག་སྟོན་པ་ལས། མི་སུ་དང་གང་གི་ཕ་ཡུལ་ནི་རྩ་བ་ནས་སྟོན་ཐུབ་མེད། དེས་ན། ཕ་ཡུལ་ནི་ཅི་ཞིག་ཡིན་ནམ། རྒྱལ་ཁབ་ཡིན་ནམ། རྫོང་དང་སྡེ་བ་ཡིན་ནམ། མ་ཡིན་ཏེ། དེ་དག་ནི་སྲིད་འཛིན་མངའ་ཁོངས་ཀྱི་དབྱེ་སྟངས་ཙམ་ལས། སུ་གང་གི་བྱིས་དུས་མིན་ལ། བྱིས་དུས་ཀྱི་ཕ་ཡུལ་མིན་ནོ།།
      མཚམས་མཚམས་སུ། ཕ་ཡུལ་ནི་སྐྱེ་ས་འཚར་ས་དང་རྒས་ས་འཆི་ས་དེ་ཡིན་བསམ་ཡང་། དུས་ཀྱི་འཕོ་འགྱུར་གྱི་བང་ཁ་བཙན་པོས། སྐྱེ་སའི་ཡུལ་དུ་རྒས་པའི་སྐལ་བ་ཕྲ་ཞིང་། ཤི་བའི་རུས་པ་སྤར་མོ་གང་ཡང་སྐྱེ་སའི་གནས་ལམ་དུ་གཏོར་བའི་ལས་སྐལ་ཀུན་ནས་རྫོགས། སྐབས་ལན་རེར། ཕ་མ་བུ་ཕྲུག་འཛོམས་ས་དེ་ནི་ཕ་ཡུལ་ཡིན་སྣང་གིས་བློ་ཡི་ཁྲུན་ཐག་བཅད་ཀྱང་། མི་ཚེ་འདིའི་དུས་ཚོད་མང་པོ་ཞིག་ཕ་མ་བུ་ཕྲུག་དང་མཉམ་དུ་འཚོ་མི་ཐུབ་པར། ཡུལ་ག་ཤེད་ཅིག་ཏུ་ལྟོ་འཚོལ་བའི་ལས་སུ་བསྟིམས་དགོས་པ་དེ་ནི། ཅི་འདྲའི་སྨྲ་བསམ་བརྗོད་འདས་ཀྱི་སྨྲེང་སྐྱོའི་ཟློས་གར་རིང་མོ་ཞིག་རེད་ཨང་།
          དེ་ལྟར། འཇིག་རྟེན་གཏམ་དུ་གྲགས་ཚོད་ལ་མི་རེའི་ངག་ན་གླུ་རེ་ཞེས་པ་བཞིན་དུ། མི་རེ་རེའི་སེམས་ན་ཕ་ཡུལ་རེ་ཡོད་ཅིང་། མི་རེ་རེེར་འཁྲི་སའི་གནས་ཤིག་གིས་དུས་གཏན་དུ་ཕྱིར་འོང་སྲིད་པའི་གཟུགས་མེད་ཀྱི་སྟོབས་ཤུགས་སམ། ནུས་ལྡན་གྱི་བརྩེ་བའི་ཐག་པ་དེ་ཡིས། ལན་རེེར་རྒྱང་ནས་རྒྱང་ལ་འདེད་ཅིང་། ལན་རེེར་ཉེ་བའི་འཁྲིས་སུ་ཁད་ཀྱིས་འདུས་འོང་བར་བྱེད། གང་ལྟར། ཕ་ཡུལ་ཞེས་པའི་ཕ་ཚན་ལ་གཏོགས་ཤིང་འཇུག་པའི་ཐ་སྙད་འདི་ཡིས། མིའི་རིགས་ལ་བདེ་སྐྱིད་ཀྱི་དག་ཞིང་གི་གནས་མལ་ལྟ་བུ་རེ་སྦྱིན་ཡོད་ལ། འདུ་བྲལ་གྱི་སྡུག་བསྔལ་རི་རབ་འདྲ་བ་རེའང་དུས་དང་དུས་སུ་བསྩལ་ཡོད་དོ།།
                                 ༢༠༢༣ལོའི་ཟླ༦ཚེས༤ཉིན་ཟི་ལིང་དུ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4210