འགྱུར་མེད་གཞི་དབྱིངས་དག་པ་ཡེ་ཤེས་ཁམས། །
རྒྱ་ཆེན་ཐུགས་བསྐྱེད་སྐྱ་རེངས་འཛུམ་པའི་ལྷུམས། །
རྣམ་གསལ་མཚན་དཔེའི་ལྷ་རུ་ཡོངས་བཞེངས་པ། །
རྣམ་འདྲེན་དོན་ཀུན་གྲུབ་པས་ཤིས་པར་སྒྲུབས། །
ཞེས་མཆོད་ཚིག་པདྨ་དཀར་པོས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། མངོན་རྟོགས་རྒྱན་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་པ་ནས། འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་གསུངས་པ་ལས་འཕྲོས་ཏེ། བདེ་གཤེགས་སྙིང་པོའི་ངོ་བོ་མདོར་བསྟན་པ། དེ་རང་སྟོང་ཡིན་མིན་བརྟག་པ། དེ་རང་བཞིན་གསལ་བ་ཡིན་མིན་བརྟག་པ། དེ་གསལ་སྟོང་ཟུང་འཇུག་འགལ་མེད་དུ་འཇོག་ཐུབ་མིན་ལ་བརྟག་པ་བཅས་སོ། །
དང་པོ་ངོ་བོ་མདོར་བསྟན་པ་ནི། ལྟ་གྲུབ་ཤན་འབྱེད་ལས། གནས་ལུགས་ཡེ་དག་སྙིང་པོའི་ཆོས། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུག་རྗེ་ཀུན་ཁྱབ་རང་བཞིན་ཏེ། །ཁྱད་ཆོས་གསུམ་གྱི་བདག་ཉིད་ཅན། །ཞེས་གསུངས་པ་ལྟར་གསལ་སྟོང་ཟུང་དུ་འཇུག་པའི་སེམས་ཀྱི་ཆོས་ཉིད་ཅིག་ལ་འཇོག་དགོས་པའོ། །
གཉིས་པ་བདེ་གཤེགས་སྙིང་པོ་རང་སྟོང་ཡིན་མིན་བརྟག་པ་ནི། དེས་ན་འདི་ལ་སྔོན་འགྲོའི་ཚུལ་དུ་སྤྱི་དོན་ཉུང་ཙམ་བརྗོད་པ་དང་། སྐབས་བབ་དངོས་བདེ་གཤེགས་སྙིང་པོ་རང་སྟོང་དུ་འཇོག་ཚུལ་གཉིས་ལས། དང་པོ་ནི། སྤྱིར་སྔ་འགྱུར་རྙིང་མ་པའི་ལུགས་ལ་སྐབས་སོ་སོར་ཕྱེས་ནས་ཁས་ལེན་འཛིན་མཚམས་སྐྱོང་རྒྱུ་འདི་ནི་གལ་ཤིན་ཏུ་ཆེ་སྟེ། རབ་གསལ་བརྒལ་ལན་ལས། སྔར་གྱི་མཁས་པ་དག་ཐལ་འགྱུར་པ་ལ་མཐའ་གཅིག་ཏུ་ཁས་ལེན་མེད་པ་དང་ཡོད་པའི་ཕྱོགས་རེ་རེ་འཛིན་པ་མཐོང་ཡང་། མཐའ་གཅིག་ཏུ་གང་རུང་རེར་བཟུང་ན་སྐྱོན་ཡོད་པས། གནས་ལུགས་དཔྱོད་པའི་དབང་དུ་བྱས་ན་སྤྲོས་བྲལ་ཁས་ལེན་མེད་པ་ཡིན་ཀྱང་། རྗེས་ཐོབ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡིན་མིན་ཡོད་མེད་སོགས་ཐ་སྙད་དཔྱོད་པ་ན་ཁས་ལེན་ཡོད་དེ། ཞེས་གསུངས་པ་ལྟར་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཟིགས་ཚུལ་དང་མཐུན་པར་བདེན་གཉིས་དབྱེར་མེད་སྒྲུབ་པའི་སྐབས་དང་། བདེན་གཉིས་རང་སར་བཞག་ནས་ཐེག་ཆེན་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱིས་གཟིགས་ཚུལ་དང་མཐུན་པར་ཚད་མ་གཉིས་ཀྱིས་གཞལ་དོན་མ་འཁྲུགས་པར་འཇོག་པའི་སྐབས་གཉིས་པོ་སོ་སོ་ལ་ལྟོས་ནས་ཡིན་མིན་གྱི་རྣམ་པར་གཞག་དགོས་པས་སོ། །དེ་ལྟར་ཡང་གཞུང་སྤྱིའི་དཀའ་གནད་ལས། མདོར་བསྡུ་ན་དོན་དམ་དཔྱོད་པའི་རིགས་པའི་དགག་བྱ་ཆོས་ཀྱི་བདག་དང་གང་ཟག་གི་བདག་གཉིས་ཀ་ཡིན་གྱི། ཆོས་དང་གང་ཟག་ཙམ་མ་ཡིན་ཏེ། ཞེས་པ་ནས་འོན་ཀྱང་འདི་འདྲའི་རྣམ་བཞག་དེ་བདེན་གཉིས་སོ་སོའི་དབང་དུ་མ་བྱས་པར། དོན་དཔྱོད་ཁོ་ནའི་དབང་དུ་བྱས་ཏེ་དགག་རྒྱུ་མི་དགག་རྒྱུ་གཉིས་བྱས་ན། སྟོང་ཉིད་ཀྱི་དོན་ཇི་བཞིན་གཏན་ལ་མི་ཕེབས་པའི་ཕྱིར། ཞེས་དང་། བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་ལས། གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་ཕྱི་ནང་གི་དོན་གྱི་དབྱེ་བས་ཕུང་པོ་ལྔ་ཆར་ཡར་འཇིག་རྟེན་པའི་རྟོག་པ་ཚད་མར་བྱས་ཏེ་ཁས་བླང་བར་བྱ་ལ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བཤད་པར་འདོད་པ་དེའི་ཚེ་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར་བཤད་པར་བྱའོ། །དེ་ལས་གཞན་དུ་གང་རུང་ཅིག་འདོད་ཅིང་གང་རུང་ཅིག་མི་འདོད་པའི་རྒོལ་བས་ནི་དེ་ཁོ་ན་ཉིད་དང་འཇིག་རྟེན་པ་ཡང་བཤད་པར་མི་འགྱུར་རོ། །ཞེས་ཐ་དཔྱོད་ཚད་མ་ལ་ལྟོས་ནས་ཡིན་མིན་གྱི་རྣམ་བཞག་འཇོག་པའི་སྐབས་དང་། དོན་དཔྱོད་ཚད་མ་ལ་ལྟོས་ནས་ཡིན་མིན་གྱི་རྣམ་བཞག་འཇོག་པའི་སྐབས་གཉིས་གསུངས་པ་དང་། དེ་གཉིས་གང་རུང་ལ་མ་ལྟོས་པར་རྣམ་བཞག་གང་ཡང་བྱེད་རྒྱུ་མེད་པར་གསུངས་པས་སོ། །
གཉིས་པ་སྐབས་བབ་དངོས་བདེ་གཤེགས་སྙིང་པོ་རང་སྟོང་དུ་འཇོག་ཚུལ་ནི། ཆོས་བརྒྱུད་གཞན་པ་ཁ་ཅིག་གིས་ནི། བདེ་གཤེགས་སྙིང་པོ་རང་སྟོང་དུ་གཏན་ལ་ཕབ་མི་ནུས་པར་ཞལ་གྱིས་བཞེས་ཀྱང་། སྔ་འགྱུར་རྙིང་མ་པའི་ལུགས་ནི་དེ་དང་གཏན་ནས་མི་འདྲ་སྟེ། གོང་དུ་ཞུས་པའི་སྐབས་གཉིས་ལས་ཐ་སྙད་གཞིར་བཞག་དོན་དམ་དབང་བཙན་བྱས་པའི་སྐབས་ལ་གཟུགས་ནས་བདེ་གཤེགས་སྙིང་པོའི་བར་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་ཕབ་སྟེ། སྟོང་གཞི་སྟོང་བྱ་སོ་སོར་མ་ཕྱེས་ནས་སྟོང་གཞི་ལ་རང་ཉིད་བཞག་ཅིང་སྟོང་བྱ་ལ་རང་ཉིད་བཞག་ནས་རང་རང་གིས་སྟོང་པར་བསྒྲུབས་པས་སོ། །དེ་ལྟར་དུ་མ་བསྒྲུབས་ན་གོང་དུ་ཞུས་པ་ལྟར་དོན་དཔྱོད་ཁོ་ནའི་དབང་དུ་བྱས་ཏེ་དགག་རྒྱུ་མི་དགག་རྒྱུ་གཉིས་སུ་བྱས་ན། སྟོང་ཉིད་ཀྱི་དོན་ཇི་བཞིན་གཏན་ལ་ཕབ་མི་ཐུབ་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་སྤྱི་དོན་འོད་གསལ་སྙིང་པོ་དང་། ངེས་ཤེས་སྒྲོན་མེ། སྟོང་ཐུན་སེངྒེའི་ང་རོ། གཞན་སྟོང་ཁས་ལེན་སེངྒེའི་ང་རོ་སོགས་ལས་བདེ་གཤེགས་སྙིང་པོ་རང་རང་གིས་སྟོང་དགོས་པར་ཡང་ནས་ཡང་དུ་གསུངས་པས་སོ། །གལ་ཏེ་བདེ་གཤེགས་སྙིང་པོ་རང་རང་གིས་མ་སྟོང་ན་དོན་གྱི་དབུ་མ་གཞན་སྟོང་པས་བདེ་གཤེགས་སྙིང་པོ་རང་རང་གིས་མི་སྟོང་པར་ཁས་ལེན་པ་ལ་དགག་པ་བཏང་བ་དང་། གཞན་གྱིས་སྟོང་པས་སྟོང་པའི་གོ་མི་ཆོད་པ་དང་། དེ་ལ་སྣང་སྟོང་ཟུང་འཇུག་མཚན་ཉིད་པ་མི་རུང་བའི་ཐལ་བ་འཕངས་པ་དང་། སྣང་སྟོང་བདེན་གཉིས་ཀྱི་དབང་དུ་བྱས་ན་བདེ་གཤེགས་སྙིང་པོ་རང་རང་གིས་སྟོང་པ་དང་། ཐལ་འགྱུར་གྱི་དོན་དཔྱོད་རིགས་པས་ཆོས་དེ་བདེན་གྲུབ་ཁེགས་ཚུལ་དང་ཆོས་དེ་ཁེགས་ཚུལ་གཉིས་གནད་གཅིག་པར་གསུངས་པ་རྣམས་ཀྱིས་ཤིན་ཏུ་གནོད་པས་སོ། །དེ་ལྟར་འཇུག་པ་ལས་ཀྱང་རང་རང་གིས་མ་སྟོང་ན་སེམས་ཙམ་པས་འདོད་པའི་སྟོང་ཉིད་ལྟར་དགག་གཞི་གཞན་དབང་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའམ་གཞན་གྱིས་གཞན་སྟོང་པ་དང་གཅིག་ལ་གཅིག་མེད་པ་ཙམ་གྱིས་སྟོང་པ་མཚན་ཉིད་པ་འགྲོ་མི་ཐུབ་པས་ཀུན་རྫོབ་རང་སྟོང་མ་ཟད་དོན་དམ་ཡང་རང་སྟོང་ཡིན་པར་བསྟན་ཏེ། དབུ་མ་འཇུག་པ་ལས། སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ཞེས་པ་ནས་འཛིན་པ་བཟློག་ཕྱིར་གསུངས་པ་ཡིན། །ཞེས་པའི་བར་གྱིས་སྟོང་པ་ཉིད་སྟོང་གཞིར་བཞག་སྟེ། དེ་སྟོང་ཉིད་དུ་འཛིན་པའི་འཛིན་པ་བཟློག་ཕྱིར་དུ་དེ་ཉིད་སྟོང་ཆོས་སྟོང་པ་ཉིད་ཀྱིས་སྟོང་པར་གཏན་ལ་ཕབ་པ་དང་། དེ་བཞིན་དུ་གཞུང་སྤྱིའི་དཀའ་གནད་ལས། རང་གི་ངོ་བོ་མི་སྟོང་པར་གྲུབ་ཕན་ཆོད། ཆོས་གཞན་གྱིས་སྟོང་པར་སྨྲས་ཀྱང་དེར་འཛིན་བཟློག་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྐབས་གཉིས་པོ་མ་བསྲེས་པར་བདེ་གཤེགས་སྙིང་པོ་རང་སྟོང་དུ་འཇོག་པའི་སྐབས་ནི་མཐའ་གཅིག་ཏུ་ཐ་སྙད་གཞིར་བཞག་དོན་དམ་དབང་བཙན་བྱས་པའི་སྐབས་སམ་བདེན་གཉིས་དབྱེར་མེད་རོ་གཅིག་པར་གཏན་ལ་ཕབ་པའི་སྐབས་ཡིན་པར་ཤེས་པར་བྱའོ། །༼དེ་ལྟར་ན་བདེ་གཤེགས་སྙིང་པོ་སྟོང་པ་ཕྱང་ཆད་འགྱུར་རོ་ཞེ་ན། བདེ་གཤེགས་སྙིང་པོ་རང་སྟོང་དུ་གཏན་ལ་འབེབ་པའི་སྐབས་སུ་ནི། བདེ་གཤེགས་སྙིང་པོ་ལ་འབྲས་ཆོས་ཀྱི་ཡོན་ཏན་རྣམས་ཡོད་པར་བཞག་ཀྱང་འགོག་ལ་མེད་པར་བཞག་ཀྱང་འགོག་པས་དེའི་ཚེ་ན་སྟོང་པ་ཕྱང་ཆད་དུ་ཡང་ཁས་མི་ལེན་པས་སྐྱོན་གང་ཡང་མེད་དོ། །
གསུམ་པ་བདེ་གཤེགས་སྙིང་པོ་རང་བཞིན་གསལ་བ་ཡིན་མིན་བརྟག་པ་ནི། དེ་ལ་སྔོན་འགྲོའི་ཚུལ་དུ་གསལ་བཤད་མདོར་བསྡུས་དང་། བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བ་ཡིན་ཚུལ་དངོས་གླེང་བ་གཉིས་ལས། དང་པོ་ནི། དེ་ལ་གོང་དུ་ཞུས་པ་ལྟར་སྐབས་གཉིས་ལས་བདེན་གཉིས་སོ་སོར་འབྱེད་པའི་སྐབས་ལ་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བ་དང་། འབྲས་ཆོས་ཀྱི་ཡོན་ཏན་རྣམས་ཡེ་ལྡན་ཡིན་པ་དང་། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་འཇོག་དགོས་སོ། །དེ་ཡང་ཆོས་བརྒྱུད་གཞན་པ་ཁ་ཅིག་གིས་ནི། བདེ་བཤེགས་སྙིང་པོ་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྟེང་ལ་འཇོག་མ་ཐུབ་པར་བདེན་གྲུབ་ཙམ་བཀག་པའི་སྟོང་པ་ཕྱད་ཆད་ཅིག་ལ་བཞག་ཀྱང་། དེ་ཉིད་མི་འཐད་པར་བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོར་རྒྱས་པར་བཀག་པའི་རིགས་པ་རྣམས་ཀྱི་སྙིང་པོ་དྲིལ་ན། དེ་ཉིད་ཐེག་ཆེན་ཐུན་མོངས་མ་ཡིན་པའི་རིགས་སུ་མི་འགྱུར་ཞིང་། དེ་ཉིད་ཡང་ནས་ཡང་དུ་བསྒོམས་པ་ལ་བརྟེན་ནས་རྟོག་པ་རྣམས་སྤོང་མི་ཐུབ་པའི་གནད་ཀྱིས་མི་འཐད་པར་བཞེད་དོ། །དེས་ན་བདེ་གཤེགས་སྙིང་པོ་ནི་སྟོང་པའི་ཡོན་ཏན་དང་གསལ་བའི་ཡོན་ཏན་གཉིས་ཚོགས་ཡིན་པ་ལས། སྟོང་པ་རྐྱང་པའི་ཕྱོགས་སུ་མ་ལྷུང་ལ། གསལ་བ་རྐྱང་པའི་ཕྱོགས་སུ་མ་ལྟུང་པའི་སྟོང་པའི་དབྱིངས་དང་འོད་གསལ་བའི་ཡེ་ཤེས་འདུ་འབྲལ་མེད་པར་ཞལ་གྱིས་བཞེས་ཏེ་ཆོས་བརྒྱུད་གཞན་པ་དང་འཇོག་ཚུལ་ཐུན་མོང་མིན་པར་བདེ་གཤེགས་སྙིང་པོ་རང་རང་གིས་སྟོང་པར་གཏན་ལ་ཕབ་ནུས་པའི་སྐབས་དང་། དེ་འོད་གསལ་བའི་ཡེ་ཤེས་ཡིན་པའི་སྐབས་གཉིས་སུ་ཡོད་པར་ཁས་ལེན་པས་སོ། །གཉིས་པ་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བ་ཡིན་ཚུལ་དངོས་གླེང་བ་ནི། དེ་ལ་སྤྱིར་བཏང་བདེ་གཤེགས་སྙིང་པོ་ཙམ་ཡོད་པར་སྒྲུབ་སླ་སྟེ། དབུ་མའི་དོན་དཔྱོད་རིགས་པ་རྣམས་ཀྱིས་སྟོང་གཞི་ཆོས་ཅན་སེམས་སྟོང་བྱ་མཐའ་བཞིས་སྟོང་པར་གཏན་ལ་ཕབ་ནས་རྣམ་བཅད་དགག་པའི་ལག་རྗེས་སུ་སེམས་མཐའ་བཞི་བྲལ་བའི་ཆོས་ཉིད་ཅིག་ཡོད་པར་བསྙོན་དུ་མེད་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་སེམས་མཐའ་བཞི་བྲལ་བའི་ཆོས་ཉིད་དམ་སེམས་ཀྱི་ཆོས་ཉིད་ཅིག་ལས་གཞན་ལ་བདེ་གཤེགས་སྙིང་པོ་ཞེས་པའི་མཛུ་མོ་འཛུགས་ས་མེད་པས་དེ་ཉིད་ཡོད་པར་གྲུབ་ལ། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་དེ་ཡང་སྟོང་པའི་ཚུལ་ཆོས་བརྒྱུད་གཞན་དང་མི་འདྲ་བར་གོང་དུ་གཏན་ལ་ཕབ་ཟིན་ལ།
འདིར་དེ་འོད་གསལ་བ་ཡིན་ཚུལ་དང་འབྲས་ཆོས་ཀྱི་ཡོན་ཏན་རྣམས་ཡེ་ལྡན་ཡིན་ཚུལ་ཞིག་ཞུས་ན། དེ་ཡང་བདེ་གཤེགས་སྙིང་པོ་འོད་གསལ་བ་ཡིན་ཞེས་པ་ནི་རང་གི་གཤིས་ལ་ཕྱིན་ཅི་ལོག་གི་སེམས་སེམས་བྱུང་རྣམས་རང་བཞིན་གྱིས་དག་པའི་ཆ་ནས་བཞག་དགོས་པར་ཡིད་བཞིན་མཛོད་འགྲེལ་ལས་འདི་ལྟར་བྱུང་བ་སྟེ། གདོད་མ་ནས་དག་པས་འོད་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་གསལ་སྟོང་གཉིས་ལས་གསལ་བ་དེ་ཡང་འདུས་བྱས་རྣམ་ཤེས་ཤིག་ལ་བཞག་ན་མི་འཐད་པར་བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོར་གསུངས་ཤིང་ཡེ་ཤེས་འགྱུར་མེད་འདུས་མ་བྱས་སུ་འདོད་ན་ལུང་དང་རིགས་པས་གྲུབ་ཚུལ་གསུངས་པ་ལྟར་ཁས་ལེན་དགོས་ཤིང་། དེ་ལྟ་བུའི་ཡེ་ཤེས་དེ་ནི་གློ་བུར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཆོས་ཀྱི་དབྱིངས་ཡིན་པ་དང་། རང་ཉིད་ཀྱིས་རང་རིག་པ་ལས་གཞན་མེད་པས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་པའི་ཡུལ་ཅན་རྣམ་དག་ཏུ་བཞག་དགོས་པའོ། །དེས་ན་དེ་འདྲའི་བདེ་གཤེགས་སྙིང་པོ་ལ་འབྲས་ཆོས་ཀྱི་ཡོན་ཏན་རྣམས་ཡོད་པར་གང་གིས་ཤེས་ཤེ་ན། དེ་ནི་ཐེག་ཆེན་པོ་རྒྱུད་བླ་མ་ལས་གསུངས་པ་ལྟར་རྟགས་གསུམ་དང་རྣམ་བཞག་བཅུ་དཔེ་དགུ་ཡི་སྒོ་ནས་གཏན་ལ་ཕབ་ལྟར་ཤེས་པར་བྱའོ། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་གསུངས་པའི་རྟགས་གསུམ་གྱི་གནད་དོན་དྲིལ་ན། བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོ་རུ་ཡེ་ཤེས་ཆོས་སྐུ་སྔར་མེད་གསར་སྐྱེས་མིན་པར་སྔར་ཡོད་མངོན་དུ་འགྱུར་བའི་ཆོས་ཉིད་ཡིན་པར་ལུང་རིགས་གཉིས་ལ་བརྟེན་ནས་བསྒྲུབས་ཡོད་ཅིང་། དེས་ན་གཞི་དུས་ཀྱི་བདེ་གཤེགས་སྙིང་པོ་ནི་སྒྲིབ་བྱེད་ཀྱི་སྒྲིབ་པ་བྲལ་རིམ་བཞིན་དུ་མིང་སོ་སོ་འགྱུར་ཏེ་མཐར་འབྲས་དུས་ལ་མངོན་དུ་གྱུར་པའི་ཚེ་ན་དེ་ལ་ཡེ་ཤེས་ཆོས་སྐུ་ཞེས་བཏགས་པ་ལས་གཞན་མེད་པས་དེ་ལ་ད་ལྟ་ནས་མཁྱེན་ཆ་ཡོད་པར་གྲུབ་པས་སོ། །མདོར་ན་ཡེ་ཤེས་ཆོས་སྐུ་འདུས་མ་བྱས་ཆེན་པོར་བསྟན་ཅིང་། ཆོས་གཅིག་གི་ཆོས་ཉིད་ཆོས་ཀུན་གྱི་ཆོས་ཉིད་ཡིན་པ་དང་ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཆ་མེད་པའི་ཚུལ་གྱིས་ཁྱབ་པ་དང་རྒྱུ་བདེ་གཤེགས་སྙིང་པོ་ལ་སྔ་ཕྱི་འགྱུར་བ་མེད་པ་དང་། དེ་འབྲས་དུས་དང་ངོ་བོའི་ཆ་ནས་བཟང་ངན་མེད་པ་དང་། སྒྲིབ་བྱེད་ཀྱི་སྒྲིབ་པ་ཡུན་ཇི་ལྟར་རིང་ཡང་འབྲལ་རུང་ཡིན་པས་ནམ་ཞིག་ན་དེ་སྒྲིབ་པ་བྲལ་བའི་ཡེ་ཤེས་ཆོས་སྐུའི་ངོ་བོར་མངོན་དུ་འགྱུར་རུང་ཡིན་པའི་གནད་རྟོགས་ན་རྒྱུ་བདེ་གཤེགས་སྙིང་པོ་ད་ལྟ་ནས་འབྲས་ཆོས་ཀྱི་ཡོན་ཏན་རྣམས་ཡེ་ལྡན་དུ་ཡོད་པར་གོ་སླའོ། །དེ་ལྟར་ཡང་གཞུང་སྤྱིའི་དཀའ་གནད་ལས། འོ་ན་ཁྱི་ཕག་སོགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སྟོབས་བཅུའི་ཡེ་ཤེས་ཡོད་དམ་ཟེར་ན། སྟོབས་བཅུའི་ཡེ་ཤེས་ཀྱི་ཡོན་ཏན་དེའི་རྒྱུད་ཀྱི་གཤེགས་སྙིང་ལ་ཡེ་ནས་ཡོད་དེ། ཁོ་རང་གི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པས་ཁམས་ཡོད་ན་ཡོན་ཏན་ཡོད་མོད་ཀྱི་མངོན་དུ་མི་འགྱུར་ཏེ། རལ་གྲི་ལ་གཅོད་པའི་བྱ་བ་ཡོད་ཀྱང་། ཤུབ་ཏུ་ཆུད་པ་ལ་གཅོད་པའི་བྱ་བ་མངོན་གྱུར་དུ་མེད་པ་དང་། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་ཡོད་ཀྱང་སྒྲོམ་དུ་བཅུག་པ་ལ་མངོན་གྱུར་ཏུ་མི་འཆར་བ་དང་འདྲ་སྟེ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྒྲིབ་པས་ཁམས་ཀྱི་ཡོན་ཏན་མངོན་དུ་མི་སྣང་སྟེ། དེར་མ་ཟད་དེའི་རང་སེམས་ཀྱི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོད་ཀྱང་མངོན་དུ་མི་འགྱུར་ན་ཡོན་ཏན་ཅི་ལ་མངོན། ཞེས་གསུངས་པས་ཤིན་ཏུ་གསལ་འདུག་པས་འགྲེལ་བཤད་གཞན་མི་དགོས་པས་སོ། །འོན་ཀྱང་མདོ་དང་བསྟན་བཅོས་ཀྱི་ལུང་སྒྲུབ་བྱེད་ཤིན་ཏུ་མང་པོ་འདུག་ཀྱང་ཡིག་ཚོགས་མང་བར་དོགས་ནས་དེ་ཙམ་གྱིས་ཆོག་པར་བྱས་སོ། །དེས་ན་གོང་དུ་ཞུས་པའི་སྐབས་འདི་གཉིས་ལ་ལྟོས་ནས་ངོ་བོ་སྟོང་པ་དང་རང་བཞིན་འོད་གསལ་བའི་ཡེ་ཤེས་ཡིན་པར་སོ་སོར་བཞག་མ་ཤེས་ནས་ཁ་ཅིག་སྟོང་པ་རྐྱང་པའི་ཕྱོགས་སུ་ལྷུང་ཞིང་ཁ་ཅིག་སྣང་བ་རྐྱང་པའི་ཕྱོགས་སུ་ལྷུང་བའི་ཚུལ་འདི་བྱུང་ཞིང་། རང་ལུགས་ནི་སྟོང་པ་རྐྱང་པའི་ཕྱོགས་སུ་མ་ལྷུང་ཞིང་སྣང་བ་རྐྱང་པའི་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་སྐབས་སོ་སོ་ལ་ལྟོས་ནས་གསལ་སྟོང་མཚན་ཉིད་པ་གཏན་ལ་འབེབ་རྒྱུ་ཡོད་པ་འདི་འཇོག་ཤེས་ན་དོགས་པའི་འགག་མང་པོ་ཞིག་རང་གྲོལ་དུ་འགྱུར་བའི་གནད་ཡོད་པར་སེམས་སོ། །
བཞི་པ་བདེ་གཤེགས་སྙིང་པོ་གསལ་སྟོང་ཟུང་འཇུག་འགལ་མེད་དུ་འཇོག་ཐུབ་མིན་ལ་བརྟག་པ་ནི། དེ་ཡང་ཁ་ཅིག་གིས། བདེ་གཤེགས་སྙིང་པོ་གསལ་སྟོང་ཟུང་འཇུག་འགྲོ་དཀའ་སྟེ། དོན་དཔྱོད་ཚད་མ་དབང་བཙན་དུ་བྱས་ན། ཆོས་ཡིན་ན། དོན་དཔྱོད་རིགས་པའི་དགག་བྱ་ཡིན་པས་ཁྱབ་པར་ཞལ་གྱིས་བཞེས་ནས་ཁོ་བདེན་གྲུབ་འགོག་ཚུལ་ལས་ཁོ་འགོག་ཚུལ་མེད་པར་ཁས་ལེན་དགོས་ཤིང་། ཆོས་དེ་བདེན་གྲུབ་དང་ཆོས་དེ་གཉིས་སོ་སོར་མ་ཕྱེས་ནས་ཡོངས་གཅོད་དུ་ཁས་ལེན་གང་ཡང་མེད་པའི་སྒོ་ནས་དེ་གཉིས་ཅིག་ཅར་དུ་བཀག་པས། བདེ་གཤེགས་སྙིང་པོའང་རང་རང་གིས་སྟོང་པར་གཏན་ལ་ཕབ་ནུས་དགོས་ལ། དེ་ལྟར་ན་ཡིན་ལུགས་སམ་གྲུབ་དོན་མཐར་ཐུག་པའི་དབང་དུ་བཏང་ན་བདེ་གཤེགས་སྙིང་པོ་རང་རང་གིས་སྟོང་པ་ཡིན་པ་དང་། དེ་ལྟར་དུ་རྟོགས་པའི་དོན་དཔྱོད་ཚད་མ་ཡོད་པར་ཁས་ལེན་དགོས་པས་དེ་རང་བཞིན་འོད་གསལ་བ་ཡིན་པར་འཇོག་མི་ཐུབ་པའི་ཕྱིར་ཏེ། གལ་ཏེ་ཐུབ་ན་འགལ་ལ་མི་འཁྲུལ་བའི་ཚད་མ་སྲིད་པ་འགྱུར་བའི་ཕྱིར་རོ། །ཇི་ལྟར་འགྱུར་ཞེ་ན། བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བ་ཡིན་པར་བཞག་ན་ཐ་དཔྱོད་ཚད་མ་ལ་ལྟོས་ནས་འཇོག་དགོས་པ་ཡིན་ལ། དེས་ན་ཐ་དཔྱོད་ཚད་མ་དབང་བཙན་དུ་བྱས་ན། བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བའམ་རང་རང་གིས་མི་སྟོང་པར་རྟོགས་པའི་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཡོད་པར་ཁས་ལེན་དགོས་པས་ཚད་མ་འདི་གཉིས་ཀྱི་གྲུབ་དོན་གཞི་གཅིག་ལ་ལྟོ་མ་སྦྱར་བར་སོ་སོའི་རང་ས་ལ་བཞག་པ་ཡིན་ན་འགལ་མེད་ལྟར་སྙམ་ཡང་གཞི་གཅིག་ལ་ལྟོ་སྦྱར་ན་འགལ་མེད་དུ་ཁས་ལེན་མི་ཐུབ་སྟེ། གཅིག་ཤོས་ཚད་མ་ཡིན་ན་གཅིག་ཤོས་ཚད་མ་ཡིན་པར་བཞག་མི་ཐུབ་ཅིང་། ཡིན་ལུགས་ལ་བདེ་གཤེགས་སྙིང་པོ་རང་རང་གིས་སྟོང་པ་དང་། དེ་རང་རང་གིས་མི་སྟོང་པར་གཉིས་ཀ་ཁས་ལེན་དུ་མི་བཏུབ་པའི་ཕྱིར་རོ། །ཞེས་ཟེར་རོ། ། དེ་ལ་མི་འགལ་བའི་ཚུལ་འདི་ལྟར་སྨྲ་བར་བྱ་སྟེ། སྐབས་སོ་སོར་ཕྱེས་ནས་དོན་དཔྱོད་ཚད་མ་ཁོ་ན་དབང་བཙན་དུ་བྱས་པའི་སྐབས་ལ་དེ་རང་སྟོང་ཡིན་ཡང་སྐབས་དེར་དེ་རང་སྟོང་རྟོགས་པའི་ཚད་མ་ཡོད་པར་ཁས་མི་ལེན་ལ། ཐ་དཔྱོད་ཚད་མ་དབང་བཙན་དུ་བྱས་པའི་སྐབས་ལ་བདེ་གཤེགས་སྙིང་པོ་འོད་གསལ་བའི་ཡེ་ཤེས་སམ་རང་རང་གིས་མི་སྟོང་པ་ཡིན་པ་དང་། དེ་ལྟར་རྟོགས་པའི་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཡོད་ཀྱང་སྐབས་སོ་སོའམ་ཚད་མ་སོ་སོ་ལ་ལྟོས་ནས་བཞག་པ་ཡིན་པས་མི་འགལ་བས་སོ། །༼འོ་ན་བདེ་གཤེགས་སྙིང་པོ་གསལ་སྟོང་ཟུང་འཇུག་ཏུ་འགལ་མེད་ཇི་ལྟར་འཇོག་ཅེ་ན། བདེན་གཉིས་སོ་སོར་འབྱེད་པའི་སྐབས་ལ་སྐབས་སོ་སོ་ལ་ལྟོས་ནས་གསལ་སྟོང་ཟུང་འཇུག་ཏུ་འཇོག་པ་སྟེ། ཆོས་ཐམས་ཅད་རང་སྟོང་གཏན་ལ་ཕབ་པའི་སྐབས་ལ་རང་སྟོང་ཡིན་བཞིན་དུ་བདེ་གཤེགས་སྙིང་པོ་འོད་གསལ་བའི་ཡེ་ཤེས་ཡིན་པར་གཏན་ལ་ཕབ་པའི་སྐབས་ལ་འོད་གསལ་བའི་ཡེ་ཤེས་ཡིན་པ་ནི་གཞི་བདེ་གཤེགས་སྙིང་པོ་གཅིག་གི་སྟེང་ལ་འགལ་མེད་དམ་དབྱེར་མེད་ཡིན་པས་དེ་ཉིད་གསལ་སྟོང་ཟུང་འཇུག་ཏུ་བཞག་པའོ། །མདོར་དོན་དྲིལ་ན་གསལ་སྟོང་གཉིས་ལས་སྟོང་པ་ནི་ཐ་སྙད་གཞིར་བཞག་བདེན་གཉིས་རོ་གཅིག་པའི་སྐབས་ལ་རང་སྟོང་ལ་བཞག་སྟེ། གསལ་བ་ནི་འོད་གསལ་བའི་ཡེ་ཤེས་ལ་བཞག་དགོས་པས་བདེན་གཉིས་སོ་སོར་འབྱེད་པའི་སྐབས་ལ་གཞི་སེམས་ཀྱི་ཆོས་ཉིད་གཅིག་ལྟ་བུའི་སྟེང་ལ་དེ་གཉིས་གཉིས་སུ་མེད་པར་གྱུར་པའི་ཆ་ནས་གསལ་སྟོང་ཟུང་འཇུག་འགལ་མེད་དུ་བཞག་པའོ། །དེས་ན་སྐབས་སོ་སོ་ལ་ལྟོས་ནས་འགལ་མེད་དུ་བཞག་པ་ལས་སྐབས་གཅིག་རྐྱང་པ་ལ་བདེ་གཤེགས་སྙིང་པོ་རང་རང་གིས་སྟོང་པ་དང་དེ་འོད་གསལ་བའི་ཡེ་ཤེས་གཉིས་ཀ་ཡིན་པར་འཇོག་རྒྱུ་མེད་པར་ཤེས་པ་ནི་ཤིན་ཏུ་གལ་ཆེའོ། །
སླར་སྨྲས་པ།
འདི་སྨྲས་ལེགས་བྱས་འོ་མའི་བཞུར་རྒྱུན་གྱིས། །
ཐུབ་བསྟན་ཉི་ཟླའི་སྣང་བ་དབྱིངས་ནས་འཚེར། །
བསྟན་འཛིན་དམ་པའི་སྐུ་ཚེ་རབ་བརྟན་ཞིང་། །
འགྲོ་ཀུན་གཏན་བདེའི་ས་ལ་འགོད་བྱེད་ཤོག །
མཁྱེན་རབ་དབང་ཕྱུག་ནས་མི་བརྗེད་པའི་ཕྱིར་དུ་ཟིན་བྲིས་སུ་བཏབ་བོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4674
དཔྱད་མཆན་སྤེལ།