འཕྲིན་ཡིག་འདི་ནི་ཨ་རིའི་སྲིད་འཛིན་ཁྲི་རབས་༡༦པ་ཨབ་ར་ཧམ་ལིན་ཁིན་གྱིས་ཁོང་གི་ཕ་གཅིག་གི་སྤུན་མཆེད་ཅིག་ལ་སྤྲིངས་པ་ཞིག་རེད། སྐབས་དེར། ལིན་ཁིན་ཁོང་གི་མ་གཡར་ནི་ཡཱེ་ལེ་ནོ་ཁུལ་གྱི་ཁཱ་སི་རྫོང་གི་ཞིང་ར་ཞིག་ཏུ་གནས་བཅས་འདུག མོའི་བུ་སྟེ་ཨུ་ཚུགས་སྒྱིད་ལུག་ཅན་གྱི་སྤུན་དེས་དེ་སྔོན་ལིན་ཁིན་དང་མཉམ་དུ་ལས་ཀ་བསྒྲུབས་མྱོང་། ཁོས་འཕྲིན་ཡིག་ལམ་ནས་ལིན་ཁིན་ལ་སྒོར་མོ་བསྐྱིས་པ་ན། ལན་དུ་ལྡོན་པ་གཤམ་ལྟར།

 

སྙིང་ཉེ་བའི་ཀྲན་སི་ཏུང་།

ད་ནི་ཁྱོད་ཀྱིས་སྒོར་མོ་བརྒྱད་ཅུ་མཁོ་བའི་རེ་འདོད་དེ་བསྒྲུབས་མི་ཐུབ། ཐེངས་རེར་ངས་ཁྱོད་ལ་རོགས་ཕན་ཉུང་ཙམ་བསྒྲུབས་པས་ནི། ད་ལྟ་ངེད་གཉིས་སྔར་བས་ཀྱང་འགྲིག་མོ་མཐུན་པོ་འདུག་ཅེས་སྨྲ་མོད། འོན་ཀྱང་མི་འགྱངས་པར་ངས་སླར་ཡང་ཁྱོད་ཀྱི་སྒོར་མོ་རྫོགས་འདུག་པ་མཐོང་། ཁྱོད་ཅིའི་ཕྱིར་འདི་ལྟར་ཡིན་པའི་རྒྱུ་མཚན་ནི་རང་ཉིད་ཀྱི་བྱ་སྤྱོད་མི་ལེགས་པས་རེད།

མི་ལེགས་པའི་ཆ་དེ་ངས་བལྟས་ན་ཁྱོད་ཀྱིས་ཀྱང་ཤེས་སྲིད་ཀྱི་རེད། ཁྱོད་ཐ་ཤལ་དུ་བགྲང་བ་མིན་གྱི་གང་ལྟར་ཀྱང་ཁྱོད་ནི་འགྲོ་ཐབས་འདུག་ཐབས་ལ་གོམས་པ་ཞིག་རེད་འདུག ཐེངས་སྔོན་མར་ངེད་གཉིས་ཕྲད་པ་ནས་བཟུང་ཁྱོད་ཀྱིས་ཉིན་གཅིག་གི་རིང་ལའང་ངལ་རྩོལ་བྱས་ཡོད་མེད་ཁོ་བོར་དོགས་པ་ཆེ། ཁྱོད་ཀྱིས་སེམས་གཏིང་ནས་ལས་ཀ་མ་འདོད་པ་ག་ལ་ཡིན་ཏེ་མང་ལས་ཅུང་ཙམ་ཡང་བྱ་མི་སེམས་པ་དེ་རེད། དེའི་རྒྱུ་མཚན་ཉག་ཅིག་ནི་ཁྱོད་ཀྱིས་བལྟས་ན་ངལ་རྩོལ་ལས་ཡོང་འབབ་ཅི་ཡང་མི་འཐོབ་པར་སྙམ། འདི་ལྟའི་གསེར་གྱི་དུས་ཚོད་ཆུད་ཟོས་སུ་གཏོང་བའི་སྒྱིད་ལུག་གི་གཤིས་ཀ་ནི་དཀའ་ཚེགས་ཀུན་གྱི་འབྱུང་རྩ་ཉིད་དོ།། འདི་ནི་ཁྱོད་ལ་གནོད་ཀྱང་བྱིས་པ་དག་ལའང་ཕན་པ་མེད། ཁྱོད་ཀྱིས་ངེས་པར་གོམས་གཤིས་འདི་བསྒྱུར་དགོས་འདུག བྱིས་པ་དག་ནི་ད་དུང་ཡང་འཚོ་བའི་ལམ་ཐག་རིང་མོ་འགྲིམ་དགོས་ཏེ། གོམས་གཤིས་ལེགས་པོ་ཞིག་འཇགས་རྒྱུ་དེ་ཁོ་ཚོར་མཚོན་ན་ཀུན་ལས་ཀྱང་གལ་ཆེན་པོར་སྣང་། ཁོ་ཚོ་དང་པོ་ཉིད་ནས་ཚེགས་བརྩོན་འགྲུས་དང་ལྡན་པར་གྱུར་ཚེ། རྗེས་སོར་སྒྱིད་ལུག་ཅན་ནས་བཟང་ཕྱོགས་སུ་བསྐོར་བ་ལས་ལྡབ་འགྱུར་གྱིས་སླ་བ་ཡོད། ད་ལྟ་ཁྱོད་ལ་དངུལ་རྐྱང་ཁ་ཤས་མཁོ་ཆེ་བར་འདུག ངའི་རེ་བ་ཡིན་ན། ཁྱོད་ངལ་རྩོལ་དུ་ཞུགས་ན་བཟང་སྟེ། རང་ཉིད་ཀྱི་རྩོལ་བ་བླ་ལྷག་ལ་བརྟེན་ནས་ཕོགས་ཐོབ་ཡོད་པ་བྱ་དགོས།

དཔྱིད་འདེབས་སོགས་ཁྱིམ་ལས་ཙག་ཙིག་ཁྱོད་ཀྱི་ཨ་ཕ་དང་བྱིས་པ་རྣམས་ལ་བཅོལ་ཆོག ཁྱོད་རང་ཉིད་ཞོར་ལས་སུ་སོང་སྟེ་དངུལ་ལོར་མང་དུ་འཚོལ་བའམ་ཡང་ན་ནི་བུ་ལོན་འཇལ་དགོས། ཁྱོད་ཀྱི་ངལ་རྩོལ་ལ་འབྲས་བུ་ལེགས་པོ་ཞིག་སྨིན་པའི་ཆེད་དུ། དེ་རིང་ནས་སང་ལོའི་ལྔ་གཅིག་བར་ལ་ཁྱོད་ཀྱིས་སྒོར་མོ་གཅིག་བཙལ་བའམ་ཡང་ན་དོམ་པར་སྒོར་མོ་གཅིག་འཇལ་ན་དེ་བཞིན་ངས་ཀྱང་ཁྱོ་ལ་སྒོར་མོ་གཅིག་ཁ་གསབ་བྱ་རྒྱུ་ཡིན།

འདི་ལྟར་བྱས་པའི་མཐའ་མར། ཁྱོད་ཀྱིས་ཟླ་རེར་ལས་གླ་སྒོར་བཅུ་བླངས་པ་ཡིན་ཚེ། ངའི་ས་ནས་ཀྱང་ལྷག་མ་སྒོར་བཅུ་འཐོབ་པར་འགྱུར་ཏེ་ཟླ་རེར་བསྡོམས་པས་ཉི་ཤུ་ཐམ་པ་ལེན་ཐུབ་འདུག ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ། ངས་ཁྱོད་ས་མཐའི་ཞ་ཉེའམ་གསེར་ཁུང་དག་ཏུ་སྐྱོད་ཅིག་ཟེར་བ་མིན་ཏེ། ཕ་ཡུལ་གྱི་ཉེ་འཁོར་གང་རུང་དུ་རང་ཉིད་ཀྱིས་ལྕོགས་ལ་ལག་ཡོན་ཡང་ཤིན་ཏུ་མཐོ་བ་ཞིག་བཙལ་ན་བཟང་ངོ་།།

གལ་སྲིད་ཁྱོད་འཐད་པ་ཡིན་ཚེ། མི་འགྱངས་པར་བུ་ལོན་ཡོངས་སུ་འཇལ་ཐུབ་པར་མ་ཟད། སླད་མར་ཡང་དོམ་ནང་དུ་མི་བྱིངས་པའི་འབྱུང་བ་ཡག་པོ་ཆགས་འགྱུར་བས་ན་ཅི་འདྲའི་བཟང་ལ་ཨང་། ལྡོག་སྟེ། ངས་ཁྱོད་ལ་ད་ལྟ་ཉིད་དུ་བུ་ལོན་འཇལ་རོགས་བྱས་ཚེ།སང་ལོར་ཁྱོད་ཀྱིས་གཞར་ཡང་རང་གིས་མི་ཐེག་པ་ཞིག་འཁུར་ངེས། ཁྱོད་ཀྱིས་སྨྲས་པ་ལྟར་ན། སྒོར་མོ་བདུན་ཅུ་བརྒྱད་ཅུ་ཙམ་གྱི་དོན་དུ་ལྷ་ཡུལ་དུ་མ་འཕོས་ཀྱང་ཆོག་སྐད་མོད། དེ་ལྟར་ན་ཁྱོད་ཀྱིས་ལྷ་ཡུལ་གྱི་རིན་ཐང་ཡང་རྩིས་མེད་དུ་བཏང་འདུག གལ་སྲིད་ཁྱོད་ཀྱིས་ངའི་གོང་སྨྲས་ལྟར་དུ་བསྒྲུབས་ཚེ། གཟའ་འཁོར་བཞི་ལྔའི་རིང་ལ་སྒོར་མོ་བདུན་ཅུ་བརྒྱད་ཅུ་རག་ཐུབ་ངེས། ད་དུང་ཁྱོད་ལྟར་ན། གལ་སྲིད་ངས་ཁྱོད་ལ་སྒོར་མོ་བསྐྱིས་པ་ཡིན་ཚེ། ཁྱོད་ཀྱིས་ས་ཞིང་ཁོ་བོར་གཏའ་མར་འཇོག་ཟེར། ཡང་། གལ་སྲིད་སྐྱིན་པ་མ་འཕྲོད་ནས་ཞིང་གི་བདག་དབང་ང་ལ་སྤྲད་ཆོག་ཅེས་ཀྱང་སྨྲ།

དངོས་གནས་ཉོག་གཏམ་ཁོ་ན་རེད་ཨང་། གལ་སྲིད་ད་ལྟ་ཁྱོད་ལ་ས་ཞིང་ཡོད་པས་ཀྱང་འཚོ་ཚིས་མི་འཁྱོངས་ན། ས་ཞིང་ཤོར་བས་ནི་ཉི་མ་ཇི་ལྟར་བསྐྱལ་ལམ། ཁྱོད་ང་ལ་སྔར་ནས་ཀྱང་བཟང་བ་བདེན། ངས་ཀྱང་ཁྱོད་ལ་ཁབ་གཙགས་འབིག་གཙགས་བྱ་འདོད་མེད། དེ་ལས་ལྡོག་སྟེ། གལ་སྲིད་ཁྱོད་ཀྱིས་ངའི་ཤ་ཚའི་ངག་ལ་མཉན་ན། ནམ་ཞིག་དེ་ནི་སྒོར་མོ་བརྒྱད་བརྒྱད་དྲུག་བརྒྱ་རེ་བཞི་ལས་ཀྱང་བྲིན་པར་ངེས་ཤེས་འདྲོང་ངེས་སོ།།

ཆོས་སྐྱོང་གིས་བསྒྱུར།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=938