འགྱུར་དེབ་ཉག་ཉོག་ཅིག་ཉོ་བ་ནི་སྒོར་མོ་འཕྲོ་བརླག་ཡིན་པའི་གཏམ་དེ་བདེན་པར་མཐོང་། འོན་ཀྱང་འགྱུར་དེབ་ག་འདྲ་ཞིག་འགྱུར་དེབ་ཉག་ཉོག་ཏུ་ངོས་བཟུང་རྒྱུ་ནི་གལ་ཆེན་པོར་བསམ་བྱུང་། ད་སྐབས་མང་ཤོས་ཀྱིས་འགྱུར་དེབ་ལེགས་མིན་ནི་ནང་དོན་གོ་དཀའ་སླའི་ཐད་ནས་འབྱེད་པར་སྣང་མོད། འགྱུར་དེབ་ཞིག་ལེགས་པར་གོ་དགོས་ན། འགྱུར་མཁན་གྱིས་ཚད་ལྡན་ཞིག་བསྒྱུར་པའི་ཁར། ད་རུང་ཀློག་མཁན་ལའང་ཚད་ཅིག་ཡོད་དགོས། མ་གཏོགས་ཀློག་མཁན་ལ་ཆུ་ཚད་མེད་ན་འགྱུར་དེབ་ཇི་ལྟར་ཡག་ཀྱང་ནང་དོན་གོ་ཐབས་དབེན། དེ་ནི་དཔེར་ན་འབྲི་ཀློག་ཤེས་ཙམ་ཞིག་གིས《བསྟན་བཅོས་རྩ་བ་ཤེས་རབ》ཐད་ཀར་གོ་མི་ནུས་པ་ལྟ་བུ་རེད། དེ་བས་འགྱུར་དེབ་ཡག་བཙོག་དེ་ཀློག་མཁན་ཨ་ལ་པ་ལ་འགས་ཡག་བཙོག་ཐག་བཅད་པ་ལ་བསྟུན་ཐབས་ཡེ་ནས་མེད་བསམ་གྱི་འདུག། གལ་ཏེ་ཁོ་ཚོ་ལ་ཐག་གཅོད་བཅུག་པ་ཡིན་ན་བཀའ་བསྟན་དག་ཀྱང་འགྱུར་བཙོག་གི་གྲལ་ལ་འཕེན་ངེས། ཀློག་མཁན་ཨ་ལ་པ་ལ་ཞིག་གིས་འགྱུར་དེབ་ཅིག་ལ་ཚད་ཐེག་འཕེན་མི་ནུས་པའི་རྒྱུ་མཚན་གཙོ་བོ་ནི། ཀློག་མཁན་གྱི་ཆུ་ཚད་ཞན་པས་ཡིན། འདི་ལ་རྒྱུ་མཚན་འགའ་ཞིག་ཡོད།
གཅིག། འགྱུར་དེབ་ཅིག་གི་ནང་དུ་ཐ་སྙད་གསར་པ་མང་པོ་ཡོད་པ་རེད། ལྷག་པར་དུ་རིག་གཞུང་གསར་པའི་ནང་དུ་ལྟ་བ་གསར་པ་ཡོད་རྐྱེན། ལྟ་བ་དེ་སྟོན་བྱེད་ཀྱི་ཐ་སྙད་ཀྱང་གསར་པ་ཞིག་ཡིན། དེ་བས་ཁོས་ལྟ་བ་དེ་གོ་བ་མ་ལོན་ན་ཐ་སྙད་དེའི་གོ་དོན་ལེགས་པར་ཇི་ལྟར་རྟོགས་དགོས་སམ། གཞུང་ག་འདྲ་ཞིག་ཡིན་ནའང་ཐ་སྙད་རྐྱང་པ་ལ་བརྟེན་ནས་ནང་དོན་གོ་བར་མི་ནུས། དེ་བས་ན་ང་ཚོས་རིག་གཞུང་ལ་སློབ་སྦྱོང་བྱེད་དུས་སློབ་མ་ལ་དགེ་རྒན་དང་། དེ་བཞིན་ཆེད་ལས་ཚིག་མཛོད་སོགས་ཀྱང་དགོས་པ་རེད་མ་གཏོགས། ང་ཚོས་ཐ་སྙད་གང་དེའི་གོ་དོན་ཐད་ཀར་གོ་ནུས་ཚེ། དགེ་རྒན་དང་མཁན་པོ་དོན་བྱེད་ནུས་སྟོང་དུ་གྱུར་པ་མ་ཡིན་ནམ། རིག་ཚན་སོ་སོའི་ཆེད་ལས་ཚིག་མཛོད་ཀྱང་དགོས་མེད་དུ་ཐལ།
གཉིས། ཀློག་མཁན་གྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་དག་གསུམ་སོགས་ཀྱང་གང་འཚམ་ཤེས་དགོས་པར་འདོད། བོད་ཀྱི་ཡི་གེ་ནི་འདས་མ་འོངས་དང་ཕྲད་རྣམ་དབྱེ་བྱ་ཚིག་བྱེད་ཚིག་སོགས་ཀྱིས་གྲུབ་པ་ཞིག་ཡིན་པས། ཁྱོད་ཀྱིས་ཕྲད་དང་རྣམ་དབྱེ་དུས་གསུམ་བདག་གཞན་སོགས་མ་ཤེས་ན་འགྱུར་དེབ་ཀྱི་དོན་གོ་བར་ག་ལ་ནུས། གོ་བ་ལོན་རྒྱུ་ཕར་བཞག་གོ་ལོག་ཐེབས་ངེས་པ་ནི་མངོན་སུམ་གྱི་ཡུལ་ལོ།།
གསུམ། འགྱུར་དེབ་གང་ཞིག་ཡིན་ནའང་རིག་ཚན་གང་རུང་གི་ཁོངས་སུ་གཏོགས་པ་རེད། དེའང་དཔེར་ན་ཆབ་དཔལ་རིག་གསུམ་དང་། རྩིས་དངོས་རྫས་གསུམ་ཀྱིས་མཚོན་པའི་རིག་ཚན་དང་། དེ་མིན་སློབ་གསོ་དང་རྩོམ་རིག། ཚན་རིག་ལོ་རྒྱུས་སོགས་མདོར་ན་རིག་པའི་གནས་གང་རུང་གི་ཁོངས་སུ་གཏོགས་པས་ན། ཁྱོད་ཀྱིས་འགྱུར་དེབ་དེའི་དོན་ཚུལ་བཞིན་གོ་དགོས་ན་རིག་ཚན་དེ་དག་ལའང་ཆ་རྒྱུས་ཕྲན་ཙམ་ཞིག་ཅིས་ཀྱང་ཡོད་དགོས། གལ་ཏེ་རིག་ཚན་གང་ཉིད་ལ་ཆ་རྒྱུས་ཅུང་ཙམ་ཡང་མེད་ན་འགྱུར་དེབ་ཅིག་གི་གོ་བ་ལོན་རྒྱུ་ཕར་བཞག། རང་མི་རིགས་ཀྱི་རྩོམ་པ་པོ་རྒས་གྲལ་ཞིག་གིས་བརྩམས་པའི་དཔེ་ཆ་ལེགས་པོ་ཞིག་ཡིན་ནའང་གོ་བ་ཚད་ལྡན་ལོན་མི་སྲིད། མི་ལོན་དོན་ནི་ཁྱོད་རང་གི་ཆུ་ཚད་ཞན་པའི་རྐྱེན་ལས་གཞན་མེད།
གོང་དུ་བརྩིས་པའི་དོན་ཚན་གསུམ་དང་ཡ་གང་རུང་ཚང་བའི་ཀློག་མཁན་ཞིག་གིས་འགྱུར་དེབ་གང་ཞིག་མི་ལེགས་ཚུལ་སྨྲས་རུང་། དེས་འགྱུར་དེབ་མི་ལེགས་པར་སྒྲུབ་མི་ནུས་པ་ནི་ཚིག་བརྒྱའི་མདོ་དོན་ཡིན།
དེ་ནས་སྤྱིར་བཏང་བཤད་ན་འགྱུར་དེབ་ནི་དཔེ་ཆ་གཞན་ལས་ཀྱང་གོ་དཀའ་བའི་གྲལ་ཞིག་རེད། དེ་དཀའ་དོན་ནི་འགྱུར་དེབ་ཀྱི་སྲོག་ཤིང་གི་ལྟ་བ་གསར་པ་ཡིན་པའི་ཐོག། མི་རིགས་གཞན་གྱི་རྩོམ་གཤིས་གང་འཚམ་ཐོན་པ་དང་། མ་ཚད་རང་མི་རིགས་ལ་སྔར་མེད་ཀྱི་ཐ་སྙད་གསར་པ་མང་དུ་འབྱུང་པས་ཡིན་པར་སེམས་ལ། སྔར་གྱི་ལོ་པཎ་དག་གིས་བསྒྱུར་མཛད་པའི་དཔེ་ཆ་ལ་ལྟ་ཀློག་མྱོང་མཁན་ཞིག་ཡིན་ཚེ་གནད་འདི་གསལ་སེ་འགྲོ་ངེས། དེ་བས་གོ་དཀའ་བ་ཙམ་རྒྱུ་མཚན་དུ་བྱས་ནས་འགྱུར་དེབ་གང་ཞིག་འགྱུར་ཉོག་གི་ཁོངས་སུ་བསྡུས་ན་དེ་ནི་བླུན་པོའི་སྤྱོད་པ་ལས་མ་འདས།
དེ་བས་ན་གུས་པ་རང་གིས་འགྱུར་དེབ་ལེགས་མིན་དཔྱད་པར་རྟགས་གསུམ་ལ་བརྟེན་གྱི་ཡོད་ཅིང་། དེ་གསུམ་རེ་རེ་ནས་འདི་གར་བཀོད་ན། དང་པོ། འགྱུར་གྱི་བརྡ་སྤྲོད་སྟངས་བོད་ཀྱི་བརྡ་སྤྲོད་དང་མཐུན་པ། གཉིས་པ། འགྱུར་གྱི་སྡེབ་སྙན་ཞིང་བོད་མིས་གོ་བདེ་བ། གསུམ་པ། འགྱུར་གྱི་ནང་དོན་མ་རྩོམ་དང་མཐུན་པ་བཅས་ཡིན། ངས་ནང་དོན་འདི་གསུམ་ཚང་ན་འགྱུར་དེབ་ལེགས་པོ་ཞིག་ལ་འདོད་ཡོད་ཅིང་། འདི་གསུམ་ལས་མང་ཤོས་མ་ཚང་ན། དེབ་དེ་འགྱུར་དེབ་ཉག་ཉོག་གི་གྲལ་ལ་གཏོགས་པ་ཡིན། དེའི་ཕྱིར་རྣམ་པ་ཚོས་ཀྱང་བསམ་གཞིག་རེ་གནང་བར་འཚལ།
གཞན་ཡང་ཞུ་དགོས་པ་ནི། སྤྱིར་འགྱུར་དེབ་གཅིག་གི་འགྱུར་གཞི་དང་པོ་དེ་ལ་ལེགས་པོ་མ་བྱུང་ནའང་དཔར་གཞི་གཉིས་པ་དང་གསུམ་པ་སོགས་སུ་བཅོས་ཆོག་པ་ཡིན། སྔོན་བྱོན་ལོ་པཎ་རྣམས་ཀྱི་འགྱུར་བྱང་ལ་མིག་ཟུང་ཕྱོགས་ན། མདོ་རེ་རེ་སྔ་ཕྱིར་འགྱུར་བཅོས་ཐེངས་བཅུ་ཕྲག་བྱས་འདུག་པར་བློ་རྩེ་གཏད་རུང་། དེ་བས་ཕྱོགས་གཅིག་ནས་བཤད་ན་འགྱུར་དེབ་སྤུས་ལེགས་ཤིག་བྱུང་དགོས་ན་འགྱུར་བཅོས་ཡང་ཡང་དགོས་པ་གོར་མ་ཆགས་སོ་ཞེས་ཞུ་བ་ལགས།
༢༠༡༩།༥།༢༥།
ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས་ཐོལ་བྱུང་དུ་བྲིས་པ་དགེའོ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=947
དཔྱད་མཆན་སྤེལ།