ཐོག་མའི་གསལ་བཤད།
       མགྱོགས་འཕྲིན་ཞེས་པ་ནི་ཆ་འཕྲིན་མ་ལག་ཅིག་རེད།མ་ལག་འདི་ནི་པེ་ཅིན་མགྱོགས་འཕྲིན་ཚན་རྩལ་ཚད་ཡོད་མཐུན་གཉེར་ཁང་གི་དར་ཆའི་འོག་གི་ཐོན་རྫས་ཤིག་རེད།དང་ཐོག་མགྱོགས་འཕྲིན་གྱི་མིང་ལ་GIFམགྱོགས་འཕྲིན་ཞེས་འབོད་ཅིང་།སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་གསར་དུ་བཙས་པའི་ཁྱེའུ་ཞིག་ལྟར་དེང་རབས་དྲ་རྒྱའི་རྒྱལ་ཁམས་སུ་ཚེ་སྲོག་གི་ངུ་ངག་ཐོག་མ་བསྒྲགས་པ་རེད།སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་ད་གཟོད་གཞི་ནས་ཁྲོམ་ར་རུ་ཡོང་འགོ་བརྩམས་ཤིང་།ཉིས་སྟོང་ཉི་ཤུ་ལོའི་ལོ་ཡོངས་ཀྱི་ཡོང་འབབ་དམངས་སྒོར་དུང་ཕྱུར་587.8ལ་སླེབས་འདུག གོ་ཐོས་སུ་མ་ལག་འདིས་མི་དམངས་མང་ཚོགས་ཀྱི་འཚོ་བ་ལ་སྟབས་བདེ་བསྐྲུན་པ་དང་།སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་རུ་གོ་གནས་དམའ་སར་ཡོད་པའི་མི་དམངས་མང་ཚོགས་མང་བོ་ཞིག་ལ་རང་གི་འཇོན་ནུས་མངོན་པའི་གར་སྟེགས་རེ་བསྐྲུན་པ་ཞིག་ཀྱང་ཡིན་རབས་ཟེར།
གཅིག
       ‘བོང་རྫི་ནི་ཅི་ཡང་མ་རེད།ཁོའི་འབུམ་རམས་པའི་ལག་རྟགས་དེ་ཡང་རྫུན་མ་ཡིན་སྲིད།ཡ།ད་ནི་དེ་གཡུག་ཞོག དེ་རིང་གི་གླེང་གཞི་ནི་མུ་མཐུད་ནས་བོད་ཀྱི་འཕེལ་རྒྱས་ལ་ནག་ཉེས་ཚབས་ཆེན་བཞག་པའི་སངས་རྒྱས་ཆོས་ལུགས་ཀྱི་སྐོར་ཡིན།དགེ་སློང་གོ་ཏ་མ་ཞེས་པ་ནི་མ་གྱུར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཡོད་མཁན་ཞིག་ཡིན་ཞེས་ལབ་ཀྱང་།དོན་གྱིས་མིའི་སེམས་ལ་དབང་བསྒྱུར་བྱས་པའི་དབང་སྒྱུར་མཁན་གཏེ་བོ་ཞིག་རེད།ཁོའི་རྗེས་འདེད་པ་སྟེ་ཤཱཀྱའི་དམག་དཔུང་ནི་ཆུན་ཙི་(裙子)དམར་པོ་གྱོན་པའི་དཔུང་སྡེ་འཇིགས་སུ་རུང་བ་ཞིག་རེད།ཁོ་ཚོས་ཆོས་ལུགས་ཁ་རུ་འཁྱེར་ཏེ་རང་དོན་འབའ་ཞིག་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་ལ།མང་ཚོགས་ལ་མགོ་གཡོག་མགོ་བསྐོར་བྱས་ཏེ་ད་ལ་ཐུག་གི་བར་དུ་ཡོང་བ་རེད།ད་ནི་རིགས་གཅེས་ཀྱི་སྤུན་ཟླ་ཚོ།ང་ཚོ་སད་རན་རེད།འོ་དགོངས་དག ངས་བརྗེད་བཞིན་འདུག སློབ་དཔོན་ཨུ་རྒྱན་པདྨ་འབྱུང་གནས་ཟེར་བ་དེ་ཡང་ཆགས་སྲེད་ཀྱི་བདག་པོ་དེའི་ཡན་ན་མེད་པ་ཞིག་རེད།ཡོད་ཚད་ཁྲི་སྲོང་ལྡེ་བཙན་ཟེར་བའི་གློའུ་ཁ་ནག་དེ་ལན་འདུག ཁོ་རང་པདྨ་འབྱུང་གནས་ཀྱི་རིག་འོག་ཏུ་ཚུད་ནས།ཐ་ན་བཙུན་མོ་ཡེ་ཤེས་མཚོ་རྒྱལ་ཟེར་བ་དེ་ཡང་ཆགས་རྒན་དེའི་ཆབ་ཏོ་རུ་གྱུར་སོང་བ་དེ་རེད།དེ་གོ་དགོས་ཨ།གསེར་ཡུམ་མི་དགོས་ན།ཧ་ཧ་ཧ།’
       རྨ་དུག་ལྕེས་དེ་ལྟར་འཛེམ་བག་མེད་པར་མི་གྲངས་ཁྲི་གཅིག་དང་སྟོང་བདུན་ཙམ་ཡོད་པའི་མགྱོགས་འཕྲིན་གྱི་ཐད་གཏོང་དུ།དེ་སྔ་སུ་གཅིག་གིས་ཀྱང་དྲན་སྲིད་ཀྱང་བཤད་ཁག་པའི་སྐད་ཆ་དེ་ལྟ་བུ་ཞིག་བཤད་མ་ཐག མགྱོགས་འཕྲིན་གྱི་དཔྱད་མཆན་འགོད་ས་རུ་7744གཏགས་མཁན་དང་།དཔྱད་མཆན་འདྲ་མིན་བཅོ་བརྒྱད་གཏགས་མཁན་བྱུང་ཡང་།རྨ་དུག་ལྕེ་དེ་དག་ལ་སྔར་ནས་གོམས་ལོབས་བྱུང་ཡོད་པས་ལོས་ཡིན།གང་ལྟར་ཁོས་དེ་མ་ཐག་དེ་ལ་དེར་བསྟུན་གྱི་ལན་འདེབས་པ་མ་ཟད།7744གཏགས་མཁན་དག་ནག་ཁུང་དུ་འཕེན་ཞོར་དུ་ཁ་ཚིག་ཅིག་བཤད་རྒྱུ་ཡོད་པ་ནི་འདི་ལྟ་སྟེ།
       ‘7744ང་ལ་འགྲོ་ས་མེད།ཡོད་ན་བཏོན་བཏོན་པོ།ཡ།བླ་རྒན།ཁྱོད་གོ་ཏ་མའི་སྐྱག་ཁུང་ནང་ལ་སོང་།’
       ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་ལ།རང་རེའི་མེས་པོ་དག་གི་རིང་ནས་ད་ལ་ཐུག་གི་བར་དུ།དད་གུས་དང་ཆེ་བཀུར་ཆེས་ཆེར་བྱས་མྱོང་བའི་མཉམ་མེད་ཐུབ་པའི་དབང་བོ་མཆོག་ལ།ཚིག་རྫོབ་དང་དམའ་འབེབ་ཀྱི་སྐད་ཆ་དེ་ལྟར་ལབ་པ་ལ།རྨ་དུག་ལྕེ་རང་ངོས་ནས་ལུང་དང་རིག་པའི་སྒྲུབ་བྱེད་ཅི་མ་བདེན་སྙམ་པ་རེ་ཡོད་ནི་ཡོད་མོད།འོན་ཀྱང་མི་རིགས་འདིའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ལ་བསམ་རེ་ཚུགས་ནས་འདང་རེ་བརྒྱབ་ན།ཆོས་ལུགས་གང་ཞིག་ཡིན་ན་ཡང་ཆོག དེ་ལ་མི་རིགས་དང་རྒྱལ་ཁབ་གོང་བུ་གཅིག་ཏུ་སྒྲིལ་ནུས་པའི་སྟོབས་ཤུགས་ཁྱད་པར་བ་ཞིག་འདུག་ཙ་ན།ཆོས་ལུགས་ལ་ཕོག་ཐུག་བཟོས་པ་ནི་མི་རིགས་གོང་བུ་སྒྲིལ་ཤུགས་ལ་གཏོར་བརླག་བྱས་པ་ཞིག་རེད།ཆོས་ལུགས་ལ་དགག་ཆོག་ཆོག་ཡིན་མོད།དགག་ན་ཡང་ཆོས་ལུགས་ཀྱི་གལ་ཆེའི་རང་བཞིན་ལ་བསམ་གཞིག་སྔོན་དུ་གཏོང་ཐུབ་དགོས་པ་ཞིག་རེད་སྙམ།
       ཡང་གཅིག་བཤད་ན།རྨ་དུག་ལྕེས་ཁོ་རང་གི་སྐད་ཆ་ལྟར་ན་ལུང་དང་རིག་པ་མཐའ་ཡས་པའི་སྒོ་ནས་དགག་རྒྱག་གི་གནས་ལུགས་ཆུ་བཞིན་བཞུར་བ་ལ་དབྱེ་ཞིབ་དཔྱིས་ཕྱིན་པ་ཞིག་བྱེད་ཁུལ་བྱས་ན།ཁོས་དགག་དང་དགག་བཞིན་པ་ལ་ཡང་གནས་ལུགས་མེད་པ་དང་དོ་སྣང་བྱེད་རན་མེད་པ་ཞིག་གཏན་ནས་མ་རེད་དེ།དོན་དམ་དུ་ཆོས་ལུགས་བཀོལ་སྤྱོད་བྱེད་མཁན་གྱི་ཆོས་ལུགས་པའི་སྡེ་རུ་དངོས་གནས་དྲང་གནས་ཀྱིས་ཟུར་ཟ་དང་ཐེར་འདོན།སུན་འབྱིན་བྱེད་འོས་པའི་ཆོས་ལུགས་པ་གང་མང་མང་ཞིག་འདུག ཡིན་ཙང་ང་རས་རྨ་དུག་ལྕེ་ལ་མི་མང་བོ་ཞིག་ལྟར་ལྟ་ལོག་པ་ཞེས་དམའ་འབེབ་བྱེད་དོན་རྩ་བ་ཉིད་ནས་མེད་མོད།འོན་ཀྱང་ཁོ་ལ་བཤད་འདོད་པའི་སྐད་ཆ་རྡོག་རྡོག་ཅིག་ཡོད་དེ།སྐད་ཆ་དེ་ཐེངས་ཤིག་ཁོས་མགྱོགས་འཕྲིན་ལས་ཐད་གཏོང་བྱེད་སྐབས།ཐད་གཏོང་གི་གཤམ་མཆན་དུ་བོད་ཡིག་གི་ལམ་ནས་འདི་ལྟར་གཏགས་ནས་བསྐུར་བ་ཡང་ཡིན།
       ‘གཅིག་ལ་བལྟས་ནས་མང་བོ་ཐག་མ་གཅོད།’
       གཤམ་མཆན་ནམ་དཔྱད་མཆན་འདི་མཐོང་སྐབས།ལུས་པོ་སྐམ་ཡང་སྐད་གདངས་མཐོ་བའི་ཐད་གཏོང་མཁན་འདིས་ང་ཡི་གཤམ་མཆན་དེ་དག་མཐོང་ཡང་མ་མཐོང་ཁུལ་བྱས་པ་ཡིན་ནམ།ཡང་ན་ཁོའི་མགྱོགས་འཕྲིན་གྱི་ཐད་གཏོང་གི་གཤམ་མཆན་དུ་རྒྱ་བོད་དབྱིན་གསུམ་ལམ་ནས་དགོས་དང་མི་དགོས་ཅི་རིགས་བསྐུར་མཁན་ཡོད་པས།ཁོའི་ཆེ་རྒྱུ་མེད་པའི་མིག་དེས་ང་ཡིས་བྲིས་པའི་གཤམ་མཆན་དེ་དངོས་སུ་མ་མཐོང་བ་ཡིན་ནམ།གང་ལྟར་བསམ་ཚུལ་འདི་ལ་རྣམ་འགྱུར་ཅི་ཡང་བསྟན་མ་བྱུང་།ཡིན་ན་ཡང་ངས་ནམ་ཡང་ཁོ་ལ་སྐད་ཆ་འདི་ལབ་འདོད་ལ།སྐད་ཆ་འདིའི་ལྡོག་ཟླ་ལྟ་བུ་ཞིག་བགྲང་དགོས་ན་ནི།ཟུར་བལྟས་ལེབ་མཐོང་བྱེད་པའི་བརྟུལ་ཞུགས་སམ་གོམས་གཤིས་དེ་རེད།ཟུར་བལྟས་ལེབ་མཐོང་བྱེད་པའི་བརྡར་གཅོད་ཀྱི་བསམ་བློ་འདི་ནི་དེ་འདྲའི་ཡིད་རྟོན་ཕེར་བ་དང་།དེ་འདྲའི་གནས་ལུགས་དང་ལྡན་པ་ཞིག་ག་ལ་ཡིན།ཡིན་ཕྱིན།རྨ་དུག་ཡིན་ན་འདྲ།རྨ་དུག་མ་ཡིན་པའི་མི་གཞན་སུ་ཡིན་ནའང་འདྲ།ཁོ་ཚོས་རིག་གཞུང་ཞིག་གླེང་ན་ཆོག ཡང་ན་དཔྱད་བརྗོད་ཅིག་སྤེལ་ན་ཆོག ཟུར་བལྟས་ལེབ་མཐོང་ངམ་ཟུར་བལྟས་ལེབ་རྡུང་བྱེད་པའི་བསམ་སྦྱོར་ནི་འོས་འཚམ་ཞིག་མ་རེད་སྙམ་པས།ངས་སྔར་བཞིན་སྐད་ཆ་འདི་ལབ་འདོད།
       ‘གཅིག་ལ་བལྟས་ནས་མང་བོ་ཐག་མ་གཅོད།’

 གཉིས།

       ང་རས་རྨ་དུག་ལྕེ་ཟེར་བ་ཞིག་ཆེས་ཐོག་མར་གོ་ཐོས་རྣ་ཐོས་བྱུང་ས་ནི་སྐད་འཕྲིན་གྱི་སྒང་ཡིན།དེ་དུས་མ་ཧཱ་བྷ་ར་ཏཱ་ཟེར་བ་ལྟ་བུ་དང་སྤྱི་ཚོགས་དཔྱད་བརྗོད་གླིང་ཟེར་བ་ལྟ་བུའི་སྐད་འཕྲིན་གྱི་ཚོམས་སྣ་མ་སྣ་ཚོགས་ཤིག་འདུག་པ་དང་།ཚོམས་དེ་དག་ཏུ་སྒྲ་འཇུག་བྱས་ཟིན་པའི་གཏམ་བཤད་དམ་སྐད་ཆ་མང་བོ་ཞིག་ག་ས་གང་དུ་བསྐུར་བཞིན་ཡོད་པ་རུ་རྨ་དུག་གིས་བཤད་པའི་mp3ལྟ་བུ་ཡང་མི་ཉུང་བ་ཞིག་འདུག ངས་ཁོའི་བཤད་པའི་སྐད་ཆ་དེ་དག་ལ་ཉན་མྱོང་།སྐད་ཆ་དེ་དག་གིས་ང་ལ་བཞག་པའི་ཐོག་མའི་བག་ཆགས་ནི་དམིགས་བསལ་བ་ཞིག་སྟེ།ཆེས་མ་མཐའ་ཡང་ཁོ་ནི་ད་སྔའི་བར་དུ་ནང་ཆོས་ལ་སྐྱབས་སུ་སོང་མྱོང་བའི་བོད་མི་ཞིག་ཡིན་ཕྱིན།ཚིག་དམར་རྗེན་དུ་ཕུད་ནས་མགོ་སྟོན་པ་མཆོག་ནས་མཇུག་གྲྭ་བཙུན་གྱི་སྡེ་ལ་ཁ་གཏོང་མཁན་གྱི་གཏེ་བོ་ཞིག་ཏུ་ཆགས་ཚར་འདུག དེའི་ཡར་སྔོན་དུ་ཡང་ཚ་བ་མདའ་སྨྱུག་དང་ཞོགས་དུང་།ད་དུང་སེང་རྡོར་ལྟ་བུ་དག་གིས་ནང་ཆོས་ལ་དགག་རྒྱག་མཛད་འདུག་མོད།འོན་ཀྱང་ཁོ་བཞིན་དུ་ཚིག་བཙོག་གང་ཡོད་དང་ཚིག་དམར་རྗེན་དུ་ཕུད་ནས་དགག་པ་རྒྱག་མཁན་གྱི་བོད་མི་ཐོག་མ་ནི་ཁོ་ཡིན་སྲིད་དེ།ཁོས་འཛེམ་དོགས་ཅི་ཡང་མེད་པར་མགྱོགས་འཕྲིན་གྱི་ཐད་གཏོང་དུ་གཤམ་ལྟར་གྱི་སྐད་ཆ་གང་ཡོད་གཡུག་བཞིན་འདུག
       ‘ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་མནའ་བཟའ་ཟེར་བ་ཞིག་མེད་རྒྱུ་ན།ཕག་རྒན་ཞིག་དཀྱིལ་དྲུང་དུ་བསྡད་པ་དང་ཨ་ན་མ་ན་རེད།ང་ཚོས་ད་བར་དུ་དེ་འདྲའི་ཕག་རྒན་ཞིག་ལ་གསེར་ཆུ་བྱུགས་ནས་ཡོང་བ་རེད།སྙིང་བོ་ཟེར་བ་ཞིག་ཡོད་དམ།’
       སྤོ་བོས་སྔོན་ཆད་ང་ལ་འདི་འདྲའི་ཁ་བརྡ་ཞིག་བྱས་མྱོང་།
       ‘མྱི་ཁ་བདེ་ལྕེ་བདེ་ཞིག་གིས་ཆོས་ལུགས་མེད་པར་འཆད་ན་མེད་པ་ལྟ་བུ་ཞིག་དང་།ཡང་ཆོས་ལུགས་ཡོད་པར་ལབ་ན་ཡོད་པ་ལྟ་བུ་ཞིག་ཏུ་ཆགས་ངེས་ཡིན།’ཟེར།
       བལྟས་ཡོང་ན་སྤོ་བོ་ལགས་ཀྱི་སྐད་ཆ་འདི་ལ་གནས་ལུགས་མེད་པ་ཞིག་མ་རེད།བརྒྱ་ལ་རྨ་དུག་ལྟ་བུ་ཞིག་གིས་ཆོས་ལུགས་ཡོད་པར་འཆད་ན་ནི།ང་རང་ཁོ་ལ་ཅི་མ་བདེན་སྙམ་པའི་དཔེ་དང་གནས་ལུགས་བགྲང་རྒྱུ་ཡོད་པར་ཡིད་ཆེས་ཡོད།དེ་ཡིན་ཡང་ཁོ་ནི་མཐའ་གཅིག་ཏུ་ལྷ་མེད་འདྲེ་མེད་སྨྲ་བའི་བདག་པོ་ངོ་མ་ཞིག་ཡིན་པ་ནི་གོར་མ་ཆག་སྟེ།ངས་ཁོས་དངོས་སུ་བཤད་པའི་ཐད་གཏོང་ལམ་གྱི་སྐད་ཆ་ཞིག་ཐོས་མྱོང་ཞིང་།མ་བསམ་ས་ནས་ཉེ་ཆར་ཁོ་རང་བཟའ་འཐོར་བརྒྱབ་ནས་ཆུང་མ་དང་གསོན་བྲལ་བྱེད་དོན་ནི།ཡང་སྙིང་ཁོ་དང་ཆུང་མའི་བར་ལ་བསམ་བློའི་འགལ་བ་ཞིག་བྱུང་བ་དེ་ཡིན་ལ།བསམ་བློའི་འགལ་བ་དེ་ནི་གཞན་མ་ཡིན་པར།ཆུང་མས་རྨ་དུག་ལ་ད་ནས་བཟུང་ནང་ཆོས་ལ་ཁ་མི་གཏོང་རྒྱུའི་རེ་བ་ཞུས་ཀྱང་།རྨ་དུག་གིས་དེ་ཉིད་དང་ལེན་བྱེད་མ་ཐུབ་པས་ཡིན་ཟེར།བཤད་དང་མ་བཤད་མི་འདུག རྨ་དུག་ལྕེ་ཟེར་བ་འདི་ནི་རང་ཉིད་ཀྱི་ལང་ཕྱོགས་རང་དགར་འདོར་མི་སྲིད་པའི་མི་བུ་རང་ཚུགས་ཅན་ཞིག་རེད་བསམས།
       བོད་མི་རིགས་ཀྱི་ཉེ་དུས་ཀྱི་འཕེལ་རིམ་ཞིག་ལ་ཕྱིར་འདང་རེ་བརྒྱབ་ན།དུས་རབས་ཉི་ཤུ་བུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་བར་དུ།གླུ་རེ་བླངས་པ་ཡིན་ན་འདྲ།ཡང་ན་རྩོམ་རེ་བྲིས་པ་ཡིན་ན་འདྲ།ཐ་ན་ཁ་བརྡ་རེ་བྱས་པ་ཡིན་ནའང་འདྲ།སུ་ཞིག་གི་མཛད་རྗེས་ལ་བསྟོད་ཅིང་གང་ཞིག་གི་ཡུལ་ལྗོངས་ལ་བསྟོད་པ་གཙོ་ཆེ་བས།བོད་ཀྱི་ཡུལ་འདིར་ཁྭ་ཏའི་སྒྲོ་བསྟོད་ལྟ་བུའི་བསྟོད་མི་འོས་པ་དག་ལ་བསྟོད་མྱོང་བའི་རྣམ་པ་ཡང་བྱུང་བ་རེད།ད་ཆ་དེ་ལས་ལྡོག་སྟེ་གླུ་དང་རྩོམ་དང་ཁ་བརྡ་གང་ཡིན་ཆོག ཡོད་ཚད་ཕན་ཚུན་དགག་རྒྱག་གིས་གྲུབ་འདུག དྲང་མོར་བཤད་ན།ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པའི་སྲོལ་ངན་དེ་ལ་མཁས་དབང་དགེ་ཆོས་མཆོག་གིས་ཀྱང་སྔོན་ཞིག་ནས་ཀྱང་མི་འཐད་པའི་རྣམ་འགྱུར་བསྟན་འདུག་མོད།འོན་ཀྱང་ང་ཚོའི་ས་ཆ་རུ་གནས་ལུགས་དང་ལུང་དྲངས་མཁས་མཁན་མང་ཡང་།གནས་ལུགས་བརྩི་མཁན་དང་ལུང་ལྟར་དུ་འགྲོ་མཁན་ཤིན་ཏུ་ཉུང་།དེ་ནི་མི་རིགས་ཤིག་རྒུད་པའི་མཐའ་ལ་ཐུག་པའི་སྔོན་འགྲོའི་ཆ་རྐྱེན་མང་བོའི་ནང་གི་གཅིག་ལོས་ཡིན།ཡིན་ཙང་།ད་ནས་བཟུང་ང་ཚོས་བསྟོད་འོས་པ་ལ་བསྟོད་པ་དང་སྨད་འོས་པ་ལ་སྨད་ནས་འགྲོ་བ་མ་གཏོགས།མཐའ་གཅིག་ཏུ་སྣེ་མོ་གཅིག་བཟུང་མི་བྱེད་པའི་རེ་བ་ཡོད།ཡིན་ཕྱིན།རྨ་དུག་ལྕེ་ནས་ཀྱང་མཚམས་རེར་ནང་ཆོས་ཀྱི་ལེགས་པའི་ཆ་དང་སེར་མོ་བའི་སྡེ་ཡི་དགེ་མཚན་རེ་ལ་བསྟོད་པའི་ཁ་བཏགས་མཐོན་པོར་འདེགས་རྒྱུའི་རེ་བ་ཆེ།

གསུམ།

       བོད་ལ་མཚོན་ན་མགྱོགས་འཕྲིན་མ་ལག་ཏུ་ཆེས་ཐོག་མར་ཐད་གཏོང་བྱེད་མཁན་ནི།སྒོར་མོའི་ཆེད་དུ་འོག་གི་མཚན་མ་ཡང་སྟོན་ཐུབ་པའི་དྲ་དཔོན་ཡིན་ཟེར་བ་སྐོར་ཞིག་ཡིན་སྟབས།བོད་ནང་དུ་མ་ལག་འདིའི་མཁའ་དབུགས་ཧ་ཅང་ནས་མི་གཙང་བ་ཞིག་ཏུ་གྱུར།དྲ་དཔོན་དེ་ཚོས་ངོ་ཚ་རྒྱབ་ཏུ་དོར་ནས་རང་གི་ཁེ་ཕན་གང་ལ་གང་འཚམ་ཞིག་བསྒྲུབས་ཐུབ་ཡོད་པ་དེ།བོད་སེམས་བོད་ཅེས་སྤྱིར་བཏང་དུ་དེ་ཡང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད་པ་ཞིག་ཡིན་པར་བྱོས།ཡིན་ཡང་བོད་བྱིངས་ལ་མཚོན་ན།རང་གི་ཁེ་ཕན་ཉི་ཚེ་བ་ཞིག་གི་ཆེད་དུ་ཐད་གཏོང་དུ་མི་ཆོས་ཀུན་སྤྱོད་དང་བྲལ་བའི་སྦྱོར་བ་སྤེལ་བ་ཡིན་ན།བོད་མིའི་སེམས་ཁམས་དང་ཀུན་སྤྱོད་ཐད་དུ་མི་མངོན་པའི་ཤུགས་རྐྱེན་ངན་པ་ག་འདྲ་ཞིག་ཐེབས་སྲིད་དམ།ལྷག་པར་དུ་གསར་སྐྱེས་ཀྱི་མྱུ་གུ་བཞིན་དུ་ལུས་སེམས་གཉིས་ཀྱི་ཆ་ནས་ད་སོ་མ་གཉོམ་ལག་རྒྱས་བཞིན་པའི་བོད་ཀྱི་གཞོན་སྐྱེས་དེ་ཚོ་ལ་མིག་དཔེ་མི་ལེགས་པ་ག་འདྲ་ཞིག་འཇོག་སྲིད་དམ།མང་མང་ཞིག་གིས་ཀྱང་ང་བཞིན་དུ་བོད་ཀྱི་མགྱོགས་འཕྲིན་གྱི་ཐད་གཏོང་རྣམ་པ་འདི་ལ་མི་དགའ་བའི་རྣམ་འགྱུར་དང་དགག་རྒྱག་གི་མཆིལ་ཞགས་འཕངས་མོད་ཀྱང་།དྲ་དཔོན་ཡིན་ཟེར་བ་སུ་ཞིག་གིས་དོ་ནུབ་གསང་བ་ཞིག་བཤད་རྒྱུ་ཡིན་ཞེས་པ་དང་།ཡང་ན་དྲ་དཔོན་ཡིན་ཟེར་བ་སུ་གཉིས་ཀྱིས་སང་ཉིན་pk(རོལ་རྩེད་འགྲན་སྡུར་གྱི་རྣམ་པ་ཞིག)བརྒྱབ་ནས་སུ་ཕམ་པ་ཡིན་ན།ཕམ་སོང་བ་དེས་རྐང་སྣུམ་མར་ཕུད་རྒྱུ་ཡིན་ཞེས་བསྒྲགས་པ་ཡིན་ན།ཁ་ནས་ཨ་ཧ་ཕེ་ཟེར་ཞོར་དུ་དོན་གྱིས་དེ་ཚོའི་ཐད་གཏོང་ལ་བལྟ་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་བུད་འགྲོ།འདི་ནི་མིའི་རིགས་ཀྱི་ཚང་དུ་ཡིབ་པའི་གདོད་གཤིས་རྣལ་མ་ཞིག་ཡིན་སྲིད།
       ཡིན་ཡང་དགའ་འོས་པ་ཞིག་ལ།རྨ་དུག་ལྕེ་བཞིན་དུ་བཟང་ཡང་ཆོག་ལ་ངན་ཡང་ཆོག གང་ལྟར་ཐད་གཏོང་གི་ལམ་ནས་རིག་གཞུང་བགྲོ་གླེང་ངམ།ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་ཐད་གཏོང་གི་རྣམ་པར་ཕྱོགས་པའི་དྲ་དཔོན་ཕྱི་མ་སྐོར་ཞིག་མགྱོགས་འཕྲིན་གྱི་ཐད་གཏོང་སྒང་དུ་ཡོང་བ་ནས་བཟུང་།བོད་ནང་གི་མགྱོགས་འཕྲིན་ཐད་གཏོང་ལ་ཡང་གཙང་སེལ་གྱི་ནུས་པ་ཅུང་ཟད་ཐོན་ཡོད་ཀྱང་།ལྟོས་བཅས་ཀྱིས་བསམ་བློའི་ཆུ་ཚད་མཐོན་པོ་ཡོད་པའི་དྲ་དཔོན་ཕྱི་མ་དེ་ཚོར་ཡང་བསམ་གྱིན་བསམ་གྱིན་ཞེ་མེར་བའི་འགྲོ་སྟངས་ཤིག་འདུག་སྙམ།འོ་ན་ཞེ་མེར་བའི་འགྲོ་སྟངས་དེ་ག་འདྲ་ཞིག་རེད་ཟེར་ན་ནི།དྲ་དཔོན་ཕྱི་མ་དེ་ཚོས་ཐད་གཏོང་ལམ་ནས་བརྗོད་པའི་སྐད་ཆ་ལ་ལ་ཞིག་དང་སོམས་དང་།ཁོ་ཚོ་བསམ་བློའི་ཆུ་ཚད་མཐོ་བ་བདེན་དུ་ཆུགས་ཀྱང་།ཕན་ཚུན་བར་ལ་བཟུང་བའི་ལྟ་སྟངས་དེ་ཅི་འདྲའི་གུ་དོག་པ་ཞིག་རེད་ཨང་།
       ‘བོང་རྫིའི་ཚང་གཏོར་མུ་འབྲེལ་དྲ་ལམ་ཁ་བརྡ་ལ་མུ་མཐུད་ནས་གསན་རོགས་ཞུ།’
       རྨེའུ་མགོན་ནི་རིག་གཞུང་གི་སྐད་ཆ་ཆུ་བཞུར་བཞུར་བྱས་ནས་བཤད་ཐུབ་མཁན་ཞིག་ཡིན་ཡང་།ཁོས་མགྱོགས་འཕྲིན་ཐད་གཏོང་གི་དུས་ཚོད་མང་ཆེ་བ་ཞིག་པོང་རྫི་(རྨེའུ་མགོན་གྱིས་མཚམས་རེར་བོང་རྫི་ལ་པོང་རྫི་ཞེས་མིང་གཞི་པ་སྒྲ་ཞིག་དབང་མེད་དུ་འཆོར་བཞིན་འདུག)ལ་ཁ་གཏད་གཅོག་པའི་ཆེད་དུ་བཀོལ་གྱིན་འདུག་ལ།གདོང་གི་འཕྲེད་དུ་བསྐྱོན་པའི་མིག་ཤེལ་དཀར་པོ་དེ་ལས་མངོན་པའི་མིག་ཟུང་ལས་ཤེས་རབ་ཀྱི་འོད་སྣང་འོས་འཚམ་ཞིག་ཀྱང་འཕྲོ་བཞིན་ཡོད་ཀྱང་།ཁོའི་རིག་གཞུང་གི་སྐད་ཆའི་ནང་དུ་ཕ་རོལ་བ་ཟིལ་གྱིས་གནོན་བསམ་པའི་ཧམ་སེམས་ཤིག་ཀྱང་རང་ཤུགས་ཀྱིས་གྲུབ་འདུག་པ་མཐོང་ཐུབ་ལ།བོང་རྫི་ཕམ་པ་ཡིན་ན་ཁོའི་མགྱོགས་འཕྲིན་ལས་ཐད་གཏོང་བྱས་པ་ལ་རྒྱལ་ཁ་འཐོབ་སོང་སྙམ་པའི་སེམས་འགྱུ་ཞིག་ཀྱང་རང་ཤུགས་ཀྱིས་གྲུབ་འདུག་པ་ཚོར་ཐུབ།
       དེ་བཞིན་དུ་བོང་རྫི་ལ་མཚོན་ན་ཡང་།ཁ་ཡར་གྲག་ལ་གསེར་རྟ་བླ་རུང་སྒར་རམ་ཆོས་སྤེལ་ཀུང་སི་དང་།ཁ་མར་གྲག་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་སམ་ལོ་གསུམ་མཁན་པོ་ཞེས་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་གང་བྱུང་དུ་བརྡོལ་སྟབས།བོང་རྫིའི་མགྱོགས་འཕྲིན་གྱི་ཐད་གཏོང་དུ་སྐད་འབྲེལ་བྱེད་མཁན་དང་བརྙན་འབྲེལ་བྱེད་མཁན།ཡང་ན་གཤམ་མཆན་གཏགས་མཁན་གང་ཡིན་ན་ཡང་ཆོག སྐད་ཆ་འདྲ་མིན་བཅོ་བརྒྱད་བཤད་མཁན་དང་བསམ་ཚུལ་མི་འདྲ་བཅུ་དགུ་ཡོད་མཁན་བྱུང་བས།བོང་རྫིའི་ཐད་གཏོང་དེ་བོད་མི་མང་བོ་ཞིག་གི་ཁ་རྩོད་བྱེད་ས་ལྟ་བུ་ཞིག་ཏུ་གྱུར་འདུག སྤྱིར་ན་ཁ་རྩོད་ནི་ཁ་རྩོད་རང་སྟེ།དེ་ནི་དབུགས་གཏོང་ལེན་ཙམ་གྱི་འགྲོ་སོང་ལ་བརྟེན་པས་གྲུབ་ཐུབ་པ་ཞིག་རེད།ཡིན་ན་ཡང་ཁ་རྩོད་ནི་ཁ་རྩོད་ཙམ་མ་ཟད།ཁ་རྩོད་དེའི་ཕག་ཏུ་བསམ་བློའི་འགལ་ཟླ་ཟེར་བ་ཞིག་ཀྱང་རང་ཤུགས་སུ་གྲུབ་འདུག་པ་མ་ཡིན་ནམ།ཡིན་ཙང་རྨེའི་མགོན་དང་བོང་རྫིའི་བར་གྱི་ཕྱོགས་རེས་ཕྱོགས་འཐེན་གྱི་ཐད་གཏོང་བྱེད་སྟངས་འདིས་བོད་མིའི་མཐུན་སྒྲིལ་དང་འདུ་ཤེས་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཡོད་དམ།ཡང་གཅིག་བཤད་ན།ང་རས་བོང་རྫི་དང་རྨེའུ་མགོན་ལྟ་བུས་ཕན་ཚུན་ལ་དང་ལེན་ཡོད་པའི་སྒོ་ནས་pkརེ་བརྒྱབ་ན་བསམས་མོད་ཀྱང་།ཁོ་ཚོས་དེ་ལྟར་བྱེད་མི་འདོད་ལ་བྱེད་ཐུབ་ས་མ་རེད།ནམ་རྒྱུན་བུད་མེད་བཤད་དགའ་མ་ཚོ་བཞིན་དུ་རང་རང་གི་ས་ནས་ཕན་ཚུན་ལ་ངན་བཤད་རེ་བྱས་ནས་འདུག་པ་ལས།ཕན་ཚུན་ལ་གདོང་གཏད་ནས་བཤད་རེས་ཉན་རེས་ཀྱི་རིག་གཞུང་བགྲོ་གླེང་ཞིག་བྱེད་གང་ནས་ཐུབ།
       དེའི་རྐྱེན་གྱིས་ང་ཡི་བསམ་པར་ལྟོས་བཅས་ཀྱིས་བསམ་བློའི་གོ་རྟོགས་མཐོ་ཟེར་བའི་དྲ་དཔོན་ཕྱི་མ་འདི་དག་ནི་ནག་ཉེས་ནི།སྒོར་མོའི་ཆེད་དུ་འོག་གི་མཚན་མ་ཡང་སྟོན་ནུས་པའི་དྲ་དཔོན་སྔོན་མ་དེ་དག་ལས་ཀྱང་ཆེ་ཟེར་ཐུབ།རྒྱུ་མཚན་གང་རེད་ཟེར་ན་ནི།དྲ་དཔོན་སྔོན་མ་རྣམས་ཀྱིས་དམིགས་པ་ནི་སྒེར་གྱི་ཁེ་ཕན་ཁོ་ན་ཡིན་ཡང་།བསམ་བློའི་གོ་རྟོགས་མཐོ་ཟེར་བའི་དྲ་དཔོན་ཕྱི་མ་འདི་དག་གི་དམིགས་ཡུལ་ནི་གཅིག་བྱས་ན་དེ་ཡང་སྒེར་དོན་ལས་མ་འདས་མོད།འོན་ཀྱང་དྲ་དཔོན་ཕྱི་མ་འདི་ཚོས་བོད་ནང་ཁུལ་དཀྲུགས་བཞིན་འདུག བོད་ནང་ཁུལ་གྱི་ཆབ་དཔལ་རིག་གསུམ་དཀྲུགས་བཞིན་འདུག་ལ།བོད་མི་རིགས་ཀྱི་བསམ་བློའི་སྟེང་ལ་ནག་ཐིག་བགོ་བཞིན་འདུག་པས།ད་ནས་བཟུང་བོང་རྫི་དང་རྨེའུ་མགོན་ལྟ་བུའི་སྒེར་གྱི་རྩོད་དོན་དེ་བོད་མི་བྱིངས་ཀྱི་རྩོད་དོན་ཞིག་ཏུ་མི་གཏོང་བར་ཞུ།
       ཞིབ་ཀྱིས་དཔྱད་ན།དེ་ཚོ་མཁས་པ་ཡིན་མིན་དང་བསམ་བློའི་གོ་རྟོགས་མཐོ་མིན་ཡང་བཤད་དཀའ་མོ་རེད།དཔེར་ན་7དང་4ཞེས་པའི་ཨ་རབ་ཀྱི་ཨང་ཀི་ཞིག་བསྐུར་བ་ཙམ་གྱིས་ཀྱང་དེ་ཚོའི་ངོ་མདོག་དང་ཁ་ཚིག་བསྒྱུར་ཐུབ།དྲང་མོར་བཤད་ན།དེ་ནི་མཁས་པའམ་བསམ་བློའི་གོ་རྟོགས་མཐོན་པོ་ཡོད་པའི་མི་ཞིག་གི་འགྲོ་སྟངས་མ་རེད།ལྷག་པར་དུ་བོད་ཀྱི་མཁས་པའམ་བསམ་བློའི་གོ་རྟོགས་མཐོན་པོ་ཡོད་པའི་མི་ཞིག་གི་འགྲོ་སྟངས་མ་རེད།མི་རིགས་གང་ཞིག་ཡིན་ན་ཡང་མི་རིགས་དེའི་དད་མོས་དང་དང་བ།དགའ་ཁ་འཁྱེར་སོ་དང་འཛེམ་བྱ་འཛེམ་དོགས་ཡོད་པ་རེད།དེ་ཡིན་ན་ཨ་རབ་ཀྱི་ཨང་ཀི་7དང་4བཞི་ཞེས་པ་རྒྱ་མིའི་སྐད་དོད་དུ་སོང་དང་ཤི་ཞེས་པ་དང་།ཡང་ན་7744དང་4477ལྟ་བུ་ནུ་སོང་སོང་ཤི་ཤི་དང་ཤི་ཤི་སོང་སོང་ལྟ་བུར་གོ་ཡང་།བོད་མི་ཞིག་གི་སྣང་ངོར་དེ་ལྟར་འགྲོ་དོན་མེད།བོད་ལ་མཚོན་ན་ཨ་རབ་ཀྱི་ཨང་ཀི་4ཡིན་ན་འདྲ།ཡང་ན་ཨ་རབ་ཀྱི་ཨང་ཀི་7ཡིན་ན་འདྲ།གཉིས་ཀའི་གང་ཡིན་ན་ཡང་རང་ངོས་ནས་འཛེམ་དོགས་བྱེད་དགོས་པ་དང་གཞན་ངོས་ནས་དམའ་འབེབ་བྱེད་སྤྱད་ཅིག་རྩ་བ་ཉིད་ནས་མ་རེད་དེ།བཞི་བཞི་མཛོ་མོ་ནུ་བཞི་མ་དང་བདུན་བདུན་སྐར་མ་སྨེ་བདུན་ཞེས་རྟེན་འབྲེལ་ཅན་གྱི་ཨང་ཀི་རེ་རེ་ཡིན་པ་ཤེས་པར་བགྱིས།འདི་ཙམ་གྱི་རྒྱུན་ཤེས་ཡང་མི་ཤེས་པའི་མི་དེ་ཚོ་ལ་བོད་ཀྱི་གནད་དོན་དང་བོད་ཀྱི་སྐྱིད་སྡུག བོད་ཀྱི་གནས་བབ་དང་བོད་ཀྱི་དར་རྒུད་གླེང་བའི་འོས་བབ་ཞིག་གང་ན་ཡོད།ཡོད་ཀྱང་ནུས་པ་ཞིག་ཐོན་སྲིད་དམ།

བཞི།

       ‘གསེར་རྟ་བླ་རུང་སྒར་ནི་ཆོས་ལོག་སྤེལ་ས་ཞིག་རེད།ཚུལ་བློས་གཏན་དུ་ཕབ་པའི་ཤ་འགོག་ལས་འགུལ་དེས་བོད་ཀྱི་འབྲོག་པ་མང་ཚོགས་ག་ཚོད་ཅིག་ལ་ཐུབ་ཚོད་བཏང་སོང་།་་་་་་’
       ས་བབ་ཀྱི་ཆ་ནས་ཡ་གླིང་ཤར་མའི་ཏོག་ལྟ་བུའི་མདོ་དབུས་མཐོ་སྒང་ལ་མཚོན་ན།ནམ་གུང་གི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཡར་མར་ཡིན་ཡང་།བོང་རྫིས་ད་དུང་ཡང་ཐད་གཏོང་བྱེད་བཞིན་འདུག་ལ།ཐད་གཏོང་དེར་བལྟ་མཁན་ཡང་མི་ཆིག་སྟོང་ལྷག་ཙམ་ཞིག་འདུག བོང་རྫི་ལ་མཚོན་ན་གོ་ལ་ཕྱེད་ནུབ་མའི་རྒྱལ་ཁབ་ཅིག་ཏུ་ཡོད་སྟབས།ཁོས་ཐད་གཏོང་བྱེད་པའི་དུས་ཚོད་དེ་ང་ཚོ་བཞིན་དུ་ནམ་གུང་གི་དུས་ཚོད་མ་ཡིན་པར།ཉིན་དཀར་ཉི་མ་དཀར་དཀར་ཡིན་པ་ཁོའི་ཐད་གཏོང་གི་བརྙན་མིག་ལས་ཀྱང་མཐོང་ཐུབ།བལྟས་ཡོང་ན་ད་ཡང་ང་ཚོ་བོང་རྫིའི་དྲ་གཡོག་ཏུ་གྱུར་ཚར་འདུག ནུབ་གླིང་དུ་ཡོད་པའི་བོང་རྫིས་ཉིན་དཀར་ཉི་མ་དཀར་དཀར་ལ་འགན་ཁུར་མེད་པའི་སྐད་ཆ་ཡར་མར་བཅོ་བརྒྱད་ཅིག་ཕྱིར་བལྟས་མེད་པར་མགྱོགས་འཕྲིན་ཐད་གཏོང་དུ་གཡུག་ཚར་རྗེས།སོང་ནས་ཟ་མ་རྒྱགས་ཆོད་པ་ཞིག་ཟོས་ནས་གཉིད་ཐག་ཆོད་པ་ཞིག་གཉིད་ཆོག་ཆོག་ཡིན་ཡང་།ནམ་གུང་གཉིད་མ་ལོག་པའི་ཤར་ཕྱོགས་ཀྱི་དྲ་གཡོག་ཇི་སྙེད་ཅིག་གིས་དུས་ལྟར་ངལ་མ་གསོ་མ་ཐུབ་པའི་ལུས་ཁམས་བདེ་ཐང་ལ་སུས་དོ་སྣང་བྱེད་དམ།ཐ་ན་སང་ཞོགས་སྔ་མོ་ནས་མལ་ལས་ལངས་ཏེ་ལས་ཀར་འགྲོ་དགོས་པའི་དྲ་གཡོག་དེ་ཚོ་སང་ཞོགས་སྔ་མོ་ནས་ཡར་ལངས་ཐུབ་བམ།སྔ་མོ་ཡར་ལངས་ཐུབ་ཀྱང་ལས་ཀ་ལས་ཕྱོད་ཆེ་བ་ཞིག་ལས་ཐུབ་བམ།བསམ་ཞིང་བསམས་ན་ང་ཚོ་དྲ་གཡོག་རྣམས་ངོ་མ་སྙིང་མ་རྗེ།ཡང་བསམ་ཞིང་བསམས་ན་ང་ཚོས་རང་སྡུག་རང་གིས་ཉོས་པ་མ་ཡིན་ནམ།
       དེ་དང་འདྲ་བར།ང་ཚོའི་ཡུལ་ལུང་འདིར་རྨེའུ་མགོན་དང་བོང་རྫི་ལྟ་བུའི་དྲ་དཔོན་ད་དུང་ཡང་བགྲང་ལས་འདས་པ་ཞིག་ཡོད་ལ།ནམ་གུང་ཆུ་ཚོད་གཉིས་གསུམ་ཡིན་ཡང་དྲ་བར་ཞུགས་པའི་དྲ་གཡོག་མིག་རྩ་དམར་པོ་ཅན་ཡང་གང་མང་མང་ཞིག་ཡོད་པས།འདིར་མཐའ་གཅིག་ཏུ་རྨེའུ་མགོན་དང་བོང་རྫི་ལ་དམའ་འབེབ་དང་ཟུར་ཟ་བྱས་པ་གཏན་ནས་མིན།དྲང་མོར་བཤད་ན།རྨེའུ་མགོན་དང་བོང་རྫིའི་སྐད་ཆའི་ཁྲོད་དུ་ཡང་གོ་རྒྱུ་ཅན་དང་ཉན་རྒྱུ་ཅན་ལོས་ཡོད།འདིར་གཙོ་བོ་ཁྱེད་རྣམས་ཀྱིས་རིག་གཞུང་བགྲོ་གླེང་ཡིན་ན་འདྲ།དྲ་ལམ་དཔྱད་བརྗོད་ཀྱི་རྣམ་པ་འདི་ཉིད་ས་ཕྱོགས་དང་ས་ཕྱོགས།གྲུབ་མཐའ་དང་གྲུབ་མཐའ།ཆོལ་ཁ་དང་ཆོལ་ཁ།མདོར་ན་ཁྱོད་དང་ང་མ་ཡིན་པར།ང་ཚོ་ཚང་མ་ཞེས་པའི་སྤྱི་མཐུན་གྱི་བསམ་བློ་ཞིག་གི་སྟེང་ནས་ཕན་ཚུན་ལ་དགག་པ་རྒྱག་རེས་དང་།ཕན་ཚུན་ལ་དང་ལེན་བྱེད་རེས་བྱས་པ་ཡིན་ན།མུ་མཐུད་ནས་ཁྱེད་ཅག་ལ་རྒྱབ་སྐྱོར་ཡོད།མུ་མཐུད་ནས་ཁྱེད་ཅག་གི་ཐད་གཏོང་ལ་བལྟ་སྲིད།མུ་མཐུད་ནས་ལེགས་སྐྱེས་ཆུང་ཆུང་རེ་ཡང་བསྐུར་སྲིད།

ལྔ།

       ‘ཡ།ཚང་མ་བདེ་མོ་ཡིན་ན།ང་ཡི་ཐད་གཏོང་འདི་རུ་མཁས་བཤད་གཏན་ནས་རྒྱག་རྒྱུ་མིན།རྒྱག་ཀྱང་ཤེས་ནི་མ་རེད།གཙོ་བོ་ང་ཚོ་ཐུན་མོང་ལ་དབང་བའི་ཐད་གཏོང་གི་རྣམ་པ་ཞིག་ཆགས་ཨེ་ཐུབ་བལྟ།་་་་་་’
       གོང་གི་ཐད་གཏོང་ལམ་གྱི་སྐད་ཆ་དེ་དྲ་དཔོན་གཞན་ཞིག་གི་སྐད་ཆ་མ་ཡིན་པར།ང་རང་གི་སྐད་ཆ་ཡིན།ད་ཆ་ང་རས་ཀྱང་ཐད་གཏོང་བྱེད་བཞིན་ཡོད།ཡིན་ན་ཡང་ང་རས་ཐད་གཏོང་བྱེད་སའི་མ་ལག་ནི་མགྱོགས་འཕྲིན་མ་ཡིན་པར་སྐད་འཕྲིན་ཡིན།སྐད་འཕྲིན་མ་ལག་གི་བརྙན་ལམ་ཨང་གྲངས་(视频号)ཞེས་པ་ལས་ཐད་གཏོང་བྱེད་བཞིན་ཡོད།རེ་བར་ཚང་མས་ཀྱང་མ་ལག་འདིའི་ལམ་ནས་ཐད་གཏོང་རེ་བྱེད་པར་རེ་བ་ཆེ་ལ།ཐད་གཏོང་བྱེད་མ་ཐུབ་ཀྱང་དོ་སྣང་ངམ་དོ་ཁུར་རེ་ཡོད་པར་མཁྱེན།ཅིའི་ཕྱིར་ཞེ་ན།བོད་མིའི་མགྱོགས་འཕྲིན་གྱི་ལམ་ཁ་དེ་ཆུ་བོ་ཞིག་ཡིན་པའི་དབང་དུ་བཏང་ན།ཆུ་འགོ་ནས་རྙོག་ན་རྔ་མ་དྭངས་དཀའ་བའི་དཔེ་ལྟར།བོད་མའི་མགྱོགས་འཕྲིན་གྱི་ཆུ་འགོ་དེ་སྒོར་མོའི་ཆེད་དུ་འོག་གི་མཚན་མ་ཡིན་ཡང་སྟོན་ཐུབ་པའི་དྲ་དཔོན་སྐོར་ཞིག་གིས་རྙོག་དྲགས་སྟབས།ད་ཆ་གཙང་སེལ་གྱི་ནུས་པ་ཨེན་ཙམ་ཐོན་ཡང་རྩ་བ་ནས་དྭངས་ཐབས་བྲལ་དཀའ་བ་ལྟ་བུར་གྱུར་བས།དེ་ནི་བོད་མའི་མགྱོགས་འཕྲིན་གྱི་ལས་དབང་ངམ་འཕེལ་རིམ་ཞིག་ཡིན་པར་བྱོས།
       ཡང་ཕྱོགས་གཞན་ཞིག་ནས་བཤད་ན།མགྱོགས་འཕྲིན་ཟེར་བའི་སྤྱོད་གོད་ཆེ་བའི་མ་ལག་འདི་བོད་མིའི་ལག་ཏུ་འབྱོར་བ་ན།དེ་འདྲའི་ངོ་ཚ་བྲལ་བ་དང་དེ་འདྲའི་སྙིང་བོ་མེད་པ་ཞིག་ཏུ་གྱུར་དོན་ནི།མཐའ་གཅིག་ཏུ་དྲ་དཔོན་གྱི་སྡེ་ཁོ་ན་ལན་པ་མ་ཡིན་པར།ང་ཚོ་དྲ་གཡོག་གི་སྡེ་ལ་ཡང་ཐུག་ཡོད་དེ།སྤྱིར་བཏང་དུ་བོད་མི་ཡོངས་ཀྱི་བསམ་བློའི་གོ་རྟོགས་དམའ་བས་འདི་ལྟ་བུའི་མགྱོགས་འཕྲིན་གྱི་མཁའ་དབུགས་རྫོབ་ཀྱང་རྫོབ་པ་ཞིག་གྲུབ་པ་ཡིན་ལས་ཆེ།འོ་ན་གནད་དོན་དེ་ལྟ་བུ་ཞིག་འབྱུང་བ་ལ་ཕྱི་རྐྱེན་ནང་རྐྱེན་མང་པོ་ཞིག་ཡོད་སྲིད་ཀྱང་།མཐར་གཏུགས་ན་དཔེ་ཆ་བལྟ་མཁན་ཉུང་བ་དང་དཔེ་ཁང་ལ་དང་དོད་མི་བྱེད་པས་ལན་པ་རེད་ཅེས་ལབ་པ་ཡིན་ན།དེའི་ངོས་ཐད་ནས་ཀྱང་བཤད་མི་ཚར་བ་ཞིག་བཤད་རྒྱུ་འདུག་མོད།འོན་ཀྱང་ད་རེབ་བོད་མིའི་མགྱོགས་འཕྲིན་གྱི་རྣམ་པ་ལས་བོད་མིའི་དཔེ་ཁང་གི་རྣམ་པ་ཟུར་དུ་གཞག་པར་བྱ།

དྲུག

        ‘ཨ་རོ།དོ་ནུབ་ཐད་གཏོང་བྱེད་རྒྱུ་ཡིན་ནམ།’
        ང་ཡི་སྐད་འཕྲིན་ལམ་གྱི་ཐད་གཏོང་ལ་དོ་སྣང་ཡོད་པའི་དྲ་གྲོགས་ཤིག་གིས་ང་ལ་འདི་ལྟར་ཡིག་ལམ་ནས་སྐད་ཅིག་བཞག་འདུག
       ‘ཐད་གཏོང་བྱེད་རྒྱུ་ཡིན།དགོང་མོའི་དུས་ཚོད་དགུ་ནས་བཅུ་གཅིག་བར་ཏེ།ཏག་ཏག་དུས་ཚོད་གཉིས་ལ་ཐད་གཏོང་བྱེད་གྲབས་ཡོད།དུས་ཚོད་གཉིས་ལས་རིང་དུ་འཇུག་རྒྱུ་མིན།གྲོགས་པོ།’
       ངས་ཕྱིར་དྲ་གྲོགས་དེ་ལ་ཡིག་ལམ་ནས་ལན་བཏབ་མ་ཐག ཁོས་སྔར་བཞིན་ང་ལ་ངག་ཐོག་ནས་ཀྱང་དྲི་བ་ཞིག་བཏོན་པ་སྟེ།
       ‘འོ་ཡ།ཁྱོད་ཀྱིས་ཐད་གཏོང་བྱེད་སྐབས་ང་ལ་བརྡ་ཞིག་རྒྱག་རོགས།འོ།ད་དུང་ཐད་གཏོང་བྱེད་ས་དེ་ཡང་བསྐུར་རོགས།མ་གཏོགས་ཁྱོད་ཀྱི་ཐད་གཏོང་བྱེད་ས་དེ་བཙལ་ནས་ལོན་ས་ཞིག་མ་རེད།’
       ‘ཡ་ཡ།’
       ངས་ཀྱང་ཕྱིར་ངག་ཐོག་ནས་ལན་སྟབས་བདེ་ཞིག་བཏབ་སོང་ལ།སེམས་སུ་གནས་སྐབས་སུ་སྐད་འཕྲིན་ལམ་གྱི་ཐད་གཏོང་འདི་ལ་བོད་མི་མང་བོ་ཞིག་རྒྱུས་ལོན་མེད་ཀྱང་།རིམ་གྱིས་རིམ་གྱིས་མགྱོགས་འཕྲིན་གྱི་ཐད་གཏོང་ལ་གསལ་ཆ་ཡོད་པ་བཞིན།སྐད་འཕྲིན་གྱི་ཐད་གཏོང་ལ་ཡང་གསལ་ཆ་འབྱུང་བར་རེ་བ་རྒྱག་གི་ཡོད་ལ།ལྷག་པར་དུ་སྐད་འཕྲིན་ལམ་གྱི་ཐད་གཏོང་འདི་ནི་བོད་མིའི་མགྱོགས་འཕྲིན་གྱི་རྣམ་པ་དེ་ལྟ་བུ་ཞིག་མ་ཡིན་པར།མི་རིགས་གཞན་དེ་ཚོ་དང་འདྲ་བར་ཁྲིམས་དང་བསྟུན་པའི་སྒོ་ནས་དཔལ་འབྱོར་གཉེར་ས་དང་།གནས་ལུགས་ཡོད་པའི་སྒོ་ནས་བསམ་བློ་བརྗེ་རེས་བྱེད་སའི་མ་ལག་ཅིག་སྟེ།དེང་སང་གི་སྐད་ཆ་ལྟར་ན་ལྗང་མདོག་ཅན་གྱི་ཐད་གཏོང་མ་ལག་ཅིག་ཏུ་འགྱུར་བར་རེ་བ་ཆེས་ཆེར་འཆང་གི་ཡོད།
        ཡ། གནས་སྐབས་སུ་བདེ་མོ། ང་རང་ཐད་གཏོང་བྱེད་དུ་འགྲོ་རྒྱུ་ཡིན།ལྗང་མདོག་དང་ལྡན་པའི་ཐད་གཏོང་ཞིག་བྱེད་དུ་འགྲོ་རྒྱུ་ཡིན།རང་གཞན་གཉིས་ཕན་གྱི་ཐད་གཏོང་ཞིག་བྱེད་ཨེ་ཐུབ་བལྟ།ཁྱོད་བདེ་ང་སྐྱིད་ཀྱི་ཐད་གཏོང་ཞིག་ཨེ་ཡོང་བལྟ།ཕན་ཚུན་མཉམ་གནས་ཀྱི་ཐད་གཏོང་ཞིག་ཀྱང་ཨེ་ཡོང་འབད།་་་་་་

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3511