ཀ༽ བཀའ་གསུང་གནང་མཁན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།
ལགས་སོ། ཁྱེད་ག་བར་བཞུགས་བསྡད་ཡོད། ཁྱེད་ལ་བཀའ་འདྲི་ཞུ་རྒྱུ་གཉིས་ཤིག་ཡོད། གཅིག་དེ་གང་ཡིན་ཟེར་ན། ཕལ་ཆེར་ཁྱེད་ཀྱིས་རྒྱ་སྐད་ནས་ཚུར་བོད་སྐད་དུ་བསྒྱུར་པ་ཡིན་ས་རེད། རྒྱ་ནག་གི་བཙུན་པ་ཟེར་ན་གནས་བརྟན་ཧུའི་ནིང་(惠能)ཞེས་ཟེར་མཁན་དེ་ཡིས་མཛད་པའི་མདོ་ནང་བཞིན་གྱི་གཞུང་ཞིག་འདུག་པ་དེ་ངས་འཇལ་འདོད་ཆེན་པོ་ཞིག་བྱུང་སོང་། གང་ཡིན་ཟེར་ན་དབྱིན་ཇིའི་སྐད་ཐོག་ན་ཡོད་པ་ཞིག་ངས་ཧྲོབ་ཙམ་ཞིག་བཀླགས་མྱོང་། དེ་ཞེ་དྲག་ཡིན་འདོག་ཁ་པོ་ཞིག་འདུག
ཁ༽ བཀའ་ལན་འབུལ་མཁན། རྫ་ཚེ་རིང་བཀྲ་ཤིས།
རིན་པོ་ཆེ། བཀྲ་ཤིས་བདེ་ལེགས། རེད་ལགས། སློབ་དཔོན་ཧུའི་ནིང་གིས་མཛད་པའི་བསྟན་བཅོས་སམ་གསུང་མདོ་ལྟར་དུ་ཡོད་པ་དེ་ངས་བསྒྱུར་པ་ཡིན་ལ། བསྒྱུར་ནས་ཀྱང་འདི་ཁྱེད་ལ་ངེས་པར་དུ་ཅིག་འབུལ་དགོས་བསམ་ཡོད་ལགས། དེ་ཡང་དེབ་ལག་པ་ལ་བསླེབས་པ་དང་དྲ་ལམ་བརྒྱུད་ནས་རིན་པོ་ཆེར་གསལ་བཤད་ཅིག་དང་མཉམ་དུ་འབུལ་རྒྱུའི་བསམ་བློ་ཡོད། འདི་སོ་སོའི་ངོས་ནས་ལོ་འདིའི་རིང་དཀའ་ལས་ཅུང་ཟད་བརྒྱབ་ནས་བྱས་པའི་གྲུབ་འབྲས་ཞིག་མཆོད་པའི་ཚུལ་དུ་ཁྱེད་ལ་ཡར་སྙན་གསེང་ཞུ་དགོས་སྙམ་ཡོད་ལགས།
དེབ་འདི་སྤྱིར་བཏང་བོད་ནང་དུ་དཔར་སྐྲུན་བྱེད་བཞིན་པ་རེད། རྒྱ་གར་དུ་དཔར་སྐྲུན་བྱས་ནས་ཁར་རྩང་ཞོགས་པ་རང་ལ་དེབ་ལག་པར་འབྱོར་བ་ཡིན། དེ་ནས་ཁར་རྩང་ཕྱི་དྲོ་དེབ་གསར་པ་དེ་འགྲེམ་སྤེལ་གྱི་མཛད་སྒོ་སྟབས་བདེ་ཞིག་བཟོ་རྒྱུར་བྲེལ་ནས་བསྡད་པ་ཡིན། མདང་ནུབ་ནམ་དཀྱིལ་ཙམ་ལ་ལས་ཀ་ཚང་མ་ཚར་སོང་། དེ་ནས་དེ་རིང་ཞུ་དགོས་བསམ་བཞིན་ཡོད་དེ། རིན་པོ་ཆེས་ཚུར་བཀའ་མོལ་གསུང་གནང་འདུག
ང་ད་ལྟ་རྒྱ་གར་རྡོ་རྗེ་གདན་ལ་ཡོད། རིན་པོ་ཆེ་ད་ཆ་རྒྱ་གར་ལ་བཞུགས་ཡོད་པ་ཡིན་ན་ནི་ས་ཆ་གང་ན་ཡོད་ན་ཡང་ང་སྐུ་མདུན་ལ་ཆེད་དུ་གཅར་ཡོང་ནའང་འགྲིག ངས་ཀྱང་རིན་པོ་ཆེ་མཇལ་འདོད་ཧ་ཅང་ཆེན་པོ་འདུག་ལགས། ང་རྒྱ་གར་ནང་ཁུལ་ནས་སྡོད་ཆོག་པའི་ཝི་ས་(ཐོངས་མཆན་དུས་ཡུན་)ཉིན་ཉི་ཤུ་ནང་ཞིག་མ་གཏོགས་མེད། སྤྱི་ཟླ་དང་པོའི་ཚེས་པ་བཅུ་བདུན་ཡས་མས་ལ་ཕར་ཐོན་དགོས་པ་དེ་འདྲ་རེད། སྤྱིར་བཏང་ང་སྔར་མུས་བཞིན་ཨོ་སི་ཐྲོ་ལི་ཡ་རང་ལ་ཡོད་རེད་ལགས།
དེ་མིན་དེབ་དེ་ནི་རིན་པོ་ཆེ་གང་དུ་འཕྲོད་དགོས་ཀྱང་། མི་བརྒྱུད་ནས་སྐུར་དགོས་ན་འདྲ། སྦྲགས་ཐོག་ནས་སྐུར་དགོས་ན་འདྲ། དུས་ཐོག་ནས་འབུལ་ཐུབ་པ་ཞུ་གི་ཡིན་ལགས། རིན་པོ་ཆེས་ད་ལྟ་ང་ལ་དེབ་འདི་གཟིགས་འདོད་ཆེན་པོ་ཡོད་གསུངས་པའི་སྐོར་འདི་ངས་སྒྲ་བླངས་ནས་དྲ་ཐོག་ལ་བཞག་ན་ཆོག་གམ། དགག་བྱ་མེད་ན་ངས་དེ་བཞིན་ཞུ་འདོད་འདུག
དེ་ཡང་སྤྱིར་བཏང་དེབ་འདི་འཛམ་བུ་གླིང་ལ་ཧ་ཅང་སྐད་གྲགས་ཆེན་པོ་རེད་འདུག དབྱིན་ཡིག་ཁོ་ནའི་ཐོག་ལའང་འགྱུར་མི་འདྲ་བ་བཅུ་ཙམ་ཡོད་པ་དེ་འདྲ་གསུངས་འདུག ཡིན་ན་ཡང་བོད་ལ་མཚོན་ན། བསྟན་བཅོས་འདི་མཚམས་སྦྱོར་ཞུ་བ་ཐོག་མ་འདྲ་ཞིག་ཡིན་དུས་མི་མང་པོ་ཞིག་གིས་དོ་སྣང་ཡོང་བའི་ཆེད་དུ་རིན་པོ་ཆེའི་བཀའ་མོལ་འདི་ངས་(ཞེ་ས་མ་ཞུས་ན་)བེད་སྤྱོད་ཅིག་བཏང་བཞག་ན་འགྲིག་ན་ནི་འཕྲི་སྣོན་དེ་འདྲ་གང་ཡང་མེད་པའི་ཐོག་ནས་རིན་པོ་ཆེས་བསྟན་བཅོས་འདི་ལ་ཐུགས་སྣང་གནང་གིན་འདུག་ཟེར་བ་དེ་འདྲ་ཞིག་གི་ཐོག་ལ་འཇོག་གི་ཡིན།
དེ་བཞིན་འདིའི་གླེང་བརྗོད་དེ་ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་བྲིས་གནང་རེད། མཇུག་ཏུའང་གུས་པས་བསམ་གཏན་གྱི་གྲུབ་མཐའ་སྤྱི་དང་བྱེ་བྲག་ཚང་མ་ལ་ཁྱབ་པའི་སྤྱི་དོན་རྒྱས་པ་ཞིག་བྲིས་ཡོད། དེ་ཡང་མཉམ་དུ་ཡོད་ལགས། ང་རང་ངོས་ནས་འདིའི་ཆེད་དུ་ཧ་ཅང་རྩོལ་བ་ཆེན་པོ་ཞུས་ཡིན་ལ། དེ་འདྲ་ཡིན་དུས། མ་གཞི་ཡང་ང་རང་ངོས་ནས་རིན་པོ་ཆེ་ལ་དེབ་འདི་བརྒྱ་ཆ་བརྒྱ་འབུལ་ཐུབ་པ་ཞིག་ཞུ་དགོས་སྙམ་ཡོད་ལ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་སྤྱི་ཚེས་ལྔ་ལ་འདིར་ཕེབས་ཀྱི་འདུག ངེད་དཔོན་གཡོག་ཅིག་ཐུག་རྒྱུ་བཟོས་ཡོད་པས་དེ་དུས་ཁོང་གི་ཕྱག་ཏུ་འཇོག་དགོས་པ་མིན་ནམ་སོགས་ཁར་རྩང་རང་ལ་སེམས་ལ་འཁོར་ནས་བསྡད་ཡོད་ལགས།
ད་བཀའ་མོལ་མང་པོ་ཞུས་སོང་། དགོངས་དག རིན་པོ་ཆེས་ཕྲན་ཐུགས་ནས་མ་བོར་བ་བཀའ་དྲིན་བླ་མེད་དུ་ཆེ་ལགས།
ག༽ བཀའ་གསུང་གནང་མཁན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།
ཨོ་ཐུགས་རྗེ་ཆེ། ང་དེང་སང་ལྷོ་ཨ་མེ་རི་ཀ་ལ་ཡོད་རེད། ཐག་རིང་པོ་ཞེ་དྲག་རེད། དེ་ཡིན་དུས་ཁྱེད་ཀྱིས་ཨོ་རྒྱན་སྟོབས་རྒྱལ་ཡིན་ན་འདྲ། ཕ་གི་ལྡི་ལི་ན་ཡོད་པའི་ངའི་ཞབས་ཞུ་བ་པདྨ་དབང་ཕྱུག་ཁོང་ཚོའི་ས་ལ་བཞག་ན་འགྲིག་གི་འདུག
དེ་ནས་ངས་འདིའི་སྐོར་ལ་གང་བཤད་བཞག་པ་དེ་ཁྱེད་ཀྱིས་བེད་སྤྱོད་བཏང་ན་ཏན་ཏན་འགྲིག་དང་འགྲིག
ད་དུང་དེའི་སྒང་དེ་ལ་ང་ལ་ཐོལ་བ་ཞིག་གང་བཤད་རྒྱུ་ཡོད་ཟེར་ན། མ་གཞི་ང་རང་གིས་དུས་རྒྱུན་དེ་འདྲ་བསམ་གི་ཡོད་ལ། ངའི་བསམ་ཚུལ་དེ་ཁྱེད་ལ་ཞུ་དགོས་དྲན་བསྡད་ཡོད། དུས་རྒྱུན་ང་རང་ཚོ་བོད་ཀྱི་བོད་བརྒྱུད་ནང་བསྟན་ལ་བསླབ་པ་སློབ་གཉེར་བྱེད་མཁན་ཚོ། སེམས་པ་གུ་སུབ་དོག་པོ་བྱས། མགོ་འཁྲེག་པོ་བྱས། སྤྱིར་བཏང་ཡང་བོད་པའི་བསམ་བློ་གཏོང་སྟངས་དེ་ཡང་། ང་ཚོ་མ་གཏོགས་མེད་བསམ་མཁན། མི་གཞན་དག་ལ་ཕལ་ཆེར་གང་ཡང་མེད་པའི་སྣང་བ་ཞིག་ཤར་བསྡད་པ་དེ་འདྲ་ཞིག་ཡོད་རེད། ད་དེ་ལ་ཁག་ཀྱང་ཡོད་མ་རེད། གཅིག་བྱས་ན་དེ་ཡང་ལུང་པ་དང་ས་གནས་དབང་གིས་ཡིན་རྒྱུ་རེད།
ཡིན་ན་ཡང་། དངོས་གནས་བསམ་བློ་ཞིག་བཏང་ན། ཡིན་དང་ཡིན། རྒྱ་ནག་དང་འཇར་པན་ཟེར་བ་དེ་ཚོ་ང་ཚོ་བོད་ལས་ཀྱང་བསྟན་པ་དར་སྔ་ཡི་ཡོད་རེད། མི་འབོར་ཡང་ཆེ་ཡི་ཡོད་རེད། རྒྱལ་པོ་དང་བཙུན་མོ་ལ་སོགས་པ་ཧ་ཅང་གིས་བསམ་བློ་གཏོང་ཤེས་མཁན་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་སྤྲད་བསྡད་པ་དེ་འདྲ་ཡིན་དུས། ཏན་ཏན་ཁ་ཡོད་ལག་ཡོད་ཀྱིས་ནང་ཆོས་ལ་བསླབ་པ་སློབ་གཉེར་ཐོས་བསམ་བསྒོམ་པ་དེ་འདྲ་ཡོད་ཐག་ཆོད་རེད། དེ་ནས་ཧུའི་ནིང་གི་གསུང་དེ་དབྱིན་ཇིའི་སྐད་ཐོག་ལ་ངས་སྔ་མ་གཅིག་མཇལ་མྱོང་། དེ་འདྲ་ཡག་པོ་ཡོད་འདུག་སྙམ་ནས་དེ་དུས་ང་ཞེ་དྲག་ཧ་ལས་སོང་།
ད་ལན་ཁྱེད་ཀྱིས་དེ་བོད་སྐད་དུ་བསྒྱུར་ཡོད་པ་དེ་ཁ་སང་ངས་ཁྱེད་ཀྱི་དྲ་རྒྱའི་ནང་ནས་མཇལ་སོང་། དེ་དུས་ངས། ཨཱ་་་ད་དེ་ཡག་པོ་ཞེ་དྲག་བྱུང་འདུག དེ་ལ་གཅིག་ལྟ་དགོས་འདུག་སྙམ་པ་བྱུང་བ་རེད། ངའི་སྐད་ཆ་འདི་ཚོའི་ནང་ནས་ཁྱེད་ཀྱིས་ག་རེ་མར་འགོད་གནང་དགོས་ན་གནང་རོགས་གནང་། མ་གཞི་དེབ་དེ་ངས་རྫོང་སར་བཤད་གྲྭ་ལ་ངེས་པར་དུ་ཀློག་དགོས་པའི་སློབ་དེབ་ཀྱི་གྲས་ཤིག་ལ་འཇོག་དགོས་པ་མིན་འགྲོ་དྲན་བསྡད་ཡོད།
ང༽ བཀའ་ལན་འབུལ་མཁན། རྫ་ཚེ་རིང་བཀྲ་ཤིས།
ཨོ། རིན་པོ་ཆེ། བཀའ་མོལ་གནང་བ་ཆ་ཚང་ཉན་ཟིན་པ་ཡིན། ལགས་སོ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་སྤྱི་ཚེས་ལྔ་ལ་འདིར་ཕེབས་ཡོང་གི་འདུག ངས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་ཕྱག་ལ་ཕུལ་འཇོག་གི་ཡིན། མདང་ནུབ་ངས་འདིར་འགྲེམ་སྤེལ་གྱི་མཛད་སྒོ་སྟབས་བདེ་ཞིག་བཟོས་པ་དེ་ལ་ཡང་རྫོང་སར་བཤད་གྲྭའི་ངོས་ནས་ངའི་འཛིན་གྲྭ་གཅིག་པ་དང་དེ་མིན་པའི་མཁན་པོ་རྣམ་པའང་གསུམ་བཞི་ཞིག་ཕེབས་འདུག་ལ། ཐུགས་སྣང་དང་རྒྱབ་སྐྱོར་གནང་སོང་ལགས། རིན་པོ་ཆེ་བཀའ་དྲིན་ཆེ།
གོང་གསལ་ལྟར་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱི་བཀའ་ཁྲོལ་བཞིན། སྤྱི་ལོ་༢༠༡༩ ཟླ་ ༡ཚེས་༤ཉིན། གུས་འབངས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཡི་གེར་བཀོད་པ་འདིས་ཀྱང་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོའི་ཕྲིན་ལས་ལ་ཕན་པར་གྱུར་ཅིག །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=955
ཉེ་མཆན།