འདིའི་ནང་བོད་འགྱུར་ཚད་མའི་གཞུང་ལུགས་ཤིན་ཏུ་གལ་ཆེན་གཉིས་ཏེ། ཞི་བ་འཚོའི《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》དང་། ཀ་མ་ལ་ཤཱི་ལའི་དེའི《དཀའ་འགྲེལ》གཉིས་ཀྱི་སྐོར་མཚམས་སྦྱོར་བྱ་རྒྱུ་ཡིན། དེ་ཡང་རྩ་འགྲེལ་གྱི་མཛད་པ་པོ་དང་། སྒྱུར་བ་པོ་དག་གི་ལོ་རྒྱུས་ཉིང་བསྡུས་སུ་བྲིས་རྗེས《ཚད་ཆེན》རྩ་འགྲེལ་གཉིས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་འགའ་འབྲི་རྒྱུ་དང་། དེ་ནས《ཚད་ཆེན》རྩ་འགྲེལ་གཉིས་ཀྱི་བརྗོད་བྱ་རགས་བསྡུས། དེའི་མཇུག་ཏུ་ཞིབ་དཔྱད་བྱེད་པ་ལ་དཀའ་ངལ་ཇི་ལྟར་ཡོད་པ་བཅས་གླེང་ནས་མཇུག་བསྡུ་བར་བྱ།
གཅིག མཛད་པ་པོ་དང་ལོ་ཙཱ་བའི་ལོ་རྒྱུས་ཉིང་བསྡུས།
༡ རྩ་བ་མཛད་པ་པོ།
མཚན་ལ་རྒྱ་གར་སྐད་དུ་ཤཱནྟི་རཀྵི་ཏ་དང་བོད་སྐད་དུ་ཞི་བ་འཚོ་ཞེས་ཟེར། རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཡུལ་དུ་ཟ་ཧོར་གྱི་རིགས་སུ་འཁྲུངས། ནཱ་ལེནྡྲ་དགོན་པར་སློབ་གཉེར་མཛད་ནས་མཁས་པ་ཆེན་པོར་གྱུར། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟ་སྲོལ་འབྱེད་དང་གྲགས་ཆེ་བའི་རང་རྒྱུད་ཤར་གསུམ་མཁན་པོའི་ཡ་གྱལ་ཡིན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པར་གཏོགས། དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེ་བཙན་(༧༤༢-༧༩༧)གྱི་སྐུ་དུས་སུ་བོད་ལ་གདན་དྲངས། བསམ་ཡས་དགོན་པ་བཞེངས། སད་མི་བདུན་རབ་བྱུང་བསྒྲུབས་ནས་བོད་དུ་རབ་བྱུང་གི་སྡེ་བཙུགས། དབུ་མ་དང་འདུལ་བའི་འཆད་ཉན་སྤེལ། ནང་ཆོས་སྤྱི་དང་ལྷག་པར་ནཱ་ལེནྡྲའི་ལྟ་གྲུབ་བོད་ཡུལ་དུ་སྤེལ་མཁན་གྱི་མཁས་པ་སྔ་ཤོས་གྲས་ཡིན། མཐར་བོད་དུ་སྐུ་གཤེགས། གཤེགས་རྐྱེན་ནི། 《དབའ་བཞེད》དུ། “དེ་དུས་རིང་ཞིག་ན་མཁན་པོ་བོ་དྷི་སཏྭ་ཕོ་བྲང་རིམ་དགུའི་འོག་ཁང་དུ་དབུ་ལ་རྟས་ཕྲབ〈ཕྲ〉་བརྒྱབ་སྟེ་ཞལ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་སྟེ་སྐུ་གཤེགས། དེའི་སྤུར་ཁང་ཧས་པོ་རིའི་རྒྱབ་ཏུ་བཞུགས་ནས་མཆོད་རྟེན་གཅིག་ཀྱང་བཞེངས།”[༡]ཞེས་འཁོད། གསུང་རྩོམ་བོད་དུ་བསྒྱུར་བ་ལ། 《དབུ་མ་རྒྱན》རྩ་བ་དང་དེའི་ 《རང་འགྲེལ 》། 《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ།》 《རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ》སོགས་བཞུགས།
རྗེ་ཙོང་ཁ་པས་ 《དབུ་མ་རྒྱན་གྱི་ཟིན་བྲིས》ཀྱི་དབུར། “འཇམ་དཔལ་དབྱངས་ཀྱིས་རྗེས་གཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །མགོན་དེས་གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན། །ཐོག་མར་ལེགས་པར་བཙུགས་ཚེ་ཀླུ་སྒྲུབ་ལུགས། །ཕྱོགས་འདིར་དར་བའི་རྟེན་འབྲེལ་ལེགས་བསྒྲིགས་པས། །ད་དུང་དུ་ཡང་ཟབ་མོ་དབུ་མ་ལ། །མོས་པའི་ཕྱོགས་འཛིན་རྒྱུན་མ་ཆད་པར་བྱུང་། །དེ་ཕྱིར་མཁས་པའི་དབང་པོ་དེ་ཡི་གཞུང་། །བདག་ཅག་རྣམས་ཀྱིས་མི་ཉམས་སྤེལ་བ་ནི༑ ༑བཀའ་དྲིན་གཟོ་བའི་མཆོད་པ་བླ་མེད་ཡིན། །རྣམ་དཔྱོད་ནམ་མཁའི་ཁྱོན་ལྟར་མཐའ་ཡས་ཤིང་། །དམིགས་མེད་བརྩེ་བའི་སྟོབས་ནི་ཤུགས་དྲག་པས། །ཡོངས་སུ་དྲངས་པའི་གཞུང་མཆོག་དབུ་མའི་རྒྱན། །འདི་ཡི་རིགས་པའི་དགའ་སྟོན་མྱོང་བ་ན། །སྐྱེ་བ་མང་བོར་རིགས་པའི་ལམ་དུ་ནི། །ངལ་བ་མང་བྱས་སྒྲུབ་དང་སུན་འབྱིན་ལ། །ལེགས་པར་བྱང་བའི་རྒོལ་བ་མཁས་མང་གི །གཙུག་ན་གཙུག་རྒྱན་ནོར་བུ་བཞིན་མཐོ་བས། །སྨྲ་བ་ངན་པའི་ཚོགས་རྣམས་མཐར་མཛད་པ། །འཕགས་པའི་ཡུལ་ནའང་ཆེས་དཀོན་འདི་འདྲ་ནི། །བོད་ཀྱི་རྗེ་རྒྱལ་བཙན་པོས་སྤྱན་འདྲོངས་པ། །ཨེ་མ་བདག་ཅག་བོད་འབངས་སྐལ་བཟང་ཞེས། །ཡིད་ནི་རྨད་བྱུང་བདེ་ལ་རོལ་བ་ཡིས། །ཡོངས་སུ་བསྐྱབ་པའི་གཞན་གྱི་དབང་གྱུར་པས། །མཁས་པའི་མཆོག་གྱུར་དེས་མཛད་རྒྱན་གྱི་ནི། །རྟོགས་དཀའི་གནས་ལ་བརྗེད་བྱང་མདོ་ཙམ་བྲི། །”[༢]ཞེས་མཁན་ཆེན་ཁོང་དང་ཁོང་གི་བསྟན་བཅོས། མཛད་པ། གང་གིས་གདན་འདྲེན་པའི་བཙན་པོ་སོགས་ལ་ཆེ་བསྟོད་གནང་ཞིང་། ཁོང་གི་གསུང་རབ་ཀྱི་འཕྲིན་ལས་རྒྱུན་འཛིན་དར་སྤེལ་བྱ་བ་དེ་དྲིན་གཟོ་བའི་ཐབས་ལམ་ཉག་གཅིག་ཡིན་པ་གསུངས་པ་ལྟར། ཁོང་ནི་བོད་བརྒྱུད་ནང་ཆོས་སྤྱི་དང་དབུ་མའི་ལྟ་གྲུབ་ཀྱི་ཐད་མཛད་པ་བླ་ན་མཐོ་བ། བོད་ཀྱི་དགོན་སྡེ་སྔ་ཤོས་བསམ་ཡས་དགོན་པ་བཞེངས་པ་པོའི་གྲས་དང་། བོད་དུ་རབ་བྱུང་གི་སྡོམ་རྒྱུན་ཐོག་མར་སྤེལ་བ་པོ་སོགས་ཡིན་པས་བོད་ཀྱི་རིག་གནས་ལོ་རྒྱུས་ལ་འབྲེལ་ཟབ་ཅིང་། བཀའ་དྲིན་གཞན་ལས་ཆེ་བས་ངེས་པར་ཁོང་གི་གསུང་རབ་དག་ལ་གཞན་ལས་རྩིས་ཆེ་བ་བྱས་ཏེ་ལྷ་ཁང་དང་མཆོད་རྟེན་གྱི་སྦུག་ཏུ་མི་འཇོག་པར་མདུན་དུ་ཁ་ཕྱེ་ཞིང་ཚིག་དོན་གཉིས་ཆར་ནས་ཞིབ་འཇུག་དང་སྲུང་སྤེལ་བྱ་རྒྱུ་གལ་ཆེའོ། །
༢ འགྲེལ་པ་མཛད་པ་པོ།
འགྲེལ་བ་མཛད་པ་པོ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་ཞིང་། མཁན་ཆེན་ཞི་བ་འཚོའི་སློབ་མ་དང་། ནཱ་ལེནྡྲའི་མཁས་པ། རང་རྒྱུད་ཤར་གསུམ་མཁན་པོའི་ནང་ཚན་བཅས་ཡིན། གྲུབ་མཐའ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པར་གཏོགས། དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོད་ལ་བྱོན། བསམ་ཡས་དགོན་པར་སྟོན་རྩེན་གྱི་རྩོད་པ་ལ་ཞུགས། བོད་ཡུལ་དུ་ཀླུ་སྒྲུབ་ལུགས་ཀྱི་དབུ་མའི་ལྟ་གྲུབ་སྤེལ་ཞིང་སྒོམ་རིམ་གསུམ་སོགས་མཛད། བོད་དུ་སངས་རྒྱས་པའི་ཆོས་དང་ལྷག་ཏུ་ནཱ་ལེནྡྲ་ནས་བརྒྱུད་པའི་ཐེག་ཆེན་གྱི་གྲུབ་མཐའ་དར་བ་ལ་མཛད་རྗེས་ཤིན་ཏུ་ཆེ། མཐར་བསམ་ཡས་སུ་སྐུ་དཀྲོངས་པར་གྲགས། བཀྲོངས་རྐྱེན་ནི། 《དབའ་བཞེད》དུ། “ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱི་གཤེད་མ་བཏང་ནས་ནུབ་མོ་སྒྲ་བསྒྱུར་〈སྒྱུར〉གྱི་གཟིམས་མལ་དུ་མཁལ་མ་མཉེས་ནས་བཀྲོངས། ”[༣]ཞེས་འཁོད་ཡོད། ཡང་ 《ཉང་རལ་ཆོས་འབྱུང》དུ། “ནུབ་མོར་སྒྲ་བསྒྱུར་གྱི་ཁང་པར་ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱི་གཤེད་མ་བཏང་ནས་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་ཀྱང་ཟེར་ཏེ། དེ་ནི་གཡོག་པོ་གསེར་གཉེར་བ་རྒྱ་གར་དྷ་ན་ཤྲཱི་བྱ་བས་བསད་པ་ཡིན་ནོ། །”[༤] ཞེས་འཁོད་ཡོད། གང་ལྟར་སྐབས་དེར་བོན་བན་བར་གྱི་འགལ་རྩོད་དང་སྟོན་རྩེན་བར་གྱི་འགལ་རྩོད་སོགས་ཆོས་ལུགས་ཀྱི་འགལ་བ་ཛ་དྲག་ཡོད་པའི་དུས་སྐབས་ཡིན་རྐྱེན། ཞི་འཚོ་དཔོན་སློབ་གཉིས་ཀ་རང་བཞིན་མིན་པར་སྐུ་གཤེགས་པ་དེར་རྒྱུ་མཚན་གཞན་ཞིག་ཡོད་སྲིད་མོད། འདི་དང་འདིའོ་ཞེས་ཚོད་དཔག་བྱ་ཐབས་བྲལ། གསུང་རྩོམ་བོད་དུ་བསྒྱུར་བ་ལ། 《དབུ་མ་སྣང་བ།》 《སྒོམ་རིམ་གསུམ།》 《དབུ་མ་རྒྱན་གྱི་དཀའ་འགྲེལ།》 《ཚད་ཆེན་དཀའ་འགྲེལ།》 《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ》སོགས་བཞུགས་ཡོད།
༣ རྩ་བ་སྒྱུར་བ་པོ།
བཞེད་ཚུལ་མི་མཐུན་པ་མང་དུ་ཡོད་ཀྱང་རྩ་ཆེན་ཡིག་རྙིང་དག་གཞིར་བཟུང་ན། བཙན་པོ་དར་མའི་སྲས་འོད་སྲུངས་དང་། དེའི་སྲས་དཔལ་འཁོར་བཙན། དེའི་བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན། དེའི་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་ལས་འབྲིང་བ་བཀྲ་ཤིས་མགོན་གྱི་སྲས་ཁོར་རེ་དང་སྲོང་ངེ་གཉིས་ལས་ཕྱི་མ་ཕྱིས་རབ་ཏུ་བྱུང་བའི་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཞུ་ཞིང་། སྔ་མ་རྟེན་ཁྱིམ་པར་བཞུགས་པ་ལས་སྲས་ལྷ་ལྡེ་འཁྲུངས། དེའི་སྲས་འོད་ལྡེ་དང་། བཙུན་པ་བྱང་ཆུབ་འོད་དང་། ཕོ་བྲང་ཞི་བ་འོད་གསུམ་ལས་ཆུང་བ་ཞི་བ་འོད་ནི་གཞུང་འདི་སྒྱུར་བ་པོ་ཡིན། གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི《མངའ་རིས་རྒྱལ་རབས》ཞེས་པ་རུ། འདི་པ་རབ་ཏུ་མ་བྱུང་གོང་གི་མཚན་ལ་ཡོངས་སྲོང་ལྡེ་ཞུ་བ་དང་། མེ་ཕོ་སྤྲེའུ་ཡི་ལོ་ལ་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་ནས་དགུང་ལོ་ཞེ་བཞི་པ་ལྕགས་མོ་ཡོས་ཀྱི་ལོ་ལ་སྐུ་གཤེགས་པར་གསུངས། ལྕགས་ཡོས་ལོ་འདི་ནམ་ཡིན་མིན་སོགས་ཀྱི་ཐད་དཔྱད་རྩོམ་གཞན་དུ་བྲིས་ཡོད་པས་འདིར་བསྙུང་བར་བྱ། ཡིད་རྟོན་འོས་པའི་ཡིག་རྙིང་དག་གཞིར་བཟུང་ན་ཞི་བ་འོད་ཀྱི་སྐུ་ཚེའི་སྟོད་ལ་སྲིད་ཀྱི་དབང་བཟུང་ཞིང་གཅེན་འོད་ལྡེ་དང་སྲིད་ཀྱི་དོན་དུ་ཅུང་ཟད་མ་འཆམ་པའང་བྱུང་ཡོད་སྣང་ལ། ཕྱིས་སུ་བསྙེན་པར་རྫོགས་ཏེ་གཅེན་འོད་ལྡེ་བྲུ་ཞའི་འོག་ཏུ་གྲོངས་རྗེས་ཆབ་སྲིད་ཀྱི་དབང་ཆ་ཁོང་གི་ལག་ཏུ་རང་བབ་ཏུ་བྱུང་ཡང་མ་བཟུང་བར་འོད་ལྡེའི་སྲས་ཏེ་ཁོང་གི་ཚ་བོ་རྩེ་ལྡེ་ལ་སྤྲད་པ་ཡིན་ནོ། །དེས་ན《ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ》ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་ཞེས་པའི་འགྱུར་བྱང་དུ་“བོད་ཀྱི་རྒྱལ་པོ་ཕོ་བྲང་ཞི་བ་འོད་ཀྱིས་བསྒྱུར་བ་”ཞེས་བྱུང་བ་དང་། 《ཚད་མ་རྒྱན་གྱི་འགྲེལ་བཤད》ཀྱི་འགྱུར་བྱང་དུའང་“རྒྱལ་པོའི་ཡང་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་ཁུ་དབོན་གྱི་བཀས།”ཞེས་ཁུ་བོ་ཞི་བ་འོད་དང་ཁོང་གི་ཚ་བོ་རྩེ་ལྡེ་གཉིས་ཀ་ལ་རྒྱལ་པོ་ཞེས་འབོད་པ་དེའང་སྐུ་ཚེའི་སྟོད་ལ་སྲིད་བཟུང་བ་ལ་དགོངས་པར་སྣང་ངོ་། །འོན་ཏེ་སྲིད་ཀྱི་དབང་ཡུལ་གང་དུ་དང་། དུས་ཇི་ཙམ། མངའ་ཁོངས་ཀྱི་རྒྱ་ཁྱོན་ཇི་ལྟ་བུ་དང་། གཅེན་གཅུང་མ་མཐུན་པའི་རྒྱུ་ཇི་ལྟ་བུ་ཡིན་མིན་སོགས་ཞིབ་ཏུ་འཁོད་པའི་ལོ་རྒྱུས་མ་མཇལ། དེ་བཞིན་ཁོང་གིས་ལོ་ཙཱ་མཛད་པ་ལས་ལེགས་སྦྱར་ཡང་མཁྱེན་པ་ཐེ་ཚོམ་མི་དགོས་ཀྱང་ཡུལ་གཞན་དུ་སློབ་གཉེར་ལ་ཕེབས་པ་མི་གསལ་བས་བོད་རང་དུ་སློབ་པ་ཡིན་ནམ་སྙམ་སྟེ་དེ་དག་དཔྱད་པར་བྱ།
ཁོང་ནི་བཙན་པོའི་ཁྱིམ་རྒྱུད་ནས་འཁྲུངས་པའི་ལོ་ཙཱ་བ་དང་པོ་དེ་ཡིན་ཞིང་མཛད་རྗེས་གཙོ་བོ་ནི། གཅིག གསུང་རབ་བོད་བསྒྱུར་མཛད་པ་སོགས་ལ་སྦྱིན་བདག་གི་མཐུན་འགྱུར་མཛད་ཡོད། དཔེར་ན་ལོ་ཆེན་རིན་བཟང་གི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའི《རྩོད་པའི་རིགས་པའི》འགྱུར་བྱང་དུ། “དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང་། དཔལ་ལྷ་བཙན་པོ་ཁྲི་བཀྲ་ཤིས་མངའ་བདག་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས་ཀྱི་བཀས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པའོ། །”[༥]ཞེས་འཁོད་ཡོད་ཅིང་། དེ་བཞིན《ཚད་མ་རྒྱན་གྱི་འགྲེལ་བཤད་རྒྱལ་བ་ཅན་གྱིས་མཛད་པ》མང་འོར་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བ་ཡང་ཞི་བ་འོད་ཀྱིས་མཐུན་འགྱུར་འོག་བསྒྱུར་མཛད་པ་འགྱུར་བྱང་དུ་འཁོད།
གཉིས། ཁོང་ཉིད་ཀྱིས་ལོ་ཙཱ་མཛད་ནས་གསུང་རབ་མང་པོ་བོད་འགྱུར་གནང་ཡོད། དཔེར་ན《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》དང་། 《ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ།》 《དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པའི་སྨད་འགྲེལ》ལོ་ཙཱ་བ་རིན་ཆེན་བཟང་པོས་ཅི་རིགས་པ་བསྒྱུར་བ་ལ་ཁོང་གིས་ཁ་བསྐངས་ཏེ་བསྒྱུར་བ་དང་། 《ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ》ཞེས་བྱ་བ་སོགས་བོད་བསྒྱུར་གནང་ཡོད།
གསུམ། ཇི་ལྟར་ཁོང་གི་ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཀྱི་སྔགས་པ་རྣམས་ལ་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་བཀྲམ་པ་ལྟར། ཁོང་གིས་ཀྱང་བོད་ཀྱི་ཆོས་པ་རྣམས་ལ་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག[༥]་བརྫངས་ཏེ། སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་སྔགས་ལ་བསྙད་བཏགས་ཏེ་སྤྱོད་པ་འཆལ་འཆོལ་ཅན་རྣམས་ལ་སུན་འབྱིན་བྱས་ནས་བསྟན་པ་ལ་དག་ཐེར་གནང་ཡོད།
བཞི། གུ་གེ་མཁན་ཆེན་གྱི《མངའ་རིས་རྒྱལ་རབས》ཞེས་པ་རུ། “བླ་མ་པཎྜི་ཏ་མཁས་པ་ཆེན་པོ། འཛམ་བུ་གླིང་གི་གཙུག་གི་ནོར་བུ། མཁས་པ་ཀུན་གྱི་གཙོ་བོ་ཛྙཱ་ན་ཤྲི་མི་ཊ་དང་། རྒྱ་གར་ནས་ཀྱི་མཁས་པ་ཆེན་པོ་ཨ་ཏི་ཤ་ཤྲི་མི་ཏྲ་དང་དེ་བ་ཛྙ་དང་། ཁ་ཆེའི་མཁས་པ་ཆེན་པོ་ར་ཧན་ཏ་དང་། མཁས་པ་ཆེན་པོ་གག་ཏྲ་ཀ་ལ་སོགས་པ་རྒྱ་གར་དང་། ཁ་ཆེའི་མཁས་པ་མང་པོ་སྤྱན་དྲངས་པ་དང་།”[༧]ཞེས་འཁོད་པ་ལྟར་རྒྱ་གར་གྱི་མཁས་པ་མང་པོ་བོད་དུ་གདན་དྲངས་པར་མཛད་ཡོད།
ལྔ། 《མངའ་རིས་རྒྱལ་རབས》སུ་ཞིབ་ཙམ་འཁོད་པ་ལྟར་གཙུག་ལག་ཁང་གསར་བཞེངས་དང་ཉམས་གསོ། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཀྱི་མཛད་པ་ཡང་མང་དུ་བསྐྱངས་ཡོད་པ་ཡིན། གཞན་ཡང་འགོས་ཀྱི《དེབ་སྔོན》དུ། “སྤྱིར་ན་མངའ་རིས་སྟོད་ཀྱི་རྒྱལ་པོ་དེ་རྣམས་ཀྱིས་བསྟན་པའི་ཞབས་ཏོག་བགྱིས་པ་དེ་ལྟ་བུ་ནི་ཡུལ་གཞན་གང་ན་ཡང་མ་མཆིས། །”[༨]ཞེས་གསུངས་པ་ལྟར་མངའ་རིས་ཆོས་རྒྱལ་དག་གིས་བསྟན་པ་ལ་བྱ་བ་མང་དུ་མཛད་ཡོད་ངེས་ཀྱང་དེ་དག་རྒྱས་པ་ལོ་རྒྱུས་ཀྱི་ཡིག་ལམ་དུ་མི་གསལ་བ་ནི་ཤིན་ཏུ་ཕངས། འགོས་ཀྱི《དེབ་སྔོན》དུ་ཡང། “(ལྷ་ལྡེ)དེའི་རྒྱལ་ཚབ་འོད་ལྡེ། དེ་ལ་གཅུང་པོ་གཉིས་ཡོད་པའི་ལྷ་བཙུན་བྱང་ཆུབ་འོད་ཆེ་བ། ཆུང་བ་དགེ་སློང་ཞི་བ་འོད་ཅེས་བྱ་བ་བསྟན་པ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་ཤིང་ལོ་ཙཱ་ཡང་ཤིན་ཏུ་མཁས་པ་མཁྱེན་པ་ཞིག་བཞུགས།”[༩]ཞེས་པ་ཙམ་ལས་འཁོད་མེད།
སྐབས་བབ《ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི》འགྱུར་བྱང་དུ ། “གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ། རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།”ཞེས་གང་དུ་བསྒྱུར་བའི་གནས། བསྒྱུར་གྱི་རོགས་པ་རྒྱ་གར་གྱི་མཁན་པོ་དང་། གང་གིས་སྒྱུར་བ་པོ་ཁོང་གི་མཚན་བཅས་བཀོད་ཡོད། ད་དུང་འགྱུར་བྱང་དེར། “གྲངས་ཅན་གཅེར་བུ་བྱེ་བྲག་པ་དང་རྒྱང་ཕན་རིག་པ་ཅན་དང་སངས་རྒྱས་དེ་དག་གི་ཕྱོགས་ནི། །ཆུ་ཀླུང་པ་དང་ཙ་ར་ཀ་དང་དུས་སྨྲ་སྤྱོད་པ་བརྡ་སྤྲོད་ཞི་བ་ཚངས་དང་སྣ་ཚོགས་ཚལ། །སྒྲ་ཡི་ཚངས་པ་རིག་བྱེད་མཐའ་དང་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི། །བྱེ་བྲག་ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་འདི་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར། །”[༡༠]ཞེས་ཚིགས་རྐང་བཞི་བྲིས་ཡོད་ཅིང་། དེའི་ནང་དུ《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》འི་བརྗོད་དོན་རགས་བསྡུས་དང་བསྒྱུར་བའི་དགོས་པ་བཅས་གསུངས་མཛད། 《དཀར་ཆག་ལྡན་དཀར་མ》རུ།“བསྟན་བཅོས་བསྒྱུར་འཕྲོ་ལ།”ཞེས་པ་ནས།“ཚད་མའི་དེ་ཁོ་ན་བསྡུས་པ་རྩ་བ་དང་འགྲེལ་པ་བཅས་པ་གཉིས།”[༡༡]ཞེས་འཁོད་ཡོད་ཀྱང་། ད་ཡོད་རྩ་འགྲེལ་གྱི་འགྱུར་བྱང་དུ་དེའི་སྐོར་མི་གསལ།
༤ འགྲེལ་པ་སྒྱུར་བ་པོ།
གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བ་ཡིན་ཏེ།《དཀའ་འགྲེལ》དེ་ཉིད་ཀྱི་འགྱུར་བྱང་དུ། “རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་བེན་དྲ་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར། ”[༡༢] ཞེས་འཁོད། འོ་ན་གྲགས་འབྱོར་ཤེས་རབ་ཅེས་པ་གང་ཞེ་ན།《མཁས་པའི་དགའ་སྟོན》[༡༣]དུ་མངའ་རིས་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཁྱེའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་མངགས་པའི་ནང་གཉིས་ཁོ་ན་ལུས་པའི་ནང་གི་ལོ་ཆུང་དེ་ལ་གོ་དགོས་པར་གསུངས། འོན་ཀྱང་བུ་སྟོན་གྱི《བདེ་མཆོག་ཆོས་འབྱུང》དང་། ས་སྐྱའི་མཁས་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི《བཀའ་གདམས་ཆོས་འབྱུང》[༡༤]དང《གསང་བདེ་འཇིགས་གསུམ་གྱི་ཆོས་འབྱུང་།》[༡༥]མང་ཐོས་ཀླུ་སྒྲུབ་ཀྱི《བསྟན་རྩིས་གསལ་བའི་ཉིན་བྱེད》[༡༦]སོགས་སུ་གྲགས་འབྱོར་ཤེས་རབ་ནི་མར་དོ་བ་དང་ལོ་ཆེ་ཆུང་དུ་བསྡེབས་པའི་ལོ་ཆུང་ཡིན་པར་གསུངས་ཤིང་། དེ་དང་ལོ་ཆེན་རིན་བཟང་གི་སྐུ་མཆེད་ལོ་ཆུང་གཉིས་གང་ཟག་སོ་སོ་བར་བཞེད་དེ་འདི་ལ་རྒྱུ་མཚན་མང་ཙམ་མཐོང་། དེའི་སྐོར་གྱི་དཔྱད་པ་ཞིབ་ཙམ་གཞན་དུ་བྲིས་ཡོད་པས་འདིར་མི་གླེང་། ཡང་ལོ་རྒྱུས་འགའ་ཞིག་ཏུ་ལོ་ཆུང་ལེགས་ཤེར་དང་རྔོག་ལེགས་ཤེར་གཉིས་གཅིག་ཏུ་འདོད་མཁན་བྱུང་ཡང་། དེ་ནི་མི་འགྲིག་སྟེ། དེའི་སྐོར《བསྟན་རྩིས་གསལ་བའི་ཉིན་བྱེད》དུ་སྔ་མོ་ནས་བཀག་པ་ལྟར་ཡིན། གུ་གེའི་ཁྱི་ཐང་བ་ཛྙཱ་ན་ཤྲིའི་ལོ་ཆེན་རིན་བཟང་གི་རྣམ་ཐར་དུ་ཡང་ལོ་ཆུང་ལེགས་པའི་ཤེས་རབ་དང་ལོ་ཆེན་གཉིས་ཕ་སྤུན་གྱི་སྤུན་མཆེད་ཡིན་པ་དང་སྤུན་ཆེ་བའི་སྲས་ལོ་ཆེན་དང་ཆུང་བའི་སྲས་ལོ་ཆུང་ཡིན་པར་བཤད་པས་ཁོང་གི་འཁྲུངས་ཡུལ་མངའ་རིས་ནས་ཡིན་པ་ངེས་ལ། “རིགས་ནི་གཡུ་སྒྲ་གཤིན་བརྒྱུད་ཡིན་ལ”ཞེས་པ་ལས་རུས་རྔོག་ཡིན་པ་བཤད་མེད། དེ་བཞིན་སྤྱི་ལོ(༡༠༥༥)ལོ་ཆེན་འདས་ཤིང་། ལོ་ཆེན་ལོ་ཆུང་དང་མཉམ་དུ་ཁ་ཆེར་ཕེབས་པའི་དུས་ནི་དེའི་སྔོན་གྱི་སྤྱི་ལོ་(༡༠༡༢)ཙམ་ཞིག་ལ་ཁེལ་ཡོད། འོན་ཀྱང་རྔོག་ལེགས་ཤེར་ནི་ཇོ་བོ་བོད་དུ་ཕེབས་རྗེས་སུ་གཞི་ནས་དབུས་སུ་ཕེབས་པ་དང་། དེའི་སྔོན་དུ་ཁམས་སུ་སློབ་གཉེར་མཛད་པ་ལས་ཁ་ཆེ་རུ་ཕེབས་པའི་སྐོར་ཚད་ལྡན་ལོ་རྒྱུས་གང་དུ་ཡང་མི་གསལ། དེས་ན་རྔོག་ལེགས་པའི་ཤེས་རབ་ནི་ལོ་ཆེན་དང་བསྡེབས་པའི་ལོ་ཆུང་ཡིན་མི་སྲིད་པ་ཤེས་སླའོ། །
ཁོང་གིས་བསྒྱུར་བའི་གཞུང་མང་པོ་ཞིག《བསྟན་འགྱུར》དུ་བཞུགས་ཤིང་། 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ》གྱི་འགྱུར་བྱང་དུ། “བརྩེ་ལྡན་བདེ་བར་གཤེགས་པའི་བཀའ། །ཀུན་ལ་རབ་འབྱམས་རྟོག་གེའི་གཙོ། །ཆོས་ཀྱི་གྲགས་པ་གཉིས་པ་དེས། །གསལ་བའི་ཚིག་གིས་བཀོད་གཞུང་འདི། །བདག་གཞན་གཞུང་ལུགས་རྒྱ་མཚོ་ཡི། །མཐར་སོན་མཁས་པ་ལྷ་དབང་བློ། །བསྙེན་ལས་གྲུབ་མཐའ་མཐའ་དག་ལ། །བློ་ཡི་སྣང་བ་ཐོབ་ནས་བསྒྱུར། །སྔོན་གྱི་སྒྱུར་བྱེད་མཁས་རྣམས་ཀྱིས། །ཇི་ལྟའི་བགྲོད་ལམ་ཆེ་རྣམས་ཀྱིས། །འབད་པས་མཐོང་བར་མ་གྱུར་གང་། །ཅི་ཞིག་ལྟར་ཏེ་བདག་གིས་ཏེ། །བདག་ནི་བརྩོན་དང་མི་ལྡན་ཞིང་། །ཤེས་རབ་ལྷག་པ་མེད་མོད་ཀྱང་། །འདི་ལྟ་དོན་དང་རྗེས་མཐུན་ཞིང་། །ཚིག་གི་སྡེབ་སྦྱོར་རབ་གསལ་བ། །རྫོགས་སངས་རྒྱས་ཀྱིས་བྱིན་རླབས་སམ། །སྐྱེ་བ་གཞན་དུ་གོམས་པར་ངེས། །འོན་ཀྱང་བརྩོན་འགྲུས་རྩོམ་རྣམས་ཀྱིས། །ཉེས་པ་དོར་ལ་ལེགས་པ་ལོངས། །དཔལ་ལྡན་རིགས་གསུམ་མགོན་པོའི་རྒྱུད། །སྟོད་རིས་མུན་པའི་སྣང་གྱུར་བའི། །རྗེ་རྒྱལ་བྱང་ཆུབ་སེམས་དཔའི་དཔོན། །བརྟན་ཞིང་མི་འགྱུར་གཟི་བརྗིད་ལྡན། །དགོངས་ཟབ་དམ་པའི་ལམ་ལ་དགྱེས། །མཐའ་བཞིའི་རྒྱལ་ཕྲན་ཟིལ་གནོན་པ། །མངའ་བདག་དབང་ཕྱུག་དམ་པའི་རྗེ། །བསོད་ནམས་རྩེ་ཡི་བཀས་བསྐུལ་ནས། །གཞུང་ལུགས་ངན་པ་ཀུན་འཇོམས་ཤིང་། །བདེ་བཤེགས་བསྟན་པ་གསལ་བྱེད་པ། །དཔལ་ལྡན་པད་མའི་ངང་ཚུལ་གྱི། །དོན་ཆེན་ལྡན་པའི་བསྟན་བཅོས་འདི། །བསྒྱུར་བའི་དགེ་བས་བདག་གཞན་ཀུན། །ལྟ་ངན་ཐམས་ཅད་རབ་བཅོམ་ནས། །བཀུར་བར་དཀའ་བའི་སངས་རྒྱས་ཀྱི། །བསྟན་པ་ཡུན་རིང་འཛིན་པར་ཤོག །འདི་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང་ཡོད། །བམ་པོ་དྲུག་ཅུར་བྱས་སོ། ། ”[༡༧]ཞེས་འཁོད་ཡོད་ཅིང་། དེའི་ནང་གི་བརྗོད་བྱ་གཙོ་བོ་ཁག་ལྔར་འདུས་ཏེ། གཅིག །བསྒྱུར་བྱ་ངོས་བཟུང་ནས་དེ་ཉིད་ཀྱི་ཆེ་བ་བསྟན་པ། གཉིས། བླ་མ་གང་ལ་བསྟེན་ནས་གྲུབ་མཐའ་མཐའ་དག་ལ་གོ་བ་བརྙེས་ཏེ་བསྒྱུར་བ་བསྟན་པ། གསུམ། སྒྱུར་བ་པོ་རང་ཉིད་ཀྱི་ཉེས་པས་སྔོན་གྱི་སྒྱུར་བྱེད་མཁས་པ་རྣམས་ཀྱི་དགོངས་པ་དང་མི་མཐུན་པ་བྱུང་བ་རྣམས་ལ་བཟོད་གསོལ་དང་བླང་དོར་དགོས་པ་དང་། སྤྱིར་ཁོང་གི་འགྱུར་འདི་ཚིག་དོན་གཉིས་ཀ་ནས་ཤིན་ཏུ་ལེགས་པོར་བྱུང་ཡོད་པ་དང་དེ་ཡང་སྔོན་གྱི་གོམས་པ་དང་སངས་རྒྱས་ཀྱི་བྱིན་རླབས་ལྟ་བུས་ཡིན་པར་བསྟན་པ། བཞི། གང་གིས་བསྒྱུར་བར་བསྐུལ་ཞིང་མཐུན་རྐྱེན་སྦྱོར་བའི་ཆོས་རྒྱལ་གྱི་ཆེ་བ་བརྗོད་པ། ལྔ། འགྱུར་བའི་དགེ་བ་བསྔོ་བ་བཅས་སོ། །འགྱུར་བྱང་དེར་ཁོང་གིས་རང་གི་བླ་མ་ལྷ་དབང་བློ་ཞེས་པ་ཞིག་ལ་བསྟེན་ཏེ་གྲུབ་མཐའ་མཐའ་དག་ལ་བློ་ཡི་སྣང་བ་ཐོབ་ནས་གཞུང་ལུགས་འདི་བསྒྱུར་བའི་སྤོབས་པ་བརྙེས་པ་བསྟན་པས་བླ་མ་དེའི་བྱུང་བ་དཔྱད་དགོས། འདིར་གང་གིས་བསྒྱུར་བ་སྐུལ་བ་པོ་བསོད་ནམས་རྩེ་ཞེས་པའི་རྒྱལ་པོ་དེ་ནི་རྩེ་ལྡེའི་དབོན་པོ་དང་དབང་ལྡེའི་སྲས་ཏེ་ཆེན་ཚ་བསོད་ནམས་རྩེ་ཞེས་པ་དེ་ཡིན་ནོ། །
གཉིས། 《ཚད་ཆེན》རྩ་འགྲེལ་གྱི་དམིགས་བསལ་ཁྱད་ཆོས།
༡ ལོ་ཙཱ་བ་སྔ་མ་ཚོས་རྒྱ་གར་གྱི་གསུང་རབ་འབོར་ཆེན་ཞིག་བོད་ཡིག་ཏུ་བསྒྱུར་ཡོད་ཀྱང་དེའི་ནང་དུ་མུ་སྟེགས་པའི་མཁས་པ་དག་གིས་བརྩམས་པའི་གཞུང་ལུགས་གཅིག་ཀྱང་ཆ་ཚང་བསྒྱུར་བ་ད་ལྟ་མཐོང་དུ་མེད། འོན་ཀྱང་སངས་རྒྱས་པའི་གཞུང་ལུགས་རིམ་བྱུང་དུ་སྐབས་དེ་དང་དེའི་མུ་སྟེགས་པའི་མཁས་པ་དག་གི་ལྟ་གྲུབ་ལ་སུན་འབྱིན་བྱས་པ་བགྲང་གིས་མི་ལང་། ཕྱིས་ཀྱི་སློབ་གཉེར་བ་དག་གིས་དེ་དག་ལ་ཞིབ་འཇུག་བྱ་སྐབས་ཕྱོགས་སྔ་མའི་ལྟ་གྲུབ་ཀྱི་དཔྱད་གཞི་དཀོན་པའི་དབང་གིས་དེའི་འདོད་ཚུལ་ཞིབ་ཚགས་ཤེས་པ་ལ་དཀའ་ངལ་ཞིག་རྒྱུན་དུ་ཕྲད་ཀྱི་ཡོད། ཕྱོགས་སྔའི་འདོད་ཚུལ་ཇི་བཞིན་མ་ཤེས་ན་དེ་བཀག་པའི་གཞུང་ལུགས་དག་ལ་གོ་བ་ལེགས་པོ་ཆགས་རྒྱུ་དེའང་ཅུང་ཁག་པོ་ཡིན། གནའ་བོའི་རྒྱ་གར་དུ་སངས་རྒྱས་པའི་མཁས་པ་དག་གིས་བཏོན་པའི་ལྟ་གྲུབ་དང་། དེའི་ཁ་གཏད་ཀྱི་མུ་སྟེགས་པའི་ལྟ་གྲུབ་གཉིས་གཞུང་ལུགས་ཆེ་ཤོས་ཀྱི་གཤོག་པ་གཉིས་ལྟ་བུར་ཆགས་ཡོད། ང་ཚོས་དེ་གཉིས་ཀ་བོད་ཡིག་ཏུ་ཆ་ཚང་བསྒྱུར་མ་ཐུབ་པ་ལ་གཤོག་པ་ཡ་གཅིག་མ་ཚང་བ་ལྟ་བུའི་ཕངས་སེམས་ཤིག་ཀྱང་སྐྱེ། གནས་སྟངས་དེ་ལྟ་བུའི་འོག་བོད་ཡིག་སྟེང་ནས་མུ་སྟེགས་པའི་གྲུབ་མཐའ་ཤེས་དགོས་ན་ནང་པའི་གཞུང་དུ་ཕྱོགས་སྔའི་ཚུལ་དུ་མདོར་བསྡུས་སུ་བཀོད་པ་སྐབས་དང་སྐབས་སུ་ཡོང་བ་དག་ལ་བལྟ་དགོས། 《ཚད་ཆེན》རྩ་འགྲེལ་དུ་ཕྱོགས་སྔའི་ཚུལ་དུ་མུ་སྟེགས་པ་མང་པོ་ཞིག་གི་འདོད་ཚུལ་སྣ་མང་པོ་ཅུང་ཞིབ་མོར་བཤད་ཅིང་། དེ་རྗེས་གཞི་ནས་སུན་འབྱིན་བྱས་ཡོད། དེའི་ཕྱིར《ཚད་ཆེན》རྩ་འགྲེལ་གྱིས་ང་ཚོ་ལ་མུ་སྟེགས་པ་མང་པོ་ཞིག་གི་འདོད་ཚུལ་ཤེས་པ་ལ་རྒྱུ་ཆ་རྩ་ཆེན་མཁོ་སྤྲོད་བྱས་ཡོད་པ་དང་། མུ་སྟེགས་པ་དེ་དག་གི་འདོད་པ་རིགས་པ་སྣ་མང་གི་སྒོ་ནས་བཀག་པ་ལ་ཡང་གཞུང་འདི་ལྟ་བུ་ཉུང་ངུ་ཡིན།
༢ 《ཚད་ཆེན》རྩ་འགྲེལ་ལས་ནང་པའི་གྲུབ་མཐའ་ཁག་ཅིག་གི་དམིགས་བསལ་གྱི་ལྟ་གྲུབ་དང་དེའི་བསམ་བློ་གཏད་ས་ཤེས་ཐུབ། དཔེར་ན་གནས་མ་བུ་བས་བརྟག་པའི་བདག་དགག་པ་ཞེས་པའི་ལེའུར་གནས་མ་བུ་བས་བརྗོད་དུ་མེད་པའི་བདག་ཁས་ལེན་པ་དང་། དེའི་གཞི་འཛིན་སའི་ལུང་དང་རིགས་པ་བྲིས་ཡོད། དེ་བཞིན་དུས་གསུམ་བརྟག་པའི་ལེའུར་དུས་གསུམ་རྫས་གྲུབ་ཏུ་འདོད་པའི་ནང་པའི་སློབ་དཔོན་འགའི་ལུགས་བཀོད་དེ་སུན་འབྱིན་བྱས་ཡོད། དེ་བཞིན་ཆོས་གྲགས་དང་ཐག་ཉེ་བའི་མདོ་སྡེ་པའི་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པའི《ཕྱི་རོལ་དོན་གྲུབ》ལྟ་བུ་བོད་ཡིག་ཏུ་འགྱུར་ཡང་། དེའི་འགྲེལ་པ་གང་ཡང་བོད་ཡིག་ཏུ་མ་འགྱུར་ཞིང་། བོད་པས་བརྩམས་པའི་འགྲེལ་པ་ཡང་ད་ལྟ་མཇལ་དུ་ཡོད་པ་གང་ཡང་མེད། གཞུང་དེ་མདོ་སྡེ་པའི་ལུགས་ཀྱི་ཕྱི་དོན་གྱི་སྐོར་ལ་ཞིབ་དཔྱད་བྱས་ཤིང་། ཕྱི་དོན་འགོག་པའི་གཞུང་གྲགས་ཆེན《དམིགས་བརྟག》སོགས་ལ་རྩོད་ལན་གནང་བའི་གཞུང་ཁུངས་ལེགས་ཤོས་དེ་ཡིན་མོད། འོན་ཀྱང་ད་ལྟ་བོད་དུ་འགྲེལ་པ་མ་བཞུགས་ཤིང་། ཚིགས་བཅད་ཀྱི་ཚུལ་དུ་བརྩམས་པས་གོ་ཁག་པོ་ཡོད། དེ་ལྟར་ཡང《ཚད་ཆེན》རྩ་འགྲེལ་གྱི་ཕྱི་རོལ་གྱི་དོན་བརྟག་པའི་ལེའུ་ཞེས་པར་དགེ་སྲུངས་ཀྱི་འདོད་པ་མང་པོ་ཞིག་ཕྱོགས་སྔ་མའི་ཚུལ་དུ་བཀོད་ནས་བཀག་ཡོད་པས《ཕྱི་རོལ་དོན་གྲུབ》ཀྱི་གཞུང་ལ་གོ་བ་ལེན་པའི་མཐུན་རྐྱེན་ཅུང་ཟད་ཅིག་བསྐྲུན་ཡོད། དེ་དང་མཉམ་དུ་ཕྱི་དོན་ཁས་ལེན་པ་དག་གི་རིགས་པའི་གཞི་འཛིན་ས་ཡང་མང་པོ་ཞིག་ཤེས་ཐུབ།
༣ བོད་ཀྱི་ཚད་གཞུང་དག་ཏུ་ནང་མའི་ཚད་མའི་གཞུང་ལུགས་ཀྱི་ཁུངས་ངོ་མ་མདོ་ལ་གཏུགས་ཡོད་པ་ཚང་མས་མཁྱེན་ངེས། དཔེར་ན་འབྲས་རྟགས་དང་། རང་བཞིན་གྱི་རྟགས། མི་སྣང་བ་མི་དམིགས་པའི་རྟགས་དང་། སྣང་རུང་མི་དམིགས་པའི་རྟགས། མངོན་སུམ། རྗེས་དཔག་སོགས་ཀྱི་ཁུངས་ལ་མདོ་ལུང་རེ་འདྲེན་རྒྱུ་ཡོད་པ་ལྟ་བུའོ། །དེ་ལྟར་ཚད་མའི་ཁུངས་མདོ་ལུང་དང་སྦྱོར་བའི་སྲོལ་དེ《རྣམ་འགྲེལ་ལེའུ་གཉིས་པ》རུ་མདོ་ཙམ་འཁོད་པ་ནས《ཚད་ཆེན་དཀའ་འགྲེལ་གྱི་ལེའུ་དང་པོ》རུ་རྒྱས་པ་བཀོད་ཡོད། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི《རིགས་པའི་ཐིགས་པ་ཕྱོགས་སྔ་མ་མདོར་བསྡུས་པ》ཞེས་པ་ཡང་དེའི་སྐོར་གསལ་བར་བྲིས་ཡོད། དེས་ན་ཚད་མའི་ནང་གི་བརྗོད་གཞི་གལ་ཆེན་ཁག་གཅིག་གི་ཁུངས་མདོ་ལ་གཏུགས་པའི་སྲོལ་དེ་བོད་ཀྱི་སྐད་ཆ་གསར་པ་ཞིག་མིན་པར་ཆོས་གྲགས་དང་ལྷག་ཏུ་ཀ་མ་ལ་ཤཱི་ལའི་གཞུང་གི་རྗེས་སུ་འབྲངས་ཏེ་སྨྲས་པ་ཤེས་ཐུབ་ཅིང། མདོ་དང་ཇི་ལྟར་སྦྱར་བ་ཡང་གཞུང་འདི་ལས་གསལ་བར་རྟོགས་པར་ནུས།
༤ 《ཚད་ཆེན 》རྩ་འགྲེལ་ནི་ཕྱོགས་གླང་ཆོས་གྲགས་ཀྱི་ཚད་གཞུང་དག་གི་ཐད་ཀའི་འགྲེལ་པ་མིན་མོད། འོན་ཀྱང་དེ་དག་གི་གནད་ཇི་བཞིན་མི་གོ་བ་མང་པོ་ཞིག་ལ་གཞུང་འདིས་བློ་སྒོ་ཕྱེ་ཡོད། དེ་ཡང་རྒྱ་གར་མཁས་པ་དག་གི་གཞུང་ལ་ལྟ་སྐབས་རིགས་པའི་འགྲོས་མང་པོ་ཞིག་སྤྱི་འགྲོས་ལྟ་བུར་མཐོང་ཐུབ། དཔེར་ན་བདག་སྐྱེ་ཁས་ལེན་པ་ལ་སྐྱེ་བ་དོན་མེད་དང་ཐུག་མེད་ཀྱི་ཉེས་པ་བཏང་པ་ལྟ་བུ་ལྟ་གྲུབ་མི་གཅིག་པའི་རྩོམ་པ་པོ་མང་པོའི་གཞུང་མི་འདྲ་བ་མང་པོར་འཇལ་རྒྱུ་ཡོད་པ་ལྟ་བུ་ཡིན། ལྷག་ཏུ་ཚད་གཞུང་མི་འདྲ་བ་དག་ལ་རིགས་པའི་སྤྱི་འགྲོས་མཐུན་པ་མང་པོ་ཞིག་མཇལ་རྒྱུ་ཡོད་ཅིང་། དེ་དག་གཞུང་གཅིག་ཏུ་དེ་ཙམ་མི་གསལ་བ་དེ་གཞུང་གཞན་གྱིས་ཁ་གསབ་བྱ་ཐུབ། དེའི་ཕྱིར《ཚད་ཆེན》རྩ་འགྲེལ་ལ་བརྟེན་ནས《རྣམ་འགྲེལ》དང《རྣམ་ངེས》ཀྱི་གཞུང་གི་རིགས་ལམ་མང་པོ་ཞིག་ལ་ཁ་སྣོན་བྱ་ཐུབ་པ་དང་། ཚིག་དོན་གོ་དཀའ་བ་འགའ་ལ་འགྲེལ་པ་བྱ་ཐུབ། དཔེར་ན་འཇིག་རྟེན་རྒྱང་པན་པ་བརྟག་པའི་ལེའུ་ལྟ་བུར་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་ཞིབ་ཚགས་ཀྱིས་བཀོད་ཡོད་པས་དེས《རྣམ་འགྲེལ》གྱི་དོན་གནད་འགའ་ཞིག་གོ་ཇེ་སླ་རུ་སོང་ཡོད་ཅིང་། དེར་མི་གསལ་བའི་རིགས་པ་གཞན་དག་ཀྱང་ཁ་སྣོན་བྱས་ཡོད། དཔེར་ན་མེ་དུ་ལྟ་བུ་རྒྱུ་འབྲས་ཡིན་པ་ཅིས་མངོན་ཞེ་ན། ཚད་མ་བ་དག་གིས་དེ་ནི་མི་དམིགས་པ་སྔོན་དུ་འགྲོ་བའི་དམིགས་པ་དང་། དམིགས་པ་སྔོན་དུ་འགྲོ་བའི་མ་དམིགས་པ་སྟེ། ཚད་མ་དེ་དག་གིས་རྟོགས་ཐུབ་པའི་ཚུལ་སྨྲ། འོན་ཀྱང་ལུས་སེམས་གཉིས་ལ་དེ་ལྟ་བུ་རྒྱུ་འབྲས་སུ་རྟོགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རྒྱུ་འབྲས་སུ་ཐག་མི་ཆོད་པའི་སྐོར་བྲིས་པ་ལྟ་བུ་ 《རྣམ་འགྲེལ》ལེའུ་གཉིས་པར་མི་གསལ(འོན་ཀྱང་ལྷ་དབང་བློའི་འགྲེལ་པར་ཉིང་བསྡུས་ཤིག་འཁོད་ཡོད།)། ཡང་ཤེས་པ་ལ་ཐོག་མ་ཞིག་ཡོད་ན་དེ་རྟོག་པ་དང་རྟོག་མེད་གང་ཡིན་གྱི་དཔྱད་པ་ཞིག་བྱས་ནས་ཤེས་པའི་རྒྱུན་གྱི་ཐོག་མ་འཇོག་པ་ལ་གནོད་བྱེད་རྒྱས་པ་བཀོད་ཡོད་པ་ལྟ་བུ་ཡང་ལེའུ་གཉིས་པར་མི་གསལ། དེ་བཞིན་ཕྱོགས་གླང་གི་སློབ་མ་ཁག་གཅིག་གིས་ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་ཡིད་ཤེས་སུ་འདོད་པར་སྣང་ལ། དེ་འགོག་པའི་རིགས་པ《རྣམ་འགྲེལ》ལེའུ་གསུམ་པར་གསུངས་ཡོད། འོན་ཀྱང་དེ་ལས་འཕྲོས་པའི་དོགས་པ་དང་དོགས་ལན་ཁག་གཅིག《ཚད་ཆེན》རྩ་འགྲེལ་ལས《རྣམ་འགྲེལ》གྱི་འགྲེལ་པ་དང་འགྲེལ་བཤད་དུ་མི་འབྱུང་སྟེ། དེ་ལྟ་བུ་རིགས་པ་གསར་པ་ཡང་མང་པོ་ཞིག་མཐོང་ཐུབ། གཞན་ཡང་གཞུང་འདིར་བཀག་པའི་མུ་སྟེགས་པའི་སློབ་དཔོན་འགའ་ཞིག་ནི་ཕྱིས་སུ་བྱུང་བ་ཡིན་པས་དེ་དག་གི་འདོད་པ་དང་དེ་འགོག་པའི་རིགས་པ་དག་ཀྱང་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དང་དེའི་འགྲེལ་པ་དག་ཏུ་མི་གསལ། རིགས་པ་མང་པོ་ཞིག་ཚད་གཞུང་གཞན་དུ་ཡང་འབྱུང་མོད། འོན་ཀྱང་དེ་དག་ལས་ཀྱང་འགའ་ཞིག་འདིར་ཁ་གསལ་ཞིང་ཆ་ཚང་ལ་མཐུན་པ་ཕྱོགས་གཅིག་ཏུ་བསྡུས་པའི་ཁྱད་ཆོས་ཡོད།
༥ 《ཚད་ཆེན》རྩ་འགྲེལ་དུ་ཚད་མའི་ལོ་རྒྱུས་ནང་གི་མི་སྣ་གནད་ཅན་མང་པོ་ཞིག་གི་མཚན་འཁོད་པ། དཔེར་ན་བྱེ་བྲག་པའི་སློབ་དཔོན་བདེ་བྱེད་བདག་པོ། གསལ་བྱེད་པ། སྣང་བྲལ། རི་ཁྲོད་པ། རྣ་བ་མ་ཕུག་པ། བློ་གྲོས་བཟང་པོ། འོད་བྱེད་པ། རི་ཁྲོད་རྗེ། གཞོན་ནུ་མ་ལེན་སོགས་ཀྱི་མིང་འཁོད་ཡོད་ཅིང་། ད་དུང་ནང་པའི་སློབ་དཔོན་དཔའ་བོ་དང་དགེ་སྲུངས་སོགས་ཀྱི་མཚན་འཁོད་པ་མ་ཟད་དེ་དག་གི་གཞུང་ལུགས་ཀྱི་ལུང་ཡང་འགའ་ཤས་དྲངས་པ་དང་། ལ་ལའི་འདོད་ཚུལ་ཅི་རིགས་ཤིག་བྲིས་ཡོད་པས་མི་སྣ་དེ་དག་གི་དུས་ཀྱི་བྱུང་རིམ་དང་། འདོད་ཚུལ་ཕྲན་ཚེགས་ཤེས་པ་ལ་རྒྱུ་ཆ་མཁོ་སྤྲོད་བྱ་ཐུབ།
གསུམ། 《ཚད་ཆེན》རྩ་འགྲེལ་གྱི་བརྗོད་བྱ།
ཇི་ལྟར《ཚད་ཆེན》རང་ལ་ལེའུ་སུམ་ཅུ་ཡོད་པ་ལྟར་དེའི《དཀའ་འགྲེལ》ལ་ཡང་ལེའུ་སུམ་ཅུ་ཡོད། ལེའུ་དང་པོའི་མིང་ལ་རང་བཞིན་བརྟག་པ་ཞེས་ཟེར། བརྗོད་བྱ། གྲངས་ཅན་པའི་འདོད་ཚུལ་ཏེ་སྤྱི་གཙོ་བོ་སྣོད་བཅུད་ཀྱི་རྣམ་འགྱུར་རྣམས་ཀྱི་རྒྱུ་ཡིན་པའི་ལྟ་གྲུབ་བཀོད་ཅིང་། དེའི་མི་འཐད་པའི་ཆ་དག་སུན་འབྱིན་བྱས་ཡོད།
ལེའུ་གཉིས་པའི་མིང་ལ་དབང་ཕྱུག་བརྟག་པ་ཞེས་ཟེར། བརྗོད་བྱ། རིགས་པ་ཅན་སོགས་ཀྱི་འདོད་ཚུལ་སྟེ། རྒྱུ་མེད་དང་རྟག་པ་རང་བྱུང་གི་དབང་ཕྱུག་ཅེས་པས་སྣོད་བཅུད་རྣམས་ཇི་ལྟར་བྱས་པར་འདོད་པ་བཀོད་ཅིང་། དེ་ལ་སུན་འབྱིན་བྱས་ཏེ། འཇིག་རྟེན་བྱེད་པོ་མི་འཐད་པ་གསལ་བར་བསྟན་ཡོད། འདིའི་སྐོར《རྣམ་འགྲེལ》ལེའུ་གཉིས་པར་བྱུང་མོད་འོན་ཀྱང་གཞུང་འདི་ལ་བརྟེན་ནས་དེར་མི་གསལ་བ་མང་པོ་གསར་དུ་རྟོགས་ཐུབ།
ལེའུ་གསུམ་པའི་མིང་ལ་གཉི་ག་བརྟག་པ་ཞེས་ཟེར། བརྗོད་བྱ། གྲངས་ཅན་པ་ཁག་གཅིག་གིས་དབང་ཕྱུག་ཁོ་ནའང་བྱེད་པ་པོ་མ་ཡིན་ཞིང་། སྤྱི་གཙོ་བོ་ཁོ་ན་ཡང་མ་ཡིན་ལ། རང་བྱུང་གི་དབང་ཕྱུག་གིས་སྤྱི་གཙོ་བོ་ལ་ལྟོས་ནས་སྣོད་བཅུད་ཀྱི་འབྲས་བུ་སྣ་ཚོགས་པ་འདི་བྱས་པར་འདོད་པ་བཀོད་ཅིང་། དེ་ལ་སུན་འབྱིན་གནང་ཡོད།
ལེའུ་བཞི་པའི་མིང་ལ་འགྲོ་བ་རང་བཞིན་དུ་སྨྲ་བ་བརྟག་པ་ཞེས་ཟེར། བརྗོད་བྱ། ཇི་ལྟར་ཚེར་མ་རྣོ་བ་དང་རྨ་བྱའི་གདོངས་བཀྲ་བ་སོགས་སུས་ཀྱང་མ་བཟོས་པ་ལྟར་དངོས་པོ་འདི་དག་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པའི་ལུགས་བཀོད་དེ། དེ་སུན་ཕྱུང་ནས་རེས་འགའ་སྐྱེ་བ་གང་ཡིན་རྒྱུ་ལ་ལྟོས་པའི་གཏན་ཚིགས་བཤད་ཡོད།
ལེའུ་ལྔ་པའི་མིང་ལ་སྒྲའི་ཚངས་པ་བརྟག་པ་ཞེས་ཟེར། བརྗོད་བྱ། ཕྱོགས་ཀྱི་ཆ་དང་བྲལ་བ། སྐྱེ་འཇིག་མེད་པ། སྒྲའི་རང་བཞིན་ཡིན་པའི་ཚངས་པ་ཆེན་པོས་གཟུགས་སོགས་ཕྱི་ནང་གི་དངོས་པོ་རྣམས་བསྐྱེད་པར་འདོད་པའི་ལུགས་བཀོད་དེ། དེ་ཉིད་ལ་དགག་སྒྲུབ་མཛད་ཡོད།
ལེའུ་དྲུག་པའི་མིང་ལ་སྐྱེས་བུ་བརྟག་པ་ཞེས་ཟེར། བརྗོད་བྱ། རིག་བྱེད་སྨྲ་བ་འགའ་ཞིག་གིས་སྐྱེས་བུ་གཅིག་ཉིད་འཇིག་རྟེན་མཐའ་དག་ཐོག་མར་འབྱིན་པ་པོ་དང་། བར་དུ་གནས་པ། མཐར་འཇིག་པ་པོར་འདོད་པའི་ལུགས་བཀོད་ནས་དེ་ལ་སུན་འབྱིན་གནང་ཡོད། ལུགས་འདི་དང་དབང་ཕྱུག་རྒྱུར་སྨྲ་བ་གཉིས་ཀྱི་ཁྱད་པར་དེ་ཕྱི་མས་དབང་ཕྱུག་ལས་གཞན་བདག་དང་ཆོས་དང་ཆོས་མ་ཡིན་པ་རྡུལ་ཕྲ་རབ་སོགས་ཀྱང་རྒྱུར་འདོད་ལ། འདིས་སྐྱེས་བུ་ཁོ་ན་འཇིག་རྟེན་གྱི་རྒྱུར་འདོད་པ་ཡིན་ཏེ། ཁྱད་པར་དེ་ལྟར་རོ། །
ལེའུ་བདུན་པའི་མིང་ལ་རིགས་པ་ཅན་དང་བྱེ་བྲག་པས་ཀུན་ཏུ་བརྟགས་པའི་སྐྱེས་བུ་བརྟག་པ་ཞེས་ཟེར། བརྗོད་བྱ་རིགས་པ་ཅན་དང་བྱེ་བྲག་པ་དག་གིས་ལུས་དང་དབང་པོ་དང་བློ་ལས་དོན་གཞན་པའི་བདག །མི་འཇིག་པ། ཐམས་ཅད་དུ་འགྲོ་བ། ལས་རྣམས་ཀྱི་གསོག་པ་པོ་དང་ཟ་བ་པོར་འདོད་པའི་ལུགས་བཀོད་ནས་དེ་ལ་སུན་འབྱིན་གནང་ཡོད། དེ་ནས་ལེའུ་བརྒྱད་པའི་མིང་ལ་དཔྱོད་པ་བས་བརྟགས་པའི་བདག་བརྟག་པ། ལེའུ་དགུ་བའི་མིང་ལ་སེར་སྐྱ་བས་ཀུན་ཏུ་བརྟགས་པའི་བདག་དགག་པ། ལེའུ་བཅུ་བའི་མིང་ལ་ནམ་མཁའི་གོས་ཅན་གྱིས་ཀུན་ཏུ་བརྟགས་པའི་བདག་དགག་པ། ལེའུ་བཅུ་གཅིག་པའི་མིང་ལ་གསང་བ་བའི་བདག་བརྟག་པ་དགག་པ། ལེའུ་བཅུ་གཉིས་པའི་མིང་ལ་གནས་མ་བུའི་བདག་བརྟག་པ་དགག་པ་ཞེས་ཟེར། (ནང་པའི་གྲུབ་མཐའ་བཞིའི་ནང་གི་བྱེ་བྲག་སྨྲ་བའི་ནང་ཚན་ཞིག་ཡིན།)ལེའུ་དེ་དག་གིས་དེ་ལྟར་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་དེ་དག་གི་བདག་འདོད་ཚུལ་བཤད་ནས་དེ་ལ་སུན་འབྱིན་གནང་ཡོད། གནས་མ་བུ་བས་བརྗོད་དུ་མེད་པའི་བདག་ཁས་ལེན་པ་ཕུད་གཞན་ཚང་མ་ཕུང་པོ་དང་དོན་གཞན་པའི་བདག་ཁས་ལེན་མཁན་རྐྱང་ཡིན། ནང་གསེས་ཀྱི་འདོད་ཚུལ་མི་འདྲ་བ་དག་ལེའུ་སོ་སོར་བཀོད་ཡོད་ཅིང་། དེ་དང་མཐུན་པའི་དགག་སྒྲུབ་ཀྱང་རྒྱས་པར་མཛད་ཡོད།
ལེའུ་བཅུ་གསུམ་པའི་མིང་ལ་བརྟན་པའི་དངོས་པོ་བརྟག་པ་ཞེས་ཟེར། བརྗོད་བྱ། སྤྱི་གཙོ་བོ་སོགས་འགྲོ་བའི་རྒྱུར་སྨྲ་བ་དང་བདག་དོན་གཞན་འདོད་པ་སོགས་ཀྱང་རྟག་དངོས་ཀྱི་གཞི་མཐུན་འདོད་པ་ཤ་སྟག་ཡིན་ཞིང་། དེ་ལ་དངོས་པོ་གང་ཡིན་ལ་མི་རྟག་པས་ཁྱབ་པར་བསྒྲུབ་ན་དེ་དག་ཤུགས་ཀྱིས་ཁེགས་པར་འགྱུར་བར་དགོངས་ནས་དངོས་པོ་གང་ཡིན་ལ་མི་རྟག་པས་ཁྱབ་པར་སྒྲུབ་པའི་རིགས་པ་སྒོ་སྣ་ཚོགས་ནས་གསུངས་ཡོད། 《རྣམ་འགྲེལ》དང《རྣམ་ངེས》སོགས་སུ་མི་རྟག་པ་སྒྲུབ་པའི་རིགས་པ་མང་དུ་གསུངས་མོད། འདིར་དེར་མི་གསལ་བ་དང་ཡང་ན་དེ་དག་ཏུ་གསུངས་པའི་རིགས་པ་དག་ལ་ཁ་ཇེ་གསལ་དུ་བཏང་ཡོད།
ལེའུ་བཅུ་བཞི་པའི་མིང་ལ་ལས་དང་འབྲས་བུའི་འབྲེལ་བ་བརྟག་པ་ཞེས་ཟེར། བརྗོད་བྱ། གལ་ཏེ་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་ཞིང་བདག་རྟག་པ་ཡང་ཁས་མི་ལེན་ན་དེ་ལྟར་ན་བསྟན་བཅོས་དང་འཇིག་རྟེན་གཉིས་ཆར་གྲགས་པའི་ལས་དང་འབྲས་བུའི་རྣམ་བཞག་དང་ལས་གསོག་པ་པོ་དང་འབྲས་བུ་ཟ་བ་པོ་སོགས་ཀྱི་རྣམ་བཞག་མི་འཐད་པའི་རྩོད་པ་བཀོད་ནས། དེའི་ལན་དུ་རྒྱུ་འབྲས་སྤྱི་དང་ལས་འབྲས་ཀྱི་ཚུལ་ཇི་ལྟར་འཇོག་དགོས་པ་གསལ་བཤད་མཛད་དེ། ལེའུ་འདི་ཤིན་ཏུ་གལ་ཆེ།
དེ་ནས་ལེའུ་བཅོ་ལྔ་པ་ནས་བཅུ་དགུ་པའི་བར་གྱི་མིང་ལ་རིམ་པ་བཞིན་རྫས་ཀྱི་ཚིག་གི་དོན་བརྟག་པ། ཡོན་ཏན་གྱི་ཚིག་གི་དོན་བརྟག་པ། ལས་ཀྱི་ཚིག་གི་དོན་བརྟག་པ། སྤྱི་དང་བྱེ་བྲག་གི་ཚིག་གི་དོན་བརྟག་པ། འདུ་བའི་ཚིག་གི་དོན་བརྟག་པ་ཞེས་ཟེར། ལེའུ་དེ་དག་གིས་རིམ་པ་བཞིན་བྱེ་བྲག་པས་འདོད་པའི་ཤེས་བྱ་ཚིག་གི་དོན་དྲུག་སྟེ་རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང་བྱེ་བྲག་དང་འདུ་བ་རྣམས་ཚུལ་ཇི་ལྟར་འདོད་པའི་ཚུལ་བཀོད་ནས་དེ་དག་གི་མི་འཐད་པའི་ཆ་སུན་འབྱིན་རྒྱས་པར་གནང་ཡོད། བྱེ་བྲག་པའི་གྲུབ་མཐའི་འདོད་ཚུལ་མང་པོ་ཞིག་དང་དེ་འགོག་པའི་རིགས་པ་གཞུང་འདི་ལས་རྒྱས་པ་ཞིག་བོད་འགྱུར་ནང་དུ་མི་བཞུགས།
ལེའུ་ཉི་ཤུ་པའི་མིང་ལ་སྒྲའི་དོན་བརྟག་པ་ཞེས་ཟེར། བརྗོད་བྱ། སྒྲ་རྟོག་སྒྲུབ་འཇུག་ཏུ་འདོད་པ་དག་གི་བསམ་དོན་དང་དེའི་ཞོར་འཕྲོས་ཀྱི་རྩོད་པ་དག་བཀོད་ནས་སྒྲ་རྟོག་གཞན་སེལ་བའི་སྒོ་ནས་འཇུག་པ་སྒོ་སྣ་ཚོགས་ནས་གསལ་བཤད་མཛད་ཡོད། ལེའུ་འདིར《ཀུན་བཏུས》དང《རྣམ་འགྲེལ》སོགས་སུ་མི་གསལ་བའམ་གསལ་ཡང་རྒྱས་པ་མེད་པ་དང་དེ་ལ་ཕྱིས་སུ་དགག་པ་བྱུང་བ་དག་གི་ལན་སོགས་ཤེས་ཐུབ།
ལེའུ་ཉེར་གཅིག་པའི་མིང་ལ་མངོན་སུམ་གྱི་མཚན་ཉིད་བརྟག་པ་ཞེས་ཟེར། བརྗོད་བྱ། མངོན་སུམ་རྟོག་བཅས་སུ་འདོད་པ་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་དབང་ཤེས་འཁྲུལ་བ་འགའ་ཞིག་མངོན་སུམ་དུ་འདོད་པ་དང་། ཡང་དེ་ཡིད་ཀྱི་ཤེས་པར་འདོད་པ་སོགས་ཀྱི་ལུགས་བཀོད་ནས་མངོན་སུམ་གྱི་མཚན་ཉིད་ལ་འགྲེལ་བཤད་བྱས་ཤིང་། ལྷག་ཏུ་མངོན་སུམ་རྟོག་བཅས་འདོད་པ་དག་གི་ལུགས་དགག་པ་དང་། རང་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་ལ་འཐད་སྒྲུབ་ཀྱི་རིགས་པ་གསུངས་ཡོད།
ལེའུ་ཉེར་གཉིས་པའི་མིང་ལ་རྗེས་སུ་དཔག་པ་བརྟག་པ་ཞེས་ཟེར། བརྗོད་བྱ། རྗེས་དཔག་གི་རྟེན་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གཅིག་དང་གཉིས་ལ་སོགས་པ་གཞན་དུ་འདོད་པ་དག་གི་ལུགས་བཀོད་ནས་དེ་བཀག་ཅིང་། ད་དུང་ཕྱི་རོལ་མཛེས་པ་བ་སོགས་ཀྱིས་རྗེས་དཔག་ཚད་མ་གཏན་མེད་དུ་འདོད་པའི་ལུགས་བཀོད་དེ་དེ་འགོག་པའི་རིགས་པ་དང་། གཞན་དོན་རྗེས་དཔག་སྟེ་སྒྲུབ་ངག་ཡང་དག་གི་སྐོར་ལས་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་འགོག་པ་སོགས་བྲིས་མཛད་ཡོད། 《གཏན་ཚིགས་ཐིགས་པ》རྩ་འགྲེལ་དུ་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྐོར་འགོག་པ་རྒྱས་ཙམ་བྱུང་མོད། དེར་མི་གསལ་བ་འགའ་འདིར་གསལ་པོར་བྲིས་ཡོད།
ལེའུ་ཉེར་གསུམ་པའི་མིང་ལ་ཚད་མ་གཞན་བརྟག་པ་ཞེས་ཟེར། བརྗོད་བྱ། ཚད་མ་མངོན་རྗེས་གཉིས་སུ་མ་འདུས་པ་འདོད་པ་དག་གི་ལུགས་ཏེ། སྒྲ་བྱུང་ཚད་མ་དང་། དཔེ་ཉེར་འཇལ་དང་། དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་སོགས་ཇི་ལྟར་འདོད་པ་དང་། དེ་དག་རེ་རེ་བཞིན་རིགས་པས་བཀག་སྟེ། ཚད་མ་མངོན་རྗེས་གཉིས་ཁོ་ནར་ངེས་པ་གསུངས་ཡོད། གཞན་སྡེས་འདོད་པའི་ཚད་མ་མང་པོ་ཞིག་ཇི་ལྟ་བུ་ལ་བྱ་མིན་དེ་གཞུང་འདི་ལས་གཞན་བོད་འགྱུར་རྒྱ་གཞུང་གི་དཔྱད་གཞི་ཤིན་ཏུ་དཀོན།
ལེའུ་ཉེར་བཞི་པའི་མིང་ལ་འགྱུར་བ་སྨྲ་བ་བརྟག་པ་ཞེས་ཟེར། བརྗོད་བྱ། 《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པའི》དབུར། “གཞན་གྱི་བདག་ཉིད་ཆ་ཤས་ནི། །ཕྲ་རབ་ཀྱིས་ཀྱང་མ་འདྲེས་པ། །”ཞེས་རྒྱུ་འབྲས་ཀྱི་དངོས་པོ་རྣམས་གཞན་དང་མ་འདྲེས་པར་རང་གི་ངོ་བོ་ལ་གནས་པར་གསུངས་པ་ལ། འགྱུར་བ་སྨྲ་བ་དག་གིས། དངོས་པོ་ཐམས་ཅད་སྤྱི་དང་ཁྱད་པར་གྱི་བདག་ཉིད་གཉིས་སུ་ཡོད་པས་གཞན་དང་མ་འདྲེས་པ་མི་འཐད་པའི་རྩོད་པ་དང་འདོད་ཚུལ་བཀོད་ཅིང་། དེའི་ལན་དུ་དངོས་པོ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་མེད་པ་དང་དངོས་པོ་གཅིག་ལ་དོན་དམ་པར་སྤྱི་དང་ཁྱད་པར་གཉིས་ཡོད་པ་འགལ་བ་སོགས་ཀྱི་སྐོར་སོགས་གསུངས་ཡོད།
ལེའུ་ཉེར་ལྔ་པའི་མིང་ལ་དུས་གསུམ་བརྟག་པ་ཞེས་ཟེར། བརྗོད་བྱ། དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་བཙུན་པ་ཆོས་སྐྱོབ། མཚན་ཉིད་གཞན་དུ་འགྱུར་བར་སྨྲ་བ་བཙུན་པ་དབྱངས་སྒྲོགས། གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་བཙུན་པ་དབྱིག་བཤེས། གཞན་དང་གཞན་དུ་འགྱུར་བར་སྨྲ་བ་བཙུན་པ་སངས་རྒྱས་ལྷ་སྟེ་ནང་པའི་སློབ་དཔོན་བཞིའི་ལུགས་ཀྱི་དུས་གསུམ་རྫས་གྲུབ་ཏུ་འདོད་པའི་ལུགས་བཀོད་ནས་དེ་འགོག་པའི་རིགས་པ་དག་བྲིས་ཡོད། འདི་ཡང་བོད་འགྱུར་ནང་དུས་གསུམ་བརྟག་པའི་གཞུང་ཆ་ཚང་ཤོས་དང་གོ་སླ་ཤོས་དེ་ཡིན།
ལེའུ་ཉེར་དྲུག་པའི་མིང་ལ་འཇིག་རྟེན་རྒྱང་པན་པ་བརྟག་པ་ཞེས་ཟེར། བརྗོད་བྱ། ལུས་སེམས་རྫས་གཅིག་པ་འདོད་པ་འགོག་པ་དང་། ལུས་ཀྱིས་སེམས་ཀྱི་ཉེར་ལེན་བྱས་པས་ལུས་ཞིག་ན་སེམས་ཀྱང་འཇིག་པའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པར་འདོད་པའི་རྒྱང་པན་པའི་གྲུབ་མཐའ་དང་། ཚེ་སྔ་ཕྱི་སྒྲུབ་པའི་རིགས་པ་དག་བྲིས་ཡོད། 《རྣམ་འགྲེལ》ལེའུ་གཉིས་པ་རྩ་འགྲེལ་དག་ཕུད་པའི་འཕྲོར་བོད་འགྱུར་དག་ལས་ཚེ་སྔ་ཕྱི་སྒྲུབ་པའི་རིགས་པ་རྒྱས་ཤོས་སུ་གསུངས་པ་གཞུང་འདི་རང་སྣང་།
ལེའུ་ཉེར་བདུན་པའི་མིང་ལ་ཕྱི་རོལ་གྱི་དོན་བརྟག་པ་ཞེས་ཟེར། བརྗོད་བྱ། ཕྱི་དོན་འདོད་པའི་སློབ་དཔོན་དགེ་སྲུངས་སོགས་ཀྱི་གཞུང་དངོས་སུ་བཀོད་ནས་དེའི་འདོད་པར་བཤད་ཅིང་། དེ་ནས་ཕྱི་དོན་མེད་པའི་སྒྲུབ་བྱེད་རྒྱས་པར་བྲིས་ཡོད། གཞུང་འདི་ལས་སློབ་དཔོན་དགེ་སྲུངས་ཀྱི《ཕྱི་རོལ་དོན་གྲུབ》ཀྱི་བརྗོད་བྱ་རྟོགས་པ་ལ་ཡང་དཔྱད་གཞི་མང་པོ་རྙེད་ཐུབ།
ལེའུ་ཉེར་བརྒྱད་པའི་མིང་ལ་ཐོས་པ་བརྟག་པ་ཞེས་ཟེར། བརྗོད་བྱ། སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་ཚིག་བསྒྲུབས་ནས་དེ་རང་གི་བརྗོད་བྱ་ལ་མི་སླུ་བར་འདོད་པའི་གྲུབ་མཐའ་བཀོད་དེ། དེ་འགོག་པའི་རིགས་པ་དག་བྲིས་ཡོད།
ལེའུ་ཉེར་དགུ་པའི་མིང་ལ་ཚད་མ་ཉེ་བར་བརྟག་པ་ཞེས་ཟེར། བརྗོད་བྱ། ཚད་མ་རྣམས་རང་ངེས་དང་གཞན་ངེས་ཇི་ལྟར་ཡིན་མིན་གྱི་སྐོར་གཞན་གྱི་ལུགས་བཀོད་དེ་དེ་ལ་སུན་འབྱིན་དང་རང་ལུགས་གསལ་བཤད། རྩོང་སྤོང་སོགས་མཛད་ཡོད། འདིར་རང་ངེས་གཞན་ངེས་ཀྱི་སྐོར་ནས《རྣམ་འགྲེལ》སོགས་སུ་མི་གསལ་བའི་བློ་སྐྱེད་གསར་པ་རྙེད་ཐུབ།
ལེའུ་སུམ་ཅུ་པའི་མིང་ལ་གཞན་གྱི་དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པ་ཞེས་ཟེར། བརྗོད་བྱ། གཞན་གྱི་སྡེ་པས་དབང་པོ་ལས་འདས་པའི་དོན་མཐོང་བའི་ཀུན་མཁྱེན་མེད་པར་སྒྲུབ་པའི་རིགས་པ་དག་བཀོད་ཅིང་། དེ་ནས་རིགས་པ་དེ་དག་ལ་སུན་འབྱིན་དང་། རང་ལུགས་ཀྱི་ཀུན་མཁྱེན་སྒྲུབ་བྱེད་ཀྱི་རིགས་པ་སོགས་རྒྱས་པར་བྲིས་ཡོད།
བཞི། ཞིབ་དཔྱད་བྱེད་པར་ཕྲད་པའི་དཀའ་ངལ།
༡ སྐབས་རེར་རྩ་འགྲེལ་གཉིས་ཀྱི་འགྱུར་མི་འདྲ་བ། རྩ་བ་ཕོ་བྲང་ཞི་བ་འོད་ཀྱིས་བསྒྱུར་ཞིང་། དེའི་དཀའ་འགྲེལ་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བ་འགྱུར་བྱང་དུ་འཁོད་ཡོད་པ་དང་། འགྲེལ་པ་དེ་མངའ་རིས་ཀྱི་ཆོས་རྒྱལ་བསོད་ནམས་རྩེ་ཞེས་པའི་བཀས་བསྐུལ་ནས་བསྒྱུར་བ་ཡང་འགྱུར་བྱང་དུ་བྱུང་། བསོད་ནམས་རྩེ་ཞེས་པ་དེ་མངའ་བདག་རྩེ་ལྡེའི་དབོན་པོ་དང་དབང་ལྡེའི་སྲས་ཡིན། དེས་ན་དང་པོ་ཞི་བ་འོད་ཀྱིས་རྩ་བ་བསྒྱུར་ཞིང་ཕྱིས་བསོད་ནམས་རྩེའི་དུས་སུ་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ལ་བཀས་བསྐུལ་ནས་འགྲེལ་པ་བསྒྱུར་རམ་སྙམ་པ་ཡོད་ལ། གཅིག་བྱས་ན་འགྲེལ་པ་སྔར་བསྒྱུར་ནས་རྩ་བ་ཕྱིས་བསྒྱུར་བ་ཡིན་ཡང་སྲིད། གང་ལྟར་འགྲེལ་པའི་ནང་དུ་རྩ་ཚིག་མགོ་སྨོས་ཙམ་བྱུང་བ་དག་དང་རྩ་བའི་འགྱུར་གཉིས་ཆ་ཐམས་ཅད་ནས་མཐུན་པ་ཞིག་ཡོང་གི་མི་འདུག་སྟེ། དཔེར་ན། ཡོན་ཏན་གྱི་ཚིག་གི་དོན་བརྟག་པའི་ལེའུར། རྩ་བར། “དེ་མིན་གཞན་ལ་བློ་ལོག་ཅིང་། །”[༡༨]ཞེས་བྱུང་བ་ལ། འགྲེལ་པར། “དེ་མིན་ངོ་བོ་ལས་ལྡོག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།”[༡༩]ཞེས་བྱུང་བ་ལྟ་བུ། ཡང་རྩ་བར། “ཁང་བཟང་ཕྲེང་ནི་རིང་པོ་དང་། །”[ ༢༠]ཞེས་བྱུང་བ་ལ། འགྲེལ་པར། “ཇི་ལྟར་ཁང་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།”[༢༡]ཞེས་བྱུང་བ་ལྟ་བུ། རྫས་ཀྱི་ཚིག་གི་དོན་བརྟག་པའི་ལེའུར། རྩ་བར། “ས་ལ་སོགས་པས་ཕྱེ་བ་ཡི། །རྫས་དགུ་”[༢༢]ཞེས་བྱུང་བ་ལ། འགྲེལ་པར། “དེ་ལ་རེ་ཞིག་ས་ལ་སོགས། །ཞེས་བྱ་བ་ལ་སོགས་པས། ”[༢༣]ཞེས་བྱུང་བ་ལྟ་བུ་མང་།
འོན་ཀྱང་སྐབས་མང་པོ་ཞིག་ལ་རྩ་འགྲེལ་ཚིག་ཇི་བཞིན་དུ་བྱུང་བའང་མཐོང་སྟེ། དཔེར་ན། ཡོན་ཏན་གྱི་ཚིག་གི་དོན་བརྟག་པའི་ལེའུར། རྩ་བར། “བློ་ལ་སོགས་པའང་གྲངས་སུ་འགྱུར། །”[༢༤]ཞེས་བྱུང་བ་ལ། འགྲེལ་པར། “བློ་ལ་སོགས་པའང་གྲངས་སུ་འགྱུར། །ཞེས་བྱ་བ་སྨོས་ཏེ། ” [༢༥]ཞེས་བྱུང་བ་ལྟ་བུ། རྩ་བར། “ཆེ་དང་རིང་སོགས་དབྱེ་བ་ཡིས། །”[༢༦]ཞེས་བྱུང་བ་ལ། འགྲེལ་པར། “ཆེ་དང་རིང་སོགས་ཞེས་བྱ་བ་ལ་སོགས་པས་ཚད་དགག་པའི་ཕྱིར་བཤད་པ། ”[༢༧]ཞེས་བྱུང་བ་ལྟ་བུ་མང་པོ་ཡོད། དེའི་ཕྱིར་རྩ་བ་གང་གི་འགྲེལ་པ་གང་ཡིན་པ་ངོས་བཟུང་ནས་རྩ་འགྲེལ་ཐད་ཀར་སྦྱོར་བ་དང་། འགྲེལ་པ་ལ་བརྟེན་ནས་རྩ་བའི་ཚིག་ལ་འབྲི་འདེད་བྱས་ཏེ་འགྲེལ་པ་བསྐྱོན་པ་ལ་སྐབས་འགར་དཀའ་ངལ་ལྷག་མ་ཞིག་ཡོང་གི་འདུག །
༢ རྩ་འགྲེལ་ཆ་མི་ཚང་བ། སྐབས་རེར་རྩ་བའི་ཚིག་འགའ་འགྲེལ་པར་མི་གསལ་ཞིང་། འགྲེལ་པར་དེའི་དོན་ཅི་ཡང་བཤད་མེད་པའང་ཡོད་པ། དཔེར་ན། ཚད་མ་གཞན་བརྟག་པའི་ལེའུར། རྩ་བར། “བསམ་པ་རྟོགས་པར་བྱ་བ་ལ། །ཚུལ་གསུམ་པོ་ཉིད་རྣམས་གསལ་ཉིད། །”ཅེས་པ་ནས། “དེ་འདྲའི་ཡུལ་ན་ཡོད་པའི་ཕྱིར། །དུ་བ་སོགས་བཞིན་རྗེས་དཔག་ཡིན། ། ”[༢༨]ཞེས་པའི་བར་ཚིག་རྐང་ཉི་ཤུ་བྱུང་བ་ལ། འགྲེལ་པར། “བསམ་པ་རྟོགས་པར་བྱ་བ་ལ་ཞེས་བྱ་བ་སྨོས་ཏེ།”[༢༩]ཞེས་སོགས་སུ་ཚིག་རྐང་གསུམ་གྱི་མགོ་ཙམ་སྨོས་ཤིང་། འགའ་ཞིག་གི་དོན་ལས་ཚིག་རྐང་མང་པོ་ཞིག་ལ་འགྲེལ་པ་མི་གསལ་བ་ལྟ་བུའོ། །ཡང་འགྱུར་བ་སྨྲ་བ་བརྟག་པའི་ལེའུར། རྩ་བར། “མངོན་པར་འདོད་པའི་དངོས་པོ་ལ། །ཞེས་པ་ནས། སྤྱི་ཞེས་བྱ་བར་འདོད་པར་གྱིས། །”[༣༠]ཞེས་པའི་བར་ཚིག་རྐང་བཅུ་གསུམ་བྱུང་པ་ལ། འགྲེལ་པར། “མངོན་པར་འདོད་པའི་དངོས་པོ་ནི། །ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཉིས་པོ་འདི་ཉིད་ཀྱི་དོན་རྒྱས་པར་སྒྲུབ་པར་བྱེད་དོ། །”[༣༡]ཞེས་པ་ཙམ་ལས་མི་འབྱུང་བ་ལྟ་བུའོ། །
ཡང་སྐབས་རེར་འགྲེལ་པར་རྩ་བའི་ཚིག་མགོ་སྨོས་ཙམ་བཀོད་ཅིང་དེའི་འགྲེལ་པའི་བརྗོད་དོན་ཅན་གྱི་ཚིག་ད་ཡོད་བོད་འགྱུར་རྩ་བར་མི་གསལ་བ་ཡང་མཐོང་སྟེ། རྫས་ཀྱི་ཚིག་གི་དོན་བརྟག་པའི་ལེའུར། རྩ་བར། “གོང་བུའི་དོན་ཡོད་མ་ཡིན་ན། །ཤིང་སོགས་མཐོང་བ་ཉིད་མི་འགྱུར། །” [༣༢]ཞེས་པའི་འཕྲོར་རྩ་བར་མི་གསལ་ཡང་། འདིའི་འགྲེལ་པར་རགས་པ་མེད་ན་རྡུལ་ཕྲན་ཞེས་བརྗོད་པའང་མེད་པའི་ཐལ་བར་གསུངས་ཤིང། འདི་ལ་ལན་བཏབ་པའི་འོག་གི《ཚད་ཆེན་དཀའ་འགྲེལ་ 》གྱི་མཚམས་སྦྱར་དུ་ཡང་། “རྡུལ་ཕྲན་བརྗོད་པ་ལའང་མེད་པར་འགྱུར། །ཞེས་སྨོས་པ་དེ་ལ། དེ་ཉིད་དོན་ནི་མི་ཤེས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ”[༣༣]ཞེས་འབྱུང་མོད་རྩ་བར་ཚིག་དེ་མི་གསལ་བས་“རྡུལ་ཕྲན་བརྗོད་པའང་མེད་པར་འགྱུར། །”ཞེས་པ་ལྟ་བུ་ཞིག་ཆད་དམ་སྙམ་པ་ལྟ་བུ། ཡང་རྩ་བར། “དེ་ཡི་ངོ་བོ་ལས་གཞན་པ། །”[༣༤] ཞེས་པའི་མགོར། “འོན་ཏེ་ཤེལ་ལ་སོགས་པ་”ཞེས་སོགས་ཀྱི་དོན་ཅན་གྱི་ཚིག་མི་གསལ་ཡང་། 《ཚད་ཆེན་དཀའ་འགྲེལ》ལས། “འོན་ཏེ་ཤེལ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ།”[༣༥]ཞེས་གསུངས་པས། རྩ་རྐྱང་གི་དཔེར་ཚིག་འགའ་ཆད་དམ་སྙམ་པ་ལྟ་བུ་ཡང་མང་པོ་ཞིག་མཐོང་། དེ་ལྟ་བུ་རྩ་འགྲེལ་ཐད་ཀར་མི་འབྱོར་བའི་ཆད་ལྷག་དག་གིས་ཀྱང་འདིའི་དོན་ཞིབ་ཏུ་གོ་བ་ལ་དཀའ་ངལ་ཕྲད་ཀྱི་ཡོད།
༣ མ་དཔེར་ཆད་ལྷག་ནོར་བ་མང་བ། ད་ཡོད་བོད་འགྱུར《བསྟན་འགྱུར》ལ་ཡི་གེ་ཆད་ལྷག་དང་མ་དག་པ་མང་། དེ་དག་ལས་འགའ་ཞིག་ནི་མ་དག་པ་ཇི་ལྟར་ཤེས་ཤེ་ན། རྩ་འགྲེལ་དག་གི་ཚིག་རེ་རེ་བཞིན་སྦྱར་ནས་ཞིབ་ཏུ་གོ་བ་ལེན་སྐབས་མ་དག་པར་ཤེས་པར་ནུས་ཤིང་། འགའ་ཞིག་མ་ཡིག་སོར་བཞག་བྱས་ན་ཇི་བཞིན་མི་གོ་བ་ལ། དེ་ཡང་ཡི་གེ་མ་དག་པའི་སྐྱོན་གྱིས་གོ་རྒྱུ་མེད་པར་ཡིན་འདུག་སྙམ་པ་ཡོད་ཀྱང་དཔྱད་གཞི་མེད་པའི་དབང་གིས་གང་མ་དག་པ་ཁ་ཚོན་གཅོད་མི་ཐུབ་པ་ཡང་སྣང་། དགག་སྒྲ་རེ་རེ་ལྷག་ཆད་ཀྱིས་ཀྱང་དོན་ཕྱིན་ཅི་ལོག་ཏུ་བསྟན་པར་འགྱུར་བའི་ཕྱིར་བརྗོད་བྱའི་ཆ་ལ་ཞིབ་འཇུག་དང་། ལུང་འདྲེན་པ། ཚིག་འགྲེལ་བསྐྱོན་པ་སོགས་ལ་དཀའ་ངལ་མང་པོ་ཞིག་ཕྲད་ཀྱི་ཡོད། དཀའ་ངལ་འདི་ནི《ཚད་ཆེན 》རྩ་འགྲེལ་ལ་དཔེ་ཀློག་བྱེད་སྐབས་གཅིག་པུ་མིན་པར《བསྟན་འགྱུར》གྱི་དཔེ་ཆ་ཕལ་མོ་ཆེ་ཀློག་སྐབས་སུ་ཕྲད་ཀྱི་ཡོད་པ་ཡིན་ནོ། །
༤ དཔྱད་གཞི་དཀོན་པ། 《ཚད་ཆེན》རྩ་བ་ལ《དཀའ་འགྲེལ》ཕུད་པའི་རྒྱ་གར་མའི་འགྲེལ་པ་གང་ཡང་བོད་འགྱུར་བྱས་མེད་ཅིང་། འགྲེལ་པ་ལ་འགྲེལ་བཤད་རྒྱ་གཞུང་གང་ཡང་བོད་འགྱུར་བྱུང་མེད། སྔོན་གྱི་བོད་ཀྱི་མཁས་པའི་གསུང་རྩོམ་ཁྲོད་ཚད་མའི་སྐོར་གྱི་གཞུང་ཤིན་ཏུ་མང་ཡང《ཚད་ཆེན》རྩ་འགྲེལ་གྱི་འགྲེལ་པ་མ་བྱུང་པ་མ་ཟད། སྔོན་གྱི་གསུང་རབ་ཁྲོད་དེའི་སྐོར་གྱི་ལུང་མང་པོ་དྲངས་ཤིང་དེ་ལ་དཔྱད་བརྗོད་བྱས་པ་དང་། ཡང་ན《ཚད་ཆེན》རྩ་འགྲེལ་གྱི་ལེའུ་དང་བརྗོད་དོན་གང་ཞིག་ལ་ཆེད་དུ་བྲིས་པའི་རྩོམ་ཡང་ཤིན་ཏུ་མཐོང་དཀོན་པོར་ཆགས་ཡོད། དེ་བཞིན་བོད་ཀྱི་གདན་ས་ཁག་གི་ནང་ཚད་མའི་སྐོར་ལ་ཐོས་བསམ་བྱ་མཁན་མང་པོ་ཡོད་མོད། སྔོན་དུས《ཚད་ཆེན》རྩ་འགྲེལ་ལ་ཚོགས་པའི་ངོས་ནས་ཆེད་དུ་འཆད་ཉན་ཞིབ་ཚགས་ཀྱིས་བྱ་མཁན་ཕལ་ཆེར་མེད་པ་ལྟ་བུར་ཆགས་ཡོད། དེའི་ཕྱིར《ཚད་ཆེན》རྩ་འགྲེལ་གྱི་དོན་ལ་ཞིབ་དཔྱད་བྱེད་པ་ལ་སྔར་གྱི་མཁས་པས་ཞིབ་འཇུག་བྱས་པའི་དཔྱད་གཞི་དཀོན་ཞིང་། འཆད་ཉན་གྱི་ཉམས་མྱོང་མེད་པ་སོགས་ཀྱིས་འདིའི་རྗོད་བྱེད་དང་བརྗོད་བྱ་གཉིས་ཀ་རྟོགས་པ་ལ་དཀའ་ངལ་ཆེན་པོ་ཡོད་པ་ཡིན། འོན་ཀྱང་ཉེ་ཆར་ཨཱཅཱརྱ་སེམས་རྡོར་ལགས་ཀྱིས་མཛད་པའི《དཔལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མས་བརྒྱན་པ》ཞེས་པའི《ཚད་ཆེན》གྱི་གསར་འགྲེལ་ཆ་མ་ཚང་བ་ཞིག་མཇལ་ཞིང་། དེའི་ནང་རྩ་བའི་ཚིག་འགྲེལ་ལས《དཀའ་འགྲེལ》ལ་འགྲེལ་བ་མཛད་མེད་ཀྱང་། ཞི་བ་འོད་ཀྱིས་བསྒྱུར་བ་ལ་སྐབས་རེར་མི་མཐུན་པའི་འགྱུར་མཛད་ཅིང་། དེ་ཡང་ཞི་འགྱུར་ལ་ཇི་ལྟར་ཡོད་པ་འོག་ཏུ་མཆན་བཀོད་ཡོད་པ་དང་། རྩ་བར་ལེགས་སྦྱར་གྱི་མ་དཔེ་ཡང་སྦྲགས་ཏེ་བཀོད་ཡོད་པས། ཤིན་ཏུ་རིན་ཐང་ཆེ་ཞིང་། 《ཚད་ཆེན》རྩ་འགྲེལ་ལ་འཇུག་བདེ་རུ་བཏང་ཡོད།
༥ རྒྱ་དཔེ་དང་བསྡུར་མི་ཤེས་པ། རྩ་འགྲེལ་འདི་གཉིས་ཀའི་རྒྱ་དཔེ་ད་ལྟའང་ཡོད་པར་འདུག་ཀྱང་། ལེགས་སྦྱར་མི་ཤེས་པ་ང་ལྟ་བུས་བོད་འགྱུར་རང་གི་སྟེང་ནས་དཔྱད་པ་བྱེད་པ་ལས་རྒྱ་དཔེ་དང་བསྡུར་ནས་དཔྱད་པ་བྱ་ཐབས་མེད་པ་བཅས་ནི་དཀའ་ངལ་ཆེ་ཤོས་སུ་སྣང་ངོ་། །
ལྔ། མཇུག་བསྡུ་བ།
དེ་ལྟར《ཚད་ཆེན》རྩ་འགྲེལ་གཉིས་ཀྱི་མཛད་པ་པོ་དང་ལོ་ཙཱའི་ལོ་རྒྱུས། གཞུང་གི་དམིགས་བསལ་ཁྱད་ཆོས། བརྗོད་བྱ། ཞིབ་དཔྱད་བྱེད་པ་ལ་ཕྲད་པའི་དཀའ་ངལ་བཅས་རགས་བསྡུས་ཀྱིས་ངོ་སྤྲད་ཟིན་པ་ཡིན། ཞི་འཚོ་ཡབ་སྲས་གཉིས་ནི་རྒྱ་གར་གྱི་མཁས་པ་གྲགས་ཅན་གཉིས་ཡིན་ཞིང་། ལྷག་ཏུ་བོད་ཀྱི་རིག་གཞུང་གི་ལོ་རྒྱུས་སྟེང་མཛད་རྗེས་ཆེ་ལ་འབྲེལ་བ་དམིགས་བསལ་ཡོད་པ་དང་། 《ཚད་ཆེན》རྩ་འགྲེལ་ཡང་ཚད་མའི་སྐོར་གྱི་རིགས་ལམ་གྱི་བང་མཛོད་ཆེན་པོ་ལྟ་བུ་དང་། མུ་སྟེགས་པའི་འདོད་ཚུལ་མང་པོ་ཞིག་གི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་དུ་གྱུར་ཡོད་ཕྱིར་བོད་ཀྱི་ཚད་མའི་སློབ་གཉེར་བ་དག་གིས་དམིགས་བསལ་དོ་སྣང་བྱས་ཏེ། འཆད་ཉན། དཔེ་ཀློག །བགྲོ་གླེང་བཅས་བྱ་རྒྱུ་དང་། ལྷག་པར་རྩ་འགྲེལ་གཉིས་ཀ་ལེགས་སྦྱར་གྱི་མ་དཔེ་དངོས་ལ་བསྡུར་ཏེ་ཞུ་དག་བྱ་རྒྱུ་གལ་ཆེན་ཡིན་པའི་རེ་སྐུལ་བཅས་ཞུའོ། །
མཆན་དང་ལུང་ཁུངས།
[༡][༣] སྦ་གསལ་སྣང་། 《དབའ་བཞེད་བཞུགས་སོ། །》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤོག་ངོས་༡༣༣་དང་། ཤོག་ངོས་༡༥༡
[༢] བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《 རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] རྗེ་ཙོང་ཁ་པ། པོད། [བ] མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོ། ཤ ༦༤༧
[༤] ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༨༨ལོ། དཔར་ཐེངས་དང་པོ། ཤོག་ངོས་༣༧༨
[༥ ] 《རྩོད་པའི་རིགས་པ།》 སློབ་དཔོན་ཆོས་གྲགས། རྡོ་རྗེ་རྒྱལ་པོས་བསྒྲིགས་པའི《ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།》 པོད་དང་པོ། [G] མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤོག་ངོས་༦༤༨
[༦] མཁར་རྨེའུ་བསམ་གཏན་གྱིས་བྲིས་པའི་ 《མདའ་དང་འཕང》ཞེས་པའི་དེབ་ཀྱི་སྟོད་ཆ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བ་དེའི་ནང་བཀའ་ཤོག་དེའི་སྐོར་ལ་དཔྱད་རྩོམ་བྲིས་ཡོད།
[༧] གུ་གེའི་མཁན་ཆེན་ངག་དབང་གྲགས་པ། 《མངའ་རིས་རྒྱལ་རབས།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ཤོག་ངོས༡༠༥
[༨] [༩]འགོས་ལོ་ཙཱ་བ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ།》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོ། ཤོག་ངོས་༩༨་དང་། ཤོག་ངོས་༢༩༩
[༡༠] [༡༨][༢༠][༢༢] [༢༤][༢༦][༢༨] [༣༠][༣༢][༣༤] ཞི་བ་འཚོ། 《དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། 》 སྡེ་དགེའི《བསྟན་འགྱུར།》 [G] སྡེ་ཚན་ཚད་མ། [ཟེ] ཤོག་ངོས་༢༦༥དང་། ཤོག་ངོས་༤༨་དང་། ཤོག་ངོས་༤༩་དང་། ཤོག་ངོས་༤༢་དང་། ཤོག་ངོས་༤༩དང་། ཤོག་ངོས་༤༩་དང་། ཤོག་ངོས་༡༡༡་དང་། ཤོག་ངོས་༡༢༤་དང་། ཤོག་ངོས་༤༣་དང་། ཤོག་ངོས་༤༣
[༡༡] ཀ་བ་དཔལ་བརྩེགས་སོགས། 《ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག།》 སྡེ་དགེའི《བསྟན་འགྱུར།》 [G] སྡེ་ཚན་སྣ་ཚོགས། [ཇོ] ཤོག་ངོས་༦༡༩
[༡༢] [༡༧] [༢༩] [༣༡] ཀཱ་མ་ལ་ཤཱི་ལ། 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 སྡེ་དགེའི《བསྟན་འགྱུར།》[G] སྡེ་ཚན་ཚད་མ། [འེ] ཤོག་ངོས་༦༦༡་དང་། ཤོག་ངོས་༦༦༡་དང་། ཤོག་ངོས་ ༩༢་དང་། ཤོག་ངོས་༡༤༡
] ༡༣ [དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོ། ཤོག་ངོས་༥༢༦
]༡༤ [ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་དཔལ་བཟང་པོ། 《དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ།》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོ། ཤོག་ངོས ༨༨-༩༠
]༡༥ [ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་དཔལ་བཟང་པོ། 《གསང་བདེ་འཇིགས་གསུམ་གྱི་ཆོས་འབྱུང་།》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་ངོས་༦༣༠-༦༣༢
]༡༦[ མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། 《བསྟན་རྩིས་གསལ་བའི་ཉིན་བྱེད།》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོ། ཤོག་ངོས་༡༡༡
[༡༩] [༢༡ ] [༢༣] [༢༥] [༢༧] [༣༣] [༣༥] ཀཱ་མ་ལ་ཤཱི་ལ། 《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》 སྡེ་དགེའི《བསྟན་འགྱུར།》[G] སྡེ་ཚན་ཚད་མ། [ཟེ] ཤོག་ངོས་༥༤༨་དང་། ཤོག་ངོས་ ༥༥༣་དང་། ཤོག་ངོས་༥༡༣་དང་། ཤོག་ངོས་༥༥༠་དང་། ཤོག་ངོས་༥༥༡་དང་། ཤོག་ངོས་༥༣༣་དང་། ཤོག་ངོས་༥༡༩
ཡོང་ཁུངས། མཚོ་ལྷོའི་ནང་བསྟན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4136
2023 ལོའི་ཟླ 10 ཚེས 30 ཉིན། ཕྱི་དྲོ། 7:18
ཚད་ཆེན་གྱི་སྐོར་ཉེ་བའི་ཆར་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་པའི་འབུམ་རམས་པ་རྡོ་རྗེ་སྐྱབས། ཡང་ན་ཟླ་བ་གཞོན་ནུར་གྲགས་པས། འབུམ་རམས་པའི་ཆེད་རྩོམ་<>ཞེས་པ་འདི་གའི་མཐོ་སློབ་ཏུ་ཕེབས་ཏེ་ངོ་སྤྲོད་གནང་བའི་ཚེ། ནང་པའི་སྐད་བརྡ་དང་འབྲེལ་ཏེ། གཞན་སེལ་དང་། ཚད་ཆེན་གྱི་སྒྲ་དོན་བརྟག་པའི་རྩ་བ་ལ་རྒྱ་དཔེ་དང་གཏུགས་ཏེ་འགྱུར་བཅོས་དང་། དེ་བཞིན་ལེའུ་དེ་ཉིད་ཀྱི་བརྗོད་དོན་དང་དེར་དྲངས་པའི་གཞོན་ནུ་མ་ལེན་གྱི་གཞུང་དང་འོད་བྱེད་པ་ལ་སོགས་པའི་གཞུང་རྒྱ་གཞུང་རང་དང་གཏུགས་ཏེ། དཔྱད་ཞིབ་གནད་དུ་ཐིངས་པ་གནང་ཡོད་ཚུལ། ཁོང་གི་ཆེད་རྩོམ་ངོ་སྤྲོད་གནང་བའི་ཚེ་གསུངས་བྱུང་ལ། ཚད་ཆེན་དང་དཀའ་འགྲེལ་སོགས་སུ་ཡི་གེ་མ་དག་པ་དང་། དགག་སྒྲའི་ཆད་ལྷག་ལ་སོགས་པས་གཞུང་དོན་རྟོགས་པར་བར་ཆད་དུ་སོང་བ་མང་ཚུལ་སོགས་ཀྱི་སྐོར་སོགས་བློ་བསྐྱེད་གང་མང་བྱུང་། ཚད་ཆེན་འདི་ལེགས་སྦྱར་མཁྱེན་མཁན་ཞིག་གིས་འགྱུར་བཅོས་སམ་ཡང་ན་ཞུ་སྒྲིག་ལེགས་པོ་ཞིག་གནང་ཐུབ་ན། བོད་ལ་ཕན་པའི་བྱ་གཞག་རང་རེད་བསམས་ལ། ཁོང་ལའང་འབོད་སྐུལ་དེ་བཞིན་ཞུས་ཡོད།