༈བྱེའུ་ཆུང་།

རྩོམ་པ་པོ། སོར་རྡེའུ།

དུས་ཚོད་ག་ཙམ་འཁྱག་ལ་བརྡར་བའི་མོད།།
སེམས་ནི་རླུང་གིས་ཟོས་པའི་སྐར་མ་བཞིན།།
ཁྱོད་ཀྱི་དྲན་པར་ལྷེམ་ལྷེམ་པར་དུ་བཏབ།།
ཐག་པས་འཇིག་རྟེན་ཉི་ཟླ་དཀྲིག་པའི་ཁྲོད།།
ཆར་ནག་གས་པའི་ཟོལ་ཀྱང་ཤིན་ཏུ་མང་།།
རྣམ་རྟོག་དྲ་བ་དྲ་ཕྱེད་ནགས་ཚལ་སྣང་།།
ལྕང་ལོ་རི་མོའི་ཚོན་དུ་ཐགས་སུ་བཀྲ།།
ཞལ་ངོ་ཀུན་ཀྱང་ཡིད་ཀྱི་ཐང་ལ་གསལ།།
ཕྱིར་མིག་རི་མོ་ཡུལ་ཡུལ་ཞེ་རུ་ཕབ།།
གཅིག་པུར་སྨག་རུམ་བཟོས་ཏེ་ཁྱོད་ལ་བལྟས།།

འོད་ཀྱི་སྤང་ལ་ཤར་བའི་ཉི་འོད་ཀྱིས།།
ནམ་མཁའི་གཙང་བོ་ལྡག་བཞིན་མདུན་དུ་འགྲོ།།
འཕགས་མའི་ལག་པ་གྲིབ་མའི་ངོགས་སུ་བསྲིངས།།
སྐར་མའི་ཕག་ཏུ་དགུན་ཁ་ཕྲུམ་ཕྲུམ་བྱོལ།།
བྱེ་མའི་མིག་མཐར་རི་བོ་ཙོག་ཙོག་འཐེན།།
ཁ་བའི་སྐྲ་ལོ་ངོས་ཀྱི་སེམས་སུ་འཐོར།།

2019.10.21དབུས་སུ་གྲུབ།

༈དགུན་གྱི་བྱ་རྒོད།

ཁ་ངོ་དམར་ནག་ཆགས་པའི་དགུན་ཁ་དེ།།
སྡོང་ལོ་རྙིད་པའི་རླུང་གི་ངོ་ན་བརྡར།།
ལོ་ཟླ་ཉི་ཐིག་བཏགས་པའི་བར་གླགས་ནས།།
རླུང་གི་དོར་མ་གྱོན་པའི་ཤན་པ་ཁྱུ།།
གཙང་བོ་རབ་མེད་མཐའ་རུ་ཕན་ཚུན་འཕྲད།།
ཉི་ནུབ་འཚབ་ཅིང་དུས་ཚོད་འཚིག་སྟེ་སོང་།།

ཁ་རླུང་སྟུག་པོ་གསེབ་ཏུ་རྨི་ལམ་ཚོམ་བུ་ཆག།
བར་སྣང་བྲང་ལ་བཏབ་པའི་དྲན་གདུང་དེ།།
ཆུ་འགྲམ་གཡས་གཡོན་གཉིས་སུ་ལིང་ལིང་འཕྱོ།།
ཁེར་རྐྱང་རྩ་ཚིག་དུ་མར་དབྲལ་རྗེས་སུ།།
གློག་ཞགས་ལྡེམ་པོ་འཁྱུག་པའི་ཁུག་སོ་ན།།
བྱ་རྒོད་བྲང་ལ་འཕུར་བ་མཐའ་མ་ཡིན།།

ངེད་ཅག་ས་ཁྲ་ཞིག་གི་དྭ་ཕྲུག་ཡིན།།
གཡུ་ཡི་མེ་ལོང་འགྲམ་པའི་ཚུགས་ཀ་ཡིན།།
དྭངས་མཐའ་རབ་ཏུ་དཀའ་བའི་དགུན་གཞུང་ཡིན།།
སྲོག་གི་སྤེན་མ་སྤང་གི་འཁར་བ་ཡིན།།
ཚིག་མཛོད་རལ་བའི་ཡིག་ནོར་ཞེ་ཅིག་ཡིན།།
སྲོད་ལ་འཁྱར་བའི་གྱང་ཆག་ཁྱུ་ཞིག་ཡིན།།

ཐོ་རེངས་གསལ་རྗེས་གངས་ཀྱི་རི་མོ་ཡོད།།
ཤོག་དཀར་ངོས་སུ་ཉིད་ཀྱང་མཚོན་པ་ཡོད།།
རྩྭ་རྐང་རེ་གཉིས་ཞེ་རུ་གསལ་བ་ཡོད།།
གྲིབ་མས་ཁྱོད་རང་འདེད་པ་ཤ་སྟག་ཡོད།།
ཉལ་ཁྲི་བོར་རྗེས་ཁེར་ཆད་སྐྱེ་རྒྱུ་ཡོད།།
སྟོན་མཇུག་རྒས་ཀྱང་དགུན་ཁ་ཚེས་རྒྱུ་ཡོད།།
སྐྲ་ལོ་གསེབ་ཏུ་ལོ་ཟླ་སྦས་ནས་ཡོད།།

2019/1019དབུས་སུ།

 

༈ཁ་བ་མེད་པའི་དགུན་ཁ།

 

དོ་ནུབ་ང་རང་དགུན་གྱི་ཁུ་བྱུག་ཞིག་ལྟར།།
རྨི་ལམ་ཐགས་སུ་བཀྲ་བའི་བྱ་རྒོད་ཁྲོད་ནས།།
ཡས་འབབ་མས་འཕུར་ཟོལ་གྱིས་ཇི་ལྟར་ལྡིང་ཡང་།།
སྙིང་པོ་མེད་པ་དག་ལ་དགོངས་དག་ཞུ་འོས།།
རླབས་ཀྱི་སོར་མོས་ཕྱིར་མིག་ཤོག་ལྷེ་དབྲལ་སོང་།།

དོ་ནུབ་ཁྱོད་ཀྱང་སྨུག་པའི་དྲ་མ་རྒྱབ་ཏུ།།
རེས་གསལ་རེས་མོག་ཤེལ་གྱི་འཁོར་བ་ཕག་ན།།
རླུང་དང་དབྱེར་མེད་འདྲེས་ནས་ཁོ་བོའི་མིག་མཐར།།
ལས་ཀྱི་ཙག་རླུང་དྲག་ཏུ་ལྡང་བ་ཙམ་གྱིས།།
མི་ཚེ་ཆར་ནག་འཚུབ་མ་ཡིན་ན་སྙམ་ཡོད།།

དོ་ནུབ་གཅིག་པུ་ཕྱི་སྒོ་ནང་སྒོ་བརྒྱབ་སྟེ།།
ཅིས་ཀྱང་སེམས་གཏམ་མཐའ་དག་རྩྭ་རུ་སྦས་ཀྱང་།།
འོད་ཀྱི་རྩིག་ལྡེབས་ངོས་སུ་གྲིབ་ནག་གཤར་ཏེ།།
ལམ་གྱི་སྣེ་གཉིས་སྨུག་པས་གསུབ་པར་འདུག་གོ།།
འཕྲུལ་གྱིས་བསླུས་པའི་ཁྱོད་ནི་གང་དུ་ཡོད་དམ།།

དོ་ནུབ་སྡོང་ལོ་ཀྲིག་ཀྲིག་འཐོར་བའི་མོད་ལ།།
སྟོན་མཇུག་གྱོལ་ཏེ་ལན་མང་གཉིད་ལྕོག་བྱེད་དོ།།
ཉི་ནུབ་དུ་མ་མགོ་བོ་དུད་དེ་ཡོལ་སོང་།།
མིག་ཟུང་ཟླ་ཚེས་གསེབ་ཏུ་མངོན་རྒྱུ་མ་བྱུང་།།
དུས་ཚོད་སྨག་གིས་ཟོས་ཏེ་རྫོགས་པར་གདའ་འོ།།

2019/10/19དབུས་སུ།

༈མུན་ནག་ནང་གི་ལག་པ།

 

ཁོ་རེ་བསླུ་བྲིད་ཐེབས་པའི་ཁོར་ཡུག་འདི་འདྲ་ལ།།
ཁོ་རེ་སྐར་མ་ཡག་དུས་སེམས་གཏམ་མི་བཤད་རོགས།།
ཁོ་རེ་ཚེ་ཡི་ཉི་མ་སྔར་ནས་ཕེབས་ཚར་སོང་།།
ཁོ་རེ་ང་ལ་རྨི་ལམ་དཀར་ནག་མ་རྨིས་ཨང་།།
ཁོ་རེ་ང་རང་རྩེད་ཆས་ཤིག་ཏུ་མ་བསྒྱུར་ལགས།།
ཁོ་རེ་མུན་ནག་་གླུ་སྐད་ལག་ཏུ་སྤྲད་རོགས་ཞུ།།
ཁོ་རེ་མི་ཚེ་སྒྲིག་ཆས་ད་རུང་ཚར་མེད་པས།།
ཁོ་རེ་སྙིང་པོ་མེད་པ་དེ་དག་མ་སྨྲ་ཨང་།།
ཁོ་རེ་མིག་ཟུང་བར་སྣང་པང་དུ་དཔྱངས་གྱུར་ཀྱང་།།
ཁོ་རེ་ལམ་སྣེ་ཡིད་འགྱུ་དངུལ་ལོས་གང་བ་ལ།།
ཁོ་རེ་སྤྲིན་ནག་ཕར་སྒྲིབ་ཚུར་སྒྲིབ་གཡས་གཡོན་དུ།།
ཁོ་རེ་རྫ་བུམ་སིལ་བུར་གས་ཏེ་འགྲོ་ལམ་བོར།།
ཁོ་རེ་ཤིན་ཏུ་གནག་པའི་མུ་ཏིག་ངོ་མདངས་ཀྱིས།།
ཁོ་རེ་མི་ཚེ་དབྱར་དགུན་སྟོན་དཔྱིད་ཆར་དུ་ཉིལ།།
ཁོ་རེ་གམ་ན་འགྲེ་ལོག་རྒྱག་བཞིན་ཅི་ཞིག་འཚོལ།།
ཁོ་རེ་འོད་ཀྱི་ཕ་བོང་གས་པར་འགྱུར་སོང་ངོ་།།
ཁོ་རེ་ཐལ་མོ་ཐྲིག་ཐྲིག་རྡེབ་དགོས་ག་རེ་ཡོད།།

ཁོ་རེ་སྒྱུ་འཕྲུལ་དྲ་བར་བསྐོར་བའི་འཁོར་བ་རུ།།
ཁོ་རེ་གློ་ཉེ་མི་རྣམས་ག་པར་ཕྱིན་སོང་ཀོ།
ཁོ་རེ་སྨྲ་བ་བཙུམ་སྟེ་ཡུན་རིང་བསྡད་པ་ན།།
ཁོ་རེ་སྡུག་ལ་སྦྱར་བའི་སེམས་ཉིད་སུ་ལ་བརྗོད།།
ཁོ་རེ་ཉིན་མཚན་སྲུབས་ཀར་འཆར་བའི་བུད་མེད་དེ།།
ཁོ་རེ་བརྗེད་དུ་བྲལ་སོང་མཆི་མ་དཀུ་སྙིང་བྲོ།།
ཁོ་རེ་ཅིས་ཀྱང་ཡིད་ལ་བརྣགས་པའི་ངོ་གདོང་ཚོགས།།
ཁོ་རེ་གཅིན་པ་ཤག་ཤག་གཏོང་དུས་ལྷག་ཏུ་དྲན།།
ཁོ་རེ་ཟླ་ཚེས་བྲིས་ཏེ་དྲན་པ་བསྲུང་མགོ་བརྩམས།།
ཁོ་རེ་རྒྱུ་སྐར་ཕུ་དུང་ནང་ལ་བཅུག་གིན་དུ།།
ཁོ་རེ་བདག་གི་ཁངས་ནག་ཚེ་མཇུག་བར་དུ་བསྐྱངས།

ཁོ་རེ་སྣང་བ་ཨ་འཐས་གྱུར་པའི་དབྱར་ཁའི་གྲོང་།།
ཁོ་རེ་མཚན་མོའི་ལྷིང་འཇགས་བྱ་དང་བྱེའུས་དཀྲོགས།།
ཁོ་རེ་སྐར་འོད་ངོ་མདོག་ཤོར་ཏེ་གྲང་འདར་བརྒྱག།
ཁོ་རེ་ང་རང་རྡོ་ཐོག་ཡང་ཡང་ཐོགས་དགོས་བྱུང་།།
ཁོ་རེ་ནད་ཀྱིས་ཟིན་པའི་དུས་ཚོད་རྙིད་དེ་སོང་།།

2019/9/6ལ་དབུས་སུ་གྲུབ།

༈ང་རང་གཉིས་ཅིའི་ཕྱིར།?

—བུ་མོ་ཞིག་ལ།

ཁྱོད་རང་ཅིའི་ཕྱིར་ཉི་འོད་ཞེད་པ་ཡིན།།
ཁོ་བོས་དྲན་གདུང་སྒོ་གླེགས་དྲག་ཏུ་བརྡུང་།།
ཨ་ལན་ཟད་པའི་ཐ་སྙད་འཆི་འཕོ་རེ།།
སང་ཕོད་འབྱོན་རྒྱུ་མེད་པ་ཨེ་ཡིན་འདྲ།།
བསམ་བློ་ལན་མང་འདོན་པའི་ཡུགས་ས་མ།།
ད་ལྟ་སྐོར་ལམ་ནང་ན་ཁྲག་གིས་ཚོས།།
བརྩེ་དུང་རི་བོའི་རྒྱབ་ཀྱི་ང་རང་གཉིས།།
ཆུ་ནག་འོད་དཀར་ཞིག་ལ་སྒུག་དགོས་སམ།།
མུན་པ་གསལ་རྗེས་སེམས་ཉིད་གང་དུ་ཡོད།།
རྡོ་བའི་རྩིད་པ་དཀར་ནག་བསླས་པའི་མགུར།།
བར་སྣང་ཁང་སྟོང་ནང་ནས་བླངས་པ་ཡིན།།
སྙན་པོ་མེད་ཀྱང་ཁྱོད་ཉིད་དགའ་ཕྱིར་ཡིན།།
ལྐོག་གྱུར་མེ་ཏོག་གད་པའི་གབ་ཚིག་དེ།།
མེ་ལ་བསྲེག་ཀྱང་ཚེ་གང་ཟད་མཐའ་མེད།།
དུས་ཚོད་ཉེར་བཞི་ཐག་པའི་གྲུ་གུ་སྣེར།
ལན་རེར་དྲ་ཞུགས་ཡོད་ཀྱང་མེད་པ་ངས།།

“ཤི་མིག་དུར་ཁུང་ནང་ནས་”ཁྱོད་ལ་བལྟས།།

   2018     12/   27དགྱ་ནག་ཏུ་སྦྱར།
(1)བོད་ཀྱི་སྙན་ངག་སྨྲ་བ་དཔལ་སྤྲུལ་རིན་པོ་ཆེའི་<<གཏམ་པད་མའི་ཚལ་གྱི་ཟློས་གར་>>ལས་ཁོལ་དུ་ཕྱུང་བ་ཡིན།
(2)སྙན་ཚིག་འདི་འབྲི་མཇུག་རྫོགས་དུས་ང་རང་དངོས་གནས་སྐྱོ་གདུང་གིས་ཁེངས།

 

…….
མྱ་ངམ།
གྲང་རླུང་།།

2019/10/15དབུས་སུ་གྲུབ།

 

༈འགྱོད་གདུང་།

ཐོག་མར་གྲིབ་རིས་ཕོན་པོ་དང་བཅས་ཐལ།།
ཚ་གདུང་ལྕང་སྡོང་འོག་གི་མིག་ཟུར་ལས།།
ང་ཡི་ནགས་ཀྱི་བྱེའུ་ཁྱུ་ཅག་ཅག་འཕུར།།
རྟ་ཡན་རེ་གཉིས་ཞོགས་པའི་ཕར་སྣེ་རུ།།
ཤོག་དཀར་ངོགས་སུ་ཞལ་རས་མང་པོ་འབྲི།།
དྲན་པ་རྡོ་ཐག་རིང་བའི་འཆར་ཡན་འབྲི།།
ཕྱི་ཡི་རི་མོ་ནང་དུ་གསལ་བར་འབྲི།།
མེ་ཕུང་ཨེན་ཙམ་མདུན་ཕྱོགས་སྤར་ན་ཡང་།།
ཧ་ལོ་གངས་ཁྲོད་བཞིན་དུ་རབ་རིབ་གྱུར།།
རང་ཉིད་དེ་ཡི་སྟོང་བསམ་བར་སྣང་ངོས།།
ཆུ་ཐིགས་ཤིག་གིས་མགོ་བོ་སྦྲིད་པར་བྱས།།
འགྱོད་གདུང་ཉལ་ཐ་སྐལ་བའི་མཐའ་རུ་འཐེན།།
རང་གིས་རང་ལ་ཆོ་ངེ་བསྟུད་མར་འདོན།།
སྡུག་བསྔལ་དྲི་ཡིས་མ་འོངས་པ་ཡང་བརྗེད།།
དངོས་གནས་དུས་ཚོད་ནད་ཀྱི་འཆི་བ་རེད།།
དར་ཅིག་སེམས་ཀྱི་སྣང་ཚུལ་ཐམས་ཅད་ཟོས།།
ཞལ་ཟུར་མེ་ཏོག་ཁ་དོག་ནག་པོར་བསྒྱུར།།
ཤེལ་ཆག་ནང་གི་དུས་ཚོད་ལྷག་མ་རེ།།
ཁོ་རེ་ད་དུང་ང་ལ་ཕྱིར་སྤྲོད་རོགས།།
སེམས་ཉིད་གང་དུ་སྤུར་ཡོད་སུ་ཡིས་ཤེས།།

མདང་གི་མཚན་ནམ་སྙན་ཚིག་འབྲི་རོགས་ཁྱེད།།
དུ་བའི་ཨ་ལོང་བརྒྱུས་པའི་ཁང་ཀླད་སྟེང་།།
གུས་པའི་ཁེར་རྐྱང་ལུག་ཁྱུ་དཀར་ནག་ཕབ།།
ལས་ཀྱི་རླུང་གིས་ང་རང་ཕར་རྒྱབ་དྲུད།།
མཆོད་མེ་ལྷེམ་ལྷེམ་རབ་ཏུ་འབར་བའི་མོད།།
དགོང་ཀའི་གྲིབ་མས་མི་ཚོགས་གྲུབ་པར་བྱས།།
ཕྱེ་ལེབ་ཅིག་གིས་གཤོག་ལྕག་ལན་མང་བརྒྱག།
དུས་ཚོད་འདི་འོ་ཞེས་ཀྱང་བརྗོད་དུ་མེད།།
ཅིས་ཀྱང་མཚོན་པར་དཀའ་བའི་མི་སེམས་ཀྱིས།།
སྐྱོ་གདུང་ན་བུན་ཤང་ཤང་འབབ་དགོས་བྱུང་།།
དེའི་ཕྱིར་དུས་ཚོད་ཁ་བས་བཟའ་རོགས་ཨང་།།

2019   / 4/27དུས་ཆད་བཏབ་པའི་བུ་མོ་ཞིག་ལ་མ་འཕྲད་རྐྱེན་སྐྱོ་གདུང་ཆེན་པོས་བྲིས་སོ།།

 

༈ངས་ཁྱོད་ལ་ཅི་ཞིག་འབོད་དགོས་མ་ཤེས།

 

གལ་ཏེ་མཛུབ་མོ་ནང་དུ་གུག་པའི་ནང་།།
རྩིག་པའི་ཁྲོད་ནས་བྱ་ཁྱུ་འཕུར་དུས་སུ།།
མེ་ཏོག་ཅིག་གི་མིང་ནས་བརྗེད་རོགས་ལགས།།
ཕྱི་དྲོར་གུག་པའི་ཉི་གྲིབ་ལག་པ་ཙམ།།
གྱེས་ཕྱག་ཕུལ་ཏེ་ངོས་ཀྱི་མགོ་བོ་བཅག།
སྨིན་མ་ཕྱི་རོལ་གཡེང་བའི་རི་བོའི་ཉག།
བརྩེ་དུང་དེ་བཞིན་ཤིན་ཏུ་སྐྱོ་གར་འོང་།།
མི་ཚེ་དེ་བཞིན་མགོ་ཐོག་སྨག་ལས་ནག།
འཆར་སྣང་ཟ་ཟིས་བསྐྲུན་པའི་འོད་ཕུང་ཟུར།།
སྒོ་མོ་གཏན་ཞིང་དྲན་པ་གཏིང་དུ་བཀྲུས།།

ཁྲག་གི་གཤོག་པ་གཡོབ་པའི་བར་སྣང་ངོས།།
རྨི་ལམ་དཀར་ནག་ཚོམ་བུ་བྱས་ནས་བསྒྱེལ།།
ཞལ་ནག་རབ་རིབ་ཆགས་པའི་མཚམས་ལོགས་སུ།།
ཕྱིར་མིག་ཁྲོད་ཀྱི་ཟླ་ཚེས་རལ་བར་སོང་།།
ཕྱོགས་ཀྱི་ག་ལ་བ་དེེར་རྩྭ་ལྡུམ་གྱིས།།
ར་སྐོར་ནང་དུ་སྐར་མ་ཆགས་པར་བྱས།།

          2018     / 5/8
2018     /6/1བསྐྱར་བཅོས་བྱས།
2019/10/30བསྐྱར་དུ་བཅོས།

 

བུ་མོ་དེ་དྲན་དུས་སྟོན་མཇུག་ཡིན།

 

རླུང་གི་ཞལ་ངོ་མཐའ་དག་བས་མཐར་བསྐུར་ཡོད།།
སྡོང་ལོ་ཤེལ་ངོར་ཆགས་པའི་ང་ཡི་ངོ་གདོང་།།
བླ་གཡུ་སྔོན་པོ་འདོགས་པའི་བུད་མེད་དེ་ཡིས།།
ཤར་ལྷོར་སྐར་མདའ་མཆེད་པའི་སྨིན་མ་ཀེམ་ཀེམ།།
དགུན་གྱི་འཇིག་རྟེན་གླུ་རུ་ལེན་པ་འདྲ་འོ།།
གླུ་ལ་འཁྱུད་པའི་ཚིག་གི་ལུག་ཁྱུ་རེ་རེ།།
ག་ཤེད་ལྡང་ཞིང་གང་ནས་གཤར་བར་བརྩམ་འོང་།།
ཤོག་དཀར་ངོས་སུ་བྲིས་པའི་རླབས་ཀྱི་གྲོང་ཁྱེར།།
རྩྭ་སྐྱའི་ལྦུ་བ་ཕར་ནང་ག་ལེར་གཤར་རོ།།
ཁྱོད་ལ་བྲིས་པའི་མཚན་མོའི་སྙན་ཚིག་དེ་ཨང་།།
ཞག་ནག་དུ་མ་བརྗེས་ཏེ་ཉར་རྒྱུ་བྱུང་ན།།
སེམས་པའི་ཕག་གི་གཡུང་དྲུང་རི་མོ་དེ་ཡིན།།
རྡོ་བའི་ཆར་འབྲུ་འབབ་པའི་འཁོར་བ་པ་རྣམས།།
གན་དང་གན་ན་རྐང་འཇབ་ལག་འཇབ་གྱུར་སོང་།།
གད་སྙིགས་ཁྲོད་ཀྱི་འཆལ་མོ་དེ་དག་དྲན་དུས།།
ཤེལ་དམ་སྟོང་པ་མཁའ་རུ་གཅོག་དགོས་བྱུང་འོང་།།

ཉལ་ཁྲི་མེད་པའི་རྨི་ལམ་མུན་པས་དྲུད་དེ།།
བྱིས་པ་དག་གིས་གྲིབ་ནག་ཟླ་འོད་སྒྲུག་གིན།།
སྐྱི་བསེར་རླུང་གིས་དགུན་ཁ་ཤར་ཤར་ཁུར་པས།།
རྟག་ཏུ་སླེབ་ཐབས་བྲལ་པའི་ནམ་སྨད་ཞིག་ལ།།
སྤྲིན་ནག་ཁམ་མདོག་རྩྭ་སྐྱས་སྙན་ངག་གྱེར་དུས།།
སྤེན་མའི་མོ་མཚན་ཤེལ་ངོར་བྲབས་པར་བགྱིས་ཏེ།།
ཉིན་མོ་འདི་ཡང་ཆར་ནག་ཟོལ་གྱིས་གང་སོང་།།
བར་སྣང་འོག་འགྱུ་ནགས་ཚལ་སྟུག་པོ་ཀློང་དུ།།
ཤེལ་སྒོ་ཅི་རིགས་ཕྱེས་ཤིང་ཁྱོད་ལ་བལྟས་ཀྱང་།།
ཕྱི་རོལ་སྔར་བཞིན་མུན་པས་བཟུང་བ་ཞིག་རེད།།
ལག་པ་ཕྱི་ལ་བསྲིངས་ཀྱང་ངོ་གདོང་འཁྱག་གོ།།
ཁྱོད་རང་དྲན་པའི་སེམས་ནི་རླུང་གིས་ཟོས་ཚར།།
ད་དུང་ཨང་གྲངས་དུ་མ་མནན་དགོས་བདོག་གམ།།
སྐར་མ་ཁེར་འགྲོ་དེ་དག་འཁྱུག་ཙམ་ངང་ལ།།
ང་ཡི་མགོ་ཐོག་འཕུར་ནས་གྱེས་པར་གྱུར་ཏོ།།
2019/8/29དབུས་སུ་གྲུབ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=966