༈དགུན་ཉི་ལྡོག

 —སྙན་ངག་དང་འགྲོགས་ནས་ལོ་ངོ་དགུ་འགོར་རྗེས་ཀྱི་རང་ཉིད་ལ་ཕུལ་བ།
  -དཀྲུམ་མདའ།(ཞི་ཨན)

                    དགུ་དང་པོ།

ས་རྡུལ་གྱི་ཕུང་བོ་རེ་རེ་ཞི་འཇགས་སུ་སོང་རྗེས
མཚལ་མདོག་གི་ཉི་མའི་གདོང་ལ་འཛུམ་ཞིག་རྒྱས
འོན་ཀྱང   འཇམ་ཐིང་ཐིང་གི་རྩྭ་ལྡུམ་དག་གིས
ཡལ་གྱུར་གྱི་སྤྲིན་པ་ལེབ་མོ་ཞིག་ལ
དགུན་གྱི་དྲིས་ལན་ནི་རང་ཉིད་ཡིན་པ་ར་སྤྲོད་བྱས
ཡིན་ཡང     ལོ་དགུ་འགོར་བའི་དེ་རིང
འཁྱག་རླུང་གིས་དེད་པའི་མཚན་མོའི་མེ་རོ་མཐའ་དག
སླར་ཡང   གཙང་བོའི་ངོས་སུ་ལྗིད་ཏིག་གེར་ལྷུང་དུས
ངས་ལྐོག་གྱུར་གྱི་དུས་ཚིགས་དེའི་ཟུར་ཙམ་མཐོང་ནས་ཡོང

                  དགུ་གཉིས་པ།

འཆི་བ་མེད་པའི་གནམ་སའི་མཚམས་སུ
ཁུ་སིམ་སིམ་བྱེད་པའི་མི་ཡུལ་གྱི་རྫི་གླུ་སྙན་མོ
སྟོན་གྱི་སྤྱན་ཆབ་ཡོད་ཚད་དང་ཡོངས་སུ་འདྲེས་དུས
སྨྲ་ལྕེ་མེད་པའི་སྐྱེས་པ་ཞིག་གི་རུས་མིང་ནག་པོ
གངས་འདབས་ཀྱི་དྲོད་མེད་པའི་གདོང་འབག་ཁོ་ནར་གྱུར
སྐབས་དང་སྐབས་སུ    རྨས་ཕོག་པའི་རྒྱུ་རྐྱེན་དེའི་དབང་གིས
ད་གཟོད   རྩྭ་ཐང་གི་མེས་པོ་དེའི་གཡུལ་འགྱེད་ངོ་མཚར་བ་དག
དམྱལ་བར་ལྷུང་སོང་ངམ      ཟུངས་ཁྲག་བཞུར་སོང་ངམ
གང་ལྟར   ང་ནམ་ཡང་ཕོ་བྲང་པོ་ཏ་ལའི་གམ་དུ་ཡོད་ངེས

                  དགུ་གསུམ་པ།

དྲན་རྟོག་ངོས་ཀྱི་རེ་འདུན་སྣུམ་པོ
ཞོགས་པ་ཞིག་གི་འདས་མཆོད་དང་ལྷན་དུ
དབྱར་མེད་པའི་རི་ལུང་གི་ཕྱི་ནང་ཉུལ་དུས
བཀྲེས་སྐོམ་གྱིས་དབུལ་བའི་སྲོག་གི་དྲི་ཞིམ་སྣ་ཚོགས
འགྱུར་སླ་བའི་གནམ་ཟླ་འདིའི་འཚོ་གཞིས་གཅིག་པུ་རུ་གྱུར
ད་དུང    ཆག་གྲུམ་འཆོར་ལ་ཉེ་བའི་སྤང་ཐང་དེ་ན
སུས་ཀྱང་ཚོར་མི་སྲིད་པའི་རྟག་བརྟན་གྱི་ཉིན་མོ་ཞིག་ཡོད་སྲིད་དམ
དེ་བས    འཇའ་ཚོན་གྱི་གཟུགས་སུ་གྲུབ་པའི་དུས་ཚོད་ཀྱི་སྣེ་མོ
འོད་ཀྱི་ལྡེ་མིག་ཅིག་ལ་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར

                    དགུ་བཞི་བ།

ནམ་རྒྱུན     རྨི་ལམ་གྱི་ཁོང་གསེང་ཉུལ་བའི་བེམ་པོ་རུལ་བོ
མདོག་མེད་པའི་ཉིན་མོ་དག་གི་འགལ་ཟླར་གྱུར་ཚེ
ཕྱི་གསལ་ནང་གསལ་གྱི་ལག་པ་གཉིས་ཀྱིས
མུན་པའི་སྒོ་གླེགས་ཤུགས་ཀྱིས་རྡུང་སྲིད་པས
ངས་རང་ཉིད་ཀྱི་མིག་ཆུའི་ཁུར་བོ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས
སུ་ཞིག་གི་བསླུ་བྲིད་ཀྱི་གཡབ་མོར་ལག་བརྡ་བཏང་ཡང
གཉིད་ལས་སད་མེད་པའི་ངོ་གདོང་སྐམ་པོ་དེ་དག་གི་ཆེད་དུ
བརྟན་བརླིང་དུ་གྱུར་བའི་མནར་གཅོད་ཀྱི་མེ་ལོང་ངོས་ནས
བོར་སོང་བའི་རུས་པ་དཀར་པོ་དག་རྙེད་པར་དཀའ་ཨང

                    དགུ་ལྔ་བ།

སྐར་མའི་རྣམ་ཤེས་དང་ཐག་མི་རིང་བའི་དབུགས་ཀྱི་རྒྱུ་བ་རེ་རེའི་ཁྲོད་དུ
ཕྱིར་ལྡོག་མེད་པའི་གཟུགས་རིས་མང་པོ་རུམ་ལ་བཅུག་ཀྱང
རྩྭ་གསེང་ནས་རྒས་སོང་བའི་དུས་ཡུན་ཐུང་ངུའི་ནང
མཐའ་མི་མངོན་པའི་དགོང་ཁའི་ཉི་ནུབ་མ་གཏོགས
ངའི་ཡོད་ཚད     གྲིབ་མའི་ཁ་ཟས་སུ་གྱུར་ནས
མཐའ་མར      ཁེར་རྐྱང་གི་རྡེའུ་ཆུང་ཆུང་ཞིག་ཏུ་གྱུར
ལྷག་པར་དུ    ལོ་རེའི་དུས་མཚམས་འདི་ལ་ཐོན་མ་ཐག
ཕྱི་རོལ་གྱི་ཁ་ཆར་བུ་ཡུག་ལ་གདོང་གཏད་དགོས་ལ
ནང་སེམས་ཀྱི་སྐྱོ་གདུང་ཡང་་་་་

                  དགུ་དྲུག་པ།

ཆགས་པའི་ཁུ་བ་བརྩེ་བའི་ངོ་བོར་འཁྲུལ་མ་ཐག
འབྲོག་སྡེའི་བྲང་ཁ་རུ་འཁྱིལ་བའི་ཞེ་རྩ་དྭངས་མོ་དེ་བསྐྱུར་ནས
ཨ་གསར་གྱི་ཆང་དྲི་གང་སར་འཐུལ་བའི་སྲང་ལམ་ཞིག་ཏུ
བསླུ་བྲིད་ཀྱི་སྐུད་ལམ་མཆི་མས་རློན་མཁན་ཚོས
བརྩེ་དུང་གི་གཏམ་རྒྱུད་སྐྱི་གཡའ་བ་དེ་དག་ཆང་ལ་བཅོལ་རྗེས
རློམ་དཀའ་བའི་གློག་ངོས་ཀྱི་འཇིགས་སྣང་ཡོད་ཚད་དང་ལྷན་དུ
ནད་ཀྱིས་བཟུང་བའི་གྲོང་ཁྱེར་འདིའི་དགོང་མོའི་ཆུ་ཚོད་དགུའི་སྟེང
སྐྱེ་བ་འདིའི་ཐ་སྙད་ཀྱི་ཡང་སྙིང་ལྕི་མོས་ངལ་གསོ་རེ་བྱེད་སྐབས
སྒེའུ་ཁུང་ལས  ཕ་ཡུལ་གྱི་རི་ཆུ་ནགས་གསུམ་མཐོང་མ་བྱུང་ཨང

                   དགུ་བདུན་པ།

ད་ནི     དགུན་གྱི་སྤྱི་གཙུག་ན་འབར་བཞིན་པའི་སྨྲེ་སྔགས་ཀྱི་འོ་དོད
རྒྱང་རིང་གི་ཚེ་སྲོག་གཉོམ་པོའི་ཁྱུར་མིད་གཏོང་བར་སྐྲག་ནས
ཡིད་འོང་གི་སྨུག་རྒྱུའི་གྲོང་གི་སྒྱུ་མ་མཁན་གང་ཞིག་ལ
ཕྱིར་དྲན་གྱི་ལུང་མདོ་ནས་ལུས་སོང་བའི་ཆག་སྒོ་སྣ་ཚོགས
སྐྱོ་ངལ་གྱི་འགྱུར་ཁུགས་རེ་རེ་ན་ཡོད་དམ
མནར་གཅོད་ཀྱི་ཉེ་འགྲམ་རེ་རེ་ན་ཡོད་དམ
གང་ལྟར   ངས་དགུན་གྱི་འཇིག་རྟེན་འདི་མཐོང་འདོད་ཨང
སྐད་ཅིག་ཉིད་ལ    ཤར་ཕྱོགས་ཀྱི་དཀྱིལ་དབུས་ནས
གྲིབ་མ་མེད་པའི་ཉི་འོད་བཞིན—

                   དགུ་བརྒྱད་པ།

ལོ་ཟླའི་འགྲུལ་བཞུད་ཀྱི་མཇུག་མཐའི་སྟོང་ཆ་དེའི་ནང་གི
སྟེས་དབང་གིས་འཕྲད་པའི་སྙན་ཚིག་དམར་པོ
གསལ་ལ་མི་གསལ་བའི་ཞེན་ཆགས་ཀྱི་ཡིག་འབྲུ་ནག་པོ
རིམ་བཞིན  དོ་སྣང་ཅི་ཡང་མེད་པའི་ཕྱི་དྲོ་ཞིག་ལ
ཀླད་པའི་ནང་ངོས་ཀྱི་གཙང་བོའི་ཁ་མདོག་བཞིན་འགྱུར་སོང
སྒྲ་མེད་པའི་ཉིན་མཚན་གོ་ལྡོག་གི་དུས་དེར
གཞིས་སྡོད་བྱས་ཡོད་པའི་འཚོ་གནས་ཀྱི་མཁའ་དབྱིངས་ནས
ང་ལ་དབང་བའི་རེ་བའི་འོད་ཟེར་དེ་ཇི་ལྟར་ཡང་བཙལ་མ་རྙེད་པས
མིག་མདུན་གྱི་འུར་ཟིང་ལ་རྣ་བ་གླན་ནས་གཉིད་ཐུབ་མི་འདུག་ཨང

                       དགུ་དགུ་བ།

འདི་ལྟར   རེ་སྨོན་གྱི་ཁུར་བོ་མང་པོ་ཞིག
ཡུན་རིང་ལ་བཙལ་བའི་ལན་ཆགས་དེའི་ཕྱེད་ཀ་རུ་གྱུར་དུས
ས་ཞིག་གི    དོན་ལྔ་སྣོད་དྲུག་གྱི་ཁུག་མའི་ནང་དུ
ད་དུང་ཡང    སྐྱོ་འཛུམ་གྱི་མིག་མདངས་དེ་ཡལ་མེད་དམ
གང་ལྟར   ཡོད་ཚད་མཇུག་སྒྲིལ་ལ་ཉེ་བའི་བར་གླགས་འདིར
ལྗང་མདོག་གི་དབྱར་ཁ་གཞན་ཞིག་སླེབས་ཀྱང་སྲིད་མོད
འོན་ཀྱང   ངའི་རིགས་ཞེན་གྱི་ཕུང་བོ་འདིའི་ཡན་ལག་རེ་རེ
གནས་ངེས་མེད་ཀྱི་མི་ཚོགས་མང་པོའི་ཁྲོད་དུ
ཇི་འདྲའི་ཉམ་རེ་ཆུང་ཨང    ཉམ་རེ་ཆུང་ཨང
སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་དགུ་དགུ་བའི་ཉིན་དགུ་བར་ཡོངས་སུ་བྲིས་ཚར།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=973