རང་ཉིད་སྙན་ངག་གིས་འཆིང་གྲོལ་བྱེད་ཚུལ།

(ཁ་བྱང་མཆན་འགྲེལ།)
-—- ཡང་ན་སྙན་ངག་དང་ཆེས་སེམས་ཐག་ཉེ་བའི་སྐད་ཆའི་ངུ་ལབ་རིང་མོ་དགུ་ཕྲུགས། གནམ་སའི་གཞན་སུ་ལའང་མ་ལྟོས་ཟང་ཐལ་དུ་བཟླས་པ།

༼༡ ༽

 

ད་ལོར་ངས་ཤེར་འཆལ་གྱིས་བཙན་གཡེམ་བྱེད་པའི་སྙན་ངག་མང་པོ་མ་བྲིས། རྒྱུ་མཚན་ངས་སྙན་ངག་ལ་སེམས་གཏིང་ནས་བརྩེ་དུང་ཞུགས་པས་སོ། ། གཞན་དག་གིས་ཚབ་མཚོན་མི་བྱེད་པའི་དད་མོས་དང་བརྩི་བཀུར་མངའ་བས་སོ། །

༼༢༽

མ་གཞི་སྙན་ངག་ནི་ཤེས་རབ་བསྲེགས་བཅད་བརྡར་གསུམ་ཡང་ནས་ཡང་དུ་བྱས་རྗེས། ཆེས་བརྗིད་ཅིང་བརླིང་བའི་གསེར་རྡོག་ལྟ་བུ་ཚིག་འབྲུ་རེ་གཉིས་ཤིག་ལས་རྙེད་ཐབས་བྲལ་ཞིང་། ནམ་ཡང་གང་དྲན་རྣམ་རྟོག་ལ་འཚང་ཡོང་བའི་ཡིག་ནག་དག་སྙན་ངག་ཡིན་མི་སྲིད་འདོད།

༼༣༽

དེ་བས་སྙན་ངག་གིས་མི་བུ་འགའ་ཞིག་ཀུན་སྤྱོད་རྣལ་མ་འཆོལ་བཅུག་པ་དང་། སྙན་ངག་གིས་མི་བུ་འགའ་ཞིག་རིག་གཞུང་གི་བླ་སྲོག་གཅོད་ཤོར་བ་སོགས་ནི་མི་སྒེར་གྱི་རིག་གནས་བྲན་གཤིས་ཀྱི་སྣང་ཚུལ་སྟུག་པོ་ཙམ་དུ་འཁུམས།

 

༼༤༽

སྙན་ངག་ལ་མི་རིགས་དང་གྲུབ་མཐའི་དབྱེ་འབྱེད་གནག་པོ་དེ་དག་མེད་ཀྱང་། སྙན་ངག་ལ་སྒོར་མོ་དང་མངའ་ཐང་གིས་གཅུན་སྡོམ་མི་ཐུབ་པའི་རང་གཤིས་མཁྲེགས་པོ་ཞིག་དང་། གཞན་གྱིས་དབང་སྒྱུར་གྱི་འོབས་ལ་མ་ཤོར་བའི་སྨྲ་བརྗོད་རང་རྐྱ་འཕེར་བ་ཅིས་ཀྱང་ཡོད་དགོས་ངེས།

 

༼༥༽

གནའ་དུས་སུ་སྙན་ངག་གིས་གང་ཟག་བྱིངས་རྣམ་དཔྱོད་གུ་ཡངས་པོར་བྱེད་ཅིང་། དེང་སྐབས་སྙན་ངག་གིས་མི་ཕལ་མོ་ཆེའི་བློ་གྲོས་དོགས་ཤིང་རྨུགས་པར་བྱེད་ཉེན་བས། སྙན་ངག་གི་གེགས་དང་གོལ་ས་ངོས་ཟིན་རྒྱུ་འགངས་ཆེན་དུ་སྣང་།

 

༼༦༽

ཞར་ཡང་སྙིང་པོ་མ་མཆིས་པར་སྙན་ངག་གོ་དཀའ་སླ་རྩོད་པ་སོགས་ནི་བསམ་གཞིག་གི་ཟོབ་རྫོབ་སྟོན་པ་ལས་ནང་སེམས་ཀྱི་བྱི་དོར་མ་ཡིན། གང་ལྟར་སྙན་ངག་ནང་སུས་ཀྱང་རོལ་མྱོང་འཛད་མཐའ་བྲལ་བའི་ལྷད་མེད་པའི་ཚོར་བ་ཟབ་མོ་ཞིག་སྦྲུམ་འོས་སོ། །

༼༧༽

ད་སྐབས་སྙན་ངག་འཁྲབ་སྟོན་པའི་གདོང་འབག་ཏུ་འགྱུར་བཞིན་པའམ། ཡང་ན་སྙན་ངག་བྱ་དགའི་ལག་ཆ་རུ་གདེག་བཞིན་པ་སྙན་ངག་ཤུགས་ཆེན་དར་ཞིང་རྒྱས་པའི་རྟགས་མ་ཡིན་ཏེ། སྙན་ངག་གི་ནང་ཁོག་རྒུད་ཅིང་ཆད་པའི་མཐའ་ལ་ལྷུང་བའི་རྟགས་མ་ནོར་པ་ཡིན།

༼༨༽

མེ་ལོང་མ་དང་རང་མོས་སྙན་ངག་གཉིས་ཀ་ལའང་གཅིག་གི་ཚབ་གཅིག་གིས་བྱེད་མི་ཐུབ་པའི་ཁྱད་གཤིས་མངའ་སྟབས། སྙན་ངག་ནི་དེ་གཉིས་ཀའི་ནང་སེམས་ཀྱི་འཇིག་རྟེན་མཐའ་མེད་པ་དང་ནང་སེམས་ཀྱི་སྐད་ཆ་ལྷད་མེད་དུ་གཏོགས།

༼༩༽

མཇུག་མཐར་ངས་ཆེས་བཤད་མོས་པ་ནི་སྙན་ངག་ནི་རྩོམ་གྲོགས་ཕྱི་ཐག་ཅན་དག་གིས་འགྲོགས་ཤིང་འདྲིས་ན་ཧ་ཅང་བློ་གཏད་འོས་པ་ལས། ཨ་གསར་དང་གཡམ་རྒྱུགས་བྱེད་མཁན་ང་ལྟ་བུས་ནམ་ཡང་ཟུག་རྔུ་བྱེད་ས་མེད་དོ་སྙམ། དགོངས་དག་་་ ་་་

 

2019/8/22ཉིན་སྙིགས་མའི་འཐོར་རླུང་གིས་ཁྱེར་བའི་ལྡོམ་པོ་མུན་གྲོལ་གྱིས་རྒྱ་ནག་གི་ལོ་རྒྱུས་རང་བཞིན་གྱི་གྲོང་ཁྱེར་ཤིས་ཨང་ནས་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=959