༄༅།། ཀརྨ་ཞྭ་ནག་སྐུ་ཕྲེང་ལྔ་བ་དེ་བཞིན་གཤེགས་པས་ཏའི་མིང་དུས་སྟོད་ཀྱི་རྒྱལ་ས་ནན་ཅིན་དུ་གནང་བའི་མཛད་པའི་སྐོར་རགས་ཙམ་གླེང་བ།
བྱ་མདོ་རབ་རྒྱས།
བརྡ་ཆད་གཙོ་བོ། ཀརྨ་པ་དེ་བཞིན་གཤེགས་པ།གོང་མ་ཡུང་ལོ།རིན་ཆེན་ཆོས་རྒྱལ།གསེར་ཡིག་པ།
ཀརྨ་པ་དེ་བཞིན་གཤེགས་པ་ནི་སྤྱི་ལོ་༡༣༨༤ལོར་མྱང་པོའི་ཡུལ་མྱང་འདམ་དུ་འཁྲུངས་ཤིང་༡༤༡༥ལོར་འདས།ཁོང་ལ་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་མངའ་བ་ལས།ད་རེས་སྐབས་སུ་བབ་པ་ནི་ཁོང་ཏའི་མིང་གོང་མ་ཡུང་ལོས་གདན་དྲངས་ཏེ་ནན་ཅིན་དུ་ཕེབས་པའི་མཛད་པའི་སྐོར་ཡིན།དེ་ཡང་ཁོང་གི་རྣམ་ཐར་ལ་ལ་ན་(1)ཀརྨ་སྐུ་ཕྲེང་ལྔ་བ་ནི་རྒྱ་བོད་བར་གྱི་འཁྲུག་པ་བསྡུམས་པའི་ཆེད་དུ་བསམ་བཞིན་དུ་སྐྱེ་བ་བཞེས་པར་བཤད་པ་ལྟར་ན་ཁོང་གི་རྣམ་ཐར་གྱི་གཙོ་བོ་ཡང་དོན་གྱི་ནན་ཅིན་དུ་ཕེབས་པ་དངོས་དང་།དེ་དང་འབྲེལ་ཡོད་ཀྱི་སྐོར་ཡིན་དགོས་སྙམ།ཡིན་ནའང་བོད་ཀྱི་ལོ་རྒྱུས་ཡི་གེ་དག་ན་འདིའི་སྐོར་གྱི་ལོ་རྒྱུས་ཀྱང་སྤྱི་བམ་པ་ཙམ་ལས་མི་གསལ་བས།ད་རེས་བདག་གིས་བོད་ཀྱི་ལོ་རྒྱུས་ཡི་གེ་འགའ་རེ་དང་རྒྱ་ཡིག་གི་ལོ་རྒྱུས་ལ་ལ་བསྡུར་ཏེ་ཁོང་རྒྱ་ནག་ཏུ་ཕེབས་པའི་མཛད་པ་དངོས་དང་།དེ་དང་འབྲེལ་ཡོད་ཀྱི་སྐོར་རྣམས་དོན་ཚན་གསུམ་གྱི་སྒོ་ནས་རགས་ཙམ་འཆད་པར་འདོད་དེ།དེ་ཡང་དང་པོ་ཁོང་རྒྱ་ནག་དུ་གདན་འདྲེན་མཁན་གོང་མ་ཡུང་ལོ་དང་དེས་མངགས་པའི་གསེར་ཡིག་པ་སུ་ཡིན་དང་།གཉིས་པ་ཁོང་ནན་ཅིན་དུ་ཕེབས་པའི་མཛད་པ་དངོས་དང་།གསུམ་པ་ནི་མཛད་པ་དེ་ལས་བྱུང་བའི་ཕན་འབྲས་བཅས་དོན་ཚན་གསུམ་གྱི་སྒོ་ནས་འཆད་པར་བྱའོ།།
དང་པོ།ཏའི་མིང་གོང་མ་ཡུང་ལོ་དང་དེས་མངགས་པའི་གསེར་ཡིག་པ།
བོད་ཀྱི་ལོ་རྒྱུས་ཡི་གེ་འགའ་རེར་་འདི་ཉིད་ཏའི་མིང་གོང་མ་ཀྱན་ཝིན་ཏེའི་བུ་ཡིན་པར་གསུངས་ཀྱང་(2)་ནོར།དེར་མ་ཟད་ལོ་རྒྱུས་དེར་ཀྱན་ཝིན་ཏེ་ནི་གོང་མ་ཀྲུའུ་ཡོན་ཀྲང་གི་བུ་ཡིན་པར་གསུངས་པའང་ནོར་བ་སྟེ།ཀྱན་ཝིན་ཏེ་ནི་གོང་མ་ཧུང་ཝུ་ཀྲུའུ་ཡོན་ཀྲང་གི་སྲས་ཆེ་བའི་བུ་དང་ཡུང་ལོའི་ཚ་བོ་ཡིན།རྒྱལ་སྲིད་ཡུང་ལོར་ཤོར་རྗེས་རབ་ཏུ་བྱུང་བར་གྲགས་ཤིང་།ལོ་རྒྱུས་ལ་ལ(3)ན་རང་རེའི་གྲོ་ཚང་རྡོ་རྗེ་འཆང་དུ་ཡུན་རིང་བཞུགས་མྱོང་བར་བཤད།གོང་མ་ཧུང་ཝུས་རྒྱལ་བུ་ཆེ་བ་འདས་པས་རང་གི་རྒྱལ་ཚབ་ཏུ་རྒྱལ་བུ་གཞན་མ་བསྐོས་པར་ཚ་བོ་བསྐོས་ཀྱང་ལོ་གསུམ་གྱི་རྗེས་སུ་རྒྱལ་སྲིད་ཡུང་ལོས་འཕྲོག ཡང་སོག་པོའི་ཆོས་འབྱུང་ལ་ལར(4)་ཡུང་ལོ་འདི་ཉིད་ཡོན་རྒྱལ་རབས་ཀྱི་སོག་རྒྱལ་མཐའ་མ་ཐོ་ཀན་ཐེ་མུར་གྱི་བུ་ཡིན་པར་བཤད་ལ།དེ་ཡང་ཐེ་མུར་གྱི་བཙུན་མོ་ཞིག་ལ་ཡུང་ལོ་མངལ་དུ་འཁོར་རྗེས་ཐེ་མུར་རྒྱལ་སྲིད་ཏའི་མིང་ལ་ཤོར་ནས་སོག་ཡུལ་དུ་བྲོས་ཤིང་།བཙུན་མོ་ཤུལ་དུ་ལུས་པ་ཧུང་ཝུས་བཙུན་མོར་བཞེས།མངལ་གྱི་བུ་དེ་ཟླ་བ་བཅུ་གསུམ་ན་འཁྲུངས་པ་ཡུང་ལོ་ཡིན་པར་བཤད་ཀྱང་།ཡུང་ལོ་འཁྲུངས་པའི་ལོ་ཚིགས་དངོས་དང་མི་མཐུན་པས་ནོར།དེ་ལ་གོང་མ་ཡུང་ལོ་ནི་ཏའི་མིང་གོང་མ་ཧུང་ཝུ་ཀྲུའུ་ཡོན་ཀྲང་གི་བུ་བཞི་བ་ཡིན་ལ།མཚན་དངོས་ལ་ཀྲུའུ་ཏེ་དང་།རྒྱལ་སྲས་སྐབས་སུ་རྒྱལ་ཕྲན་ཡན་(དེང་གི་པེ་ཅིན་ཉེ་འཁོར)གྱི་རྒྱལ་པོ་མཛད་པས་ཡན་ཝང་ཀྲུའུ་ཏེ་(燕王朱棣)ཡང་ཟེར།ཡུང་ལོ་ནི་ཁྲི་ལོའི་མིང་ཡིན་ལ།༡༣༦༠ལོར་འཁྲུངས་ཤིང་༡༤༠༢ལོར་རྒྱལ་སར་བཞུགས།ཡུང་ལོ་འདིས་བཀའ་རྒྱུད་པའི་ཀརྨ་དེ་བཞིན་གཤེགས་པ་དང་།ས་སྐྱའི་འཁོན་ཀུན་དགའ་བཀྲ་ཤིས།དགེ་ལྡན་པའི་ཤཱཀྱ་ཡེ་ཤེས་ཏེ་ཡོངས་གྲགས་ཀྱི་ཆོས་རྒྱལ་རྣམ་གསུམ་རྒྱ་ནག་ཏུ་གདན་དྲངས་ཤིང་།དེ་དག་ལ་རིན་ཆེན་ཆོས་རྒྱལ་དང་།ཐེག་ཆེན་ཆོས་རྒྱལ།བྱམས་ཆེན་ཆོས་རྗེ་བཅས་་ཀྱི་མཚན་གནས་ཆོ་ལོ་་འབུལ་མཁན་ཡང་འདི་ཉིད་ཡིན།འདིས་༡༤༢༡ལོར་ཏའི་མིང་གི་རྒྱལ་ས་ནན་ཅིན་ནས་པེ་ཕིང་དུ་སྤོས་ཤིང་།དེང་གི་པེ་ཅིན་མཁར་གྱི་གོང་མའི་ཕོ་བྲང་རྒྱ་ནག་སྐད་དུ་ཙི་ཅིན་ཁྲིན་ཏུ་འབོད་པ་འདིའི་ཐོག་མའི་རྨང་འདིང་མཁན་ཡང་འདི་ཉིད་ཡིན།ཉུག་རུམ་པ་ཀྲིན་ཧི་མངགས་ཏེ་མཚོ་ཐོག་གི་ཚོང་ལམ་ཕྱེས་པ་སོགས་སྲིད་ཕྱོགས་ཀྱི་མཛད་རྗེས་རྒྱ་ཆེ་བ་བཞུགས་ལ།༡༤༢༤ལོར་འདས།ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འདི་ཉིད་ཏའི་མིང་རྒྱལ་རབས་ཁྲོད་ཀྱི་ཆེས་ཏེས་མཛངས་ཕུལ་ཏུ་བྱུང་བའི་གོང་མར་བརྩིས་སོ།།གོང་མ་ཡུང་ལོས་ཀརྨ་དེ་བཞིན་གཤེགས་པ་གདན་འདྲེན་དུ་མངགས་པའི་གསེར་ཡིག་པ་སུ་ཡིན་ལ་《ཀམ་ཚང་བཀའ་བརྒྱུད་གསེར་ཕྲེང་》དུ་“གནུའི་གོན་ངྷ་ཧོས་མགོ་བྱས་གདན་འདྲེན་མངགས་པ་སླེབས་ཏེ་”ཞེས་གསུངས་ཀྱང་གནུའི་གོན་ངྷ་ཧོས་ཞེས་པ་(内管大人侯)ཡིན་ནམ་སྙམ་ཡང་གོ་དཀའ།《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ཏའི་མིང་གོང་མ་ཡུང་ལོས་དེ་བཞིན་གཤེགས་པ་གདན་འདྲེན་དུས་ཀྱི་བཀའ་ཤོག་ཡོངས་རྫོགས་བཀོད་པ་ལས་ལི་སྐྱམ།ཤའུ་སྐྱམ།ཧུའུ་རྐྱེན་ལ་སོགས་པ་ཞེས་གསེར་ཡིག་པ་ནི་ལི་སྐྱམ།ཤའུ་སྐྱམ།ཧུའུ་རྐྱེན་ལ་སོགས་པ་ཡིན་པར་གསུངས་ཡོད་ལ།འོན་ཀྱང་ཁྲིན་ཞིན་ཧེས་མཛད་པའི་《དེ་བཞིན་གཤེགས་པ་དང་ཏའི་མིང་གོང་མ་ཁྲིན་ཙོ》་(德银谢吧与明成祖)ཞེས་པའི་ཆེད་དེབ་དེ་དང་།ལྷག་པ་ཕུན་ཚོགས་དང་ཁྲིན་ཆིན་དབྱིན་སོགས་ཀྱིས་བསྒྲིགས་པའི་《བོད་ཀྱི་ལོ་རྒྱུས་ཆེན་མོ》(西藏通史)ཏའི་མིང་སྐབས་ཀྱི་གླེགས་བམ)དུ་བཀའ་ཡིག་འདི་ཉིད་རྒྱ་ཡིག་ཏུ་བསྒྱུར་པ་ལས་ལི་སྐྱམ་དང་ཤའུ་སྐྱམ་ནི་གོ་མིང་སྟེ་སི་ལེ་ཅན་ཧྲའོ་ཅན་司礼监少监(5)དུ་བསྒྱུར་འདུག་ལ།ཧི་རྐྱེན་ནི་གསེར་ཡིག་པའི་མཚན་དངོས་ཏེ་ཧི་ཤན་(侯显)ཞེས་པའི་ཉུག་རུམ་པ་དེ་ཡིན་པར་བཤད་ཡོད།དེ་ལ་གོང་བཀོད་《བོད་ཀྱི་ལོ་རྒྱུས་ཆེན་མོ》(ཏའི་མིང་སྐོར་ཀྱི་གླེགས་བམ)ལས་ཧི་ཤན་འདི་ཉིད་མདོ་སྨད་བ་ཙེ་རྫོང་གི་མི་ཡིན་པར་བཤད་ཡོད་ལ།འདིས་གོང་མའི་གསེར་ཡིག་པའི་འགན་ཁུར་ཏེ་སྔ་ཕྱིར་བོད་ཡུལ་དུ་ཐེངས་གསུམ་དང་།བལ་པོ་དང་བྷང་ག་ལ།རྒྱ་གར་སོགས་སུ་ཐེངས་གཉིས་ཕེབས།རྗེ་བླ་མ་ཙོང་ཁ་བ་རྒྱ་ནག་དུ་ཞུ་མཁན་དང་བྱམས་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཕེབས་ཐེངས་དང་པོའི་གསེར་ཡིག་པ་ཡང་འདི་ཉིད་ཡིན།བོད་ཀྱི་ལོ་རྒྱུས་ཡི་གེ་དག་ན་མི་གསལ་ཡང་ཧི་ཤན་དང་མཉམ་དུ་དེ་བཞིན་གཤེགས་པ་གདན་འདྲེན་མཁན་གྱི་གསེར་ཡིག་པའི་གཙོ་བོ་ལ་ཀྲི་ཀོང(智光)ཟེར་བའི་རྒྱ་ནག་གི་བཙུན་པ་ཞིག་ཀྱང་ཡོད་པར་བཤད།ཀྲི་ཀོང་འདིས་བོད་ཡིག་མཁས་པར་མཁྱེན་ཞིང་།རྒྱ་གར་དང་ཁ་ཆེ་སོགས་སུ་སློབ་གཉེར་ལ་ཕེབས་ཏེ་ཆོས་ལ་ཤིན་ཏུ་མཁས་པས་ཏའི་མིང་གི་རྒྱལ་ཁམས་སུ་སྐད་གྲགས་ཆོད་པར་བཤད།ཀྲི་གོང་བཙུན་པ་འདི་བོད་ཡུལ་ཏུ་མངགས་པའི་གསེར་ཡིག་པ་ཐེངས་གསུམ་མཛད་ཅིང་།ཧུང་ཝིའི་དུས་སུ་ཐེངས་གཉིས་དང་ཡུང་ལོའི་དུས་སུ་ཐེངས་གཅིག་མཛད་ལ།ཟོན་ཏེའི་ཁྲི་ལོ་བཅུ་བར་གོ་ཤྲིའི་མཚན་གནས་ཕུལ་ཅིང་ལོ་དེར་འདས།དེ་ཡང་ཡུང་ལོའི་ཁྲི་ལོ་དང་པོ་༡༤༠༢ལོར་གོང་མ་ཡུང་ལོའི་གྲོས་ཀྱི་ཕུགས་སུ་བཞུགས་པའི་བཙུན་པ་ཡའོ་ཀོང་ཞོད་(6)ཀྱིས་གོང་མར“བོད་ཀྱི་བླ་མ་དེ་བཞིན་གཤེགས་པ་ནི་རྟོགས་པ་མཐོ་བའི་བཙུན་པ་ཞིག་ཡིན་པས།ཁོང་གདན་འདྲེན་དུ་འགྲོ་བའི་གསེར་ཡིག་པའང་རྒྱལ་སའི་ཆོས་ཀྱི་གཞུང་ལ་མཁས་པའི་མིང་གྲགས་ཅན་གྱི་བཙུན་པ་ཞིག་ཡིན་ན།གཟོད་དེ་བཞིན་གཤེགས་པར།རང་ཉིད་དམན་སར་བཞག་སོང་སྙམ་པའི་ཡུས་མི་འབྱུང་ལ།གོང་མ་བདག་པོ་ཆེན་པོས་དེ་བཞིན་གཤེགས་པ་གདན་དྲངས་ཏེ་ཆོས་ཞུ་བར་འདོད་པའི་བསམ་པའང་རྣམ་དག་ཡིན་པར་མཚོན་ནུས།འོན་ཀྱང་བཙུན་པ་གཅིག་པུ་གསེར་ཡིག་པར་མངགས་ན།ཆོས་ལུགས་པའི་སྡེ་མ་གཏོགས་ཏའི་མིང་སྲིད་གཞུང་གིས་ཇི་ལྟར་བསམ་པ་དེ་ཉིད་མཚོན་མི་ནུས་པས།ད་དུང་མི་སྐྱ་གཅིག་ཀྱང་གྲོགས་སུ་འགྲོ་དགོས་་པར་མ་ཟད།གོང་མ་ཆེས་རློམ་ནུས་པའི་མི་ཞིག་ཀྱང་ཡིན་དགོས་”(7)ཞེས་ཞུས་པ་ལ་གསན་ཏེ་ཡུང་ལོས་དེ་བཞིན་གཤེགས་པ་གདན་འདྲེན་གྱི་གསེར་ཡིག་པར་བཙུན་པ་ཀྲི་ཀོང་དང་ཉུག་རུམ་པ་ཧི་ཤན་གཉིས་མངགས་རྒྱུར་ཐག་བཅད་པར་བཤད་ལ།གཉིས་ཀས་ཀྱང་ལོ་གསུམ་དང་ཕྱེད་ཀྱི་རིང་ལ་དཀའ་བ་མང་དུ་སྤྱད་མཐར་༡༤༠༦ལོར་ཀརྨ་དེ་བཞིན་གཤེགས་པ་ནན་ཅིན་དུ་གདན་དྲངས་པ་ཡིན་ནོ།།
གཉིས་པ།ཀརྨ་དེ་བཞིན་གཤེགས་པ་ནན་ཅིན་ཏུ་ཕེབས་པའི་མཛད་པ་དངོས་།
ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་མི་ཉག་གི་ཡུལ་དུ་ཕོ་ཉ་མངགས་པ་སོགས་མཛད་ཀྱང་སྨད་དུ་མ་ཕེབས།ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་ཧུ་པེ་ལེས་གདན་དྲངས་ནས་ཧོར་ཡུལ་དུ་ཕེབས་ཤིང་།གདན་འདྲེན་མཁན་ཧུ་པེ་ལེ་ཡིན་ནའང་ཆེད་དུ་བྱ་བ་ཧོར་གྱི་རྒྱལ་ཆེན་མོང་གོལ་ཧན་གཅིག་པུའི་ཆེད་དུ་ཕེབས་པར་བཤད།དེ་ཡང་“རྒྱལ་པོའི་ཕོ་བྲང་དང་ཉེ་བའི་འོང་གེ(漠北)ས་ཆར་ཕེབས་དུས་སྔོན་གླང་བོ་ཆེའི་གཟུགས་ཀྱིས་མུ་སྟེགས་ཀྱི་རྒྱལ་པོ་ཆེན་པོ་བརྫིས་ནས་བཏུལ།རྒྱལ་པོ་དེ་ཕྱིས་ཁམས་ཀྱི་ཀམ་པོ་རྫ་ལར་བོན་པོ་འབྱོར་ལྡན་ཞིག་ལ་སྐྱེས་ཏེ།རྗེ་ཀརྨ་པ་ལ་ཞབས་ཏོག་ཐམས་ཅད་བསྒྲུབས།ད་ལྟ་རྒྱལ་པོ་མོང་གོལ་ཧན་དང་དཔོན་མོ་ཨེ་ཇིན་མ་དང་།རྒྱལ་བུ་ཨ་རི་བོ་ག བློན་པོ་དང་བཅས་པར་སྐྱེ་ནས།རྒྱ་མི་ཉག་ཧོར་བོད་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པས་དེ་འདུལ་བའི་དུས་ལ་བབས།ད་ལྟ་མ་བཟུང་ན་སྔོན་མུ་སྟེགས་ཅན་གྱི་བག་ཆགས་ཀྱིས་ཨེར་ཀ་འུན་(景教)གྱི་ཆོས་ལུགས་ལ་ཞུགས་ན་རྒྱལ་པོ་འདི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་བས་རྒྱལ་ཁམས་ཐམས་ཅད་མུ་སྟེགས་ཅན་དུ་འགྲོ་བ་ཡིན།དུས་མཁྱེན་འདའ་ཁའི་ཞལ་ཆེམས་སུ་གདུལ་བྱ་གཅིག་གི་དོན་དུ་འབྱུང་་”(8)ཞེས་པའང་འདི་ཡིན་ཞེས་ཀརྨ་པཀྵི་ཧོར་ཡུལ་དུ་ཕེབས་པ་མོང་གོལ་ཧན་གྱི་ཆེད་དུ་ཡིན་པར་བཤད།ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་རྒྱ་ནག་ཏུ་ལན་གཉིས་ཕེབས་ཤིང་།ཀརྨ་སྐུ་ཕྲེང་བཞི་བ་རོལ་བའི་རྡོ་རྗེ་ཡང་ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་གདན་དྲངས་ཏེ་རྒྱ་ནག་ཏུ་ཕེབས་པ་སོགས་ཀྱིས།ཀརྨ་སྐུ་ཕྲེང་ལྔ་བ་དེ་བཞིན་གཤེགས་པའི་དུས་སུ་སླེབས་དུས་རྒྱ་ཕེབས་ཀྱི་མཛད་པ་ནི་“་རྒྱ་ཧོར་གྱི་རྒྱལ་པོ་རྣམས་དང་མཆོད་ཡོན་རྟེན་འབྲེལ་བཟང་པོ་ཡིན་པས་རིམ་ཅན་དུ་མཇལ་དགོས་པ་ཡིན”(་9)ཞེས་གསུངས་པ་ལྟར་་སྐུ་ཚེ་རེ་ལ་དགོས་ངེས་ཀྱི་མཛད་པའི་སྲོལ་ལྟ་བུར་ཆགས་ཚར་ཡོད།ལོ་རྒྱུས་ལ་ལ(10)ན་ཀརྨ་དེ་བཞིན་གཤེགས་པ་རྒྱ་ནག་ཏུ་ཕེབས་རྐྱེན་ལ་ཡང་རྒྱ་བོད་དམག་འཁྲུག་གི་འཇིགས་པ་ལས་སྐྱོབ་ཕྱིར་ཡིན་པར་བཤད་ལ།དེ་ཡང་འཕྲལ་རྐྱེན་གོང་མ་ཡུང་ལོས་རང་གི་ཡབ་ཀྲུའུ་ཡོན་ཀྲང་དང་མ་ཡུམ་བཙུན་མོ་ཀའོ་བཟའ་གཉིས་འདས་པའི་དགེ་སྒྲུབ་ཀྱི་ཆེད་དུ་གདན་འདྲེན་གྱི་བཀའ་ཡིག་བབས་པས་ཡིན།དེའི་དུས་ཀྱི་གོང་མ་ཡུང་ལོའི་བཀའ་ཡིག་ཧྲིལ་པོ་འདི་ལྟར་“བླ་མ་ཁྱེད་ཀྱིས།དེ་བཞིན་གཤེགས་པའི་ཆོས་ཟབ་མོ་མཁྱེན་པའི་དོན་ལ་ནུབ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཀུན་གྱིས་སྐྱབས་སུ་འགྲོ་བ་དང་གུས་པར་སངས་རྒྱསའཇིག་རྟེན་དུ་བྱོན་པ་ལྟ་བུའི།ཁྱེད་ཐབས་ཤེས་རབ་ཡོན་ཏན་འཕྲིན་ལས་མཆོག་གི་དངོས་གྲུབ་མ་ཐོབ་ན་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་ག་ལ་འབྱུང་།ངེད་སྔར་བྱང་ཕྱོགས་སུ་ཡོད་པའི་དུས་སུ།ཁྱེད་ཀྱི་མཚན་བཟང་པོ་ཐོས་ནས་ལན་གཅིག་མཇལ་བསམ་པའི་སེམས་བཞིན་ད་ལྟ་གོ་ས་ཆེན་པོ་ལ་བཞུགས།ཡུལ་དབུས་ཀྱི་རྒྱལ་ཁམས་བདེ་བར་འདུག ཡུན་རིང་དུ་བསམས་པ་ལ་མུན་པ་བསལ་བ་ལྟ་བུ་དྲིན་མཉམ་པ་ཉིད་ཕན་ཡོན་ཐུན་མོང་དུ་མཛད་དགོས།སྔར་ཤཱཀྱ་ཐུབ་པས་ཐུགས་རྗེས་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད།ཆོས་ཀྱི་དངོས་གྲུབ་ཟབ་མོ་ཐོབ་པའི་དོན་ལ།ཁྱེད་ཐུབ་པའི་ཐུགས་དང་གཉིས་སུ་མེད་པར་འདུག་པས་ཡུལ་དབུས་འདིར་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་རྒྱལ་ཁམས་ཀྱི་ཕན་བདེ་ལ་དགོངས་ནས་ངེད་ཀྱིས་སྔར་བསམས་པ་བཞིན་རྗེས་སུ་འབྲངས་ནས།བླ་མ་ཁྱེད་ཅིས་ཀྱང་འབྱོན་པར་མཛོད།སྔར་གྱི་རྒྱལ་པོས་ཡུལ་དབུས་ཀྱི་རྒྱལ་ཁམས་བདེ་བའི་སྒོ་ནས་བཅོས་པ་ཡིན།སངས་རྒྱས་ཀྱི་བསྟན་པ་ལ་ཡང་སྔོན་དུ་འགྲོ་བ་།ངེད་ཀྱི་ཡབ་ཐའི་རྒྱལ་པོ་ཧུ་ཧང་དང་དད་པ་ཅན་གྱི་བཙུན་མོ་ཧུ་ཧུང་བུ་གནམ་ལ་གཤེགས་ནས་ཡུན་རིང་།དྲིན་གསབ་དགོས་པ་ཐབས་གང་ཡང་མ་རྙེད།བླ་མ་ཁྱེད་ཐབས་ཤེས་འཕྲིན་ལས་ཀྱི་སྒོ་ནས་མཆོག་གི་དངོས་གྲུབ་ཐོབ་པས་དོན་གྱིས་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་པར་འདུག ཅིས་ཀྱང་མྱུར་བར་བྱོན་ནས་འདས་པ་རྣམས་ལ་སྒྲོལ་པའི་ཆོ་ག་སྒྲུབ་པའི་དོན་ལ་ད་ལྟའི་ལི་སྐྱམ།ཤའུ་སྐྱམ།ཧུའུ་རྐྱེན་སོགས་པ་མངགས་ནས་ཡི་གེའི་རྟེན་བསྐུར་གདན་འདྲེན་དུ་སོང་ཡོད།བླ་མས་ཐུགས་རྗེས་བཟུང་ལ་མཉེས་པར་མཛོད་ལ་མྱུར་དུ་འབྱོན་པ་ཞུ།ཡི་གེ་རྟེན་གྱི་དངུལ་བྲེ་ཆེན་གསུམ་ལ་སྲང་བརྒྱ་དང་ལྔ་བཅུ།གོས་ཡུག་མདོག་མི་འདྲ་བ་ཕྱི་བཅུ།ནང་དར་མདོག་མི་འདྲ་བ་བཅུ།ཙནྡན་དུམ་གཅིག སྤོས་དཀར་རྒྱ་མ་བཅུ།ཟུའུ་ཧང་སྤོས་རྒྱ་མ་གང་།ཇ་དཀར་རྒྱ་མ་བརྒྱ་དང་ལྔ་བཅུ།སྣ་དྲུག་ཡུན་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཕོ་བྲང་ཆེན་པོ་ནས་བྲིས།”ཅེས་སོ།།བཀའ་ཡིག་འདི་ཐོག་མར་རྒྱ་ཡིག་གི་ཡིན་པ་བོད་དུ་འགྱུར་བ་ཡིན་ནམ་ཡང་ན་ཐོག་མ་ཉིད་ནས་གོང་མས་བོད་ཡིག་གི་སྟེང་ནས་གནང་བ་གང་ཡིན་ད་ལྟ་བཤད་དཀའ།གང་ལྟར་ཡང་༡༤༠༣ལོར་ཀརྨ་དེ་བཞིན་གཤེགས་པ་གདན་འདྲེན་གྱི་བཀའ་ཡིག་འདི་ཉིད་བུད་པ་རྒྱའི་ཡིག་ཚང་《ཏའི་མིང་ཐེ་ཙོའུ་བདེན་གཏམ(明太祖实录)》གྱི་ལུང་།《དེབ་དམར་གསར་མ》རྒྱ་འགྱུར་མའི་མཆན་དུ་དྲངས་པ་ལས་གསལ།དེར་མ་ཟད་མཆན་བཀོད་དེར།ཕྱིས་ཀྱི་རྒྱ་ཡིག་གི་སྟེང་གི་བཀའ་ཡིག་འདི་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་བོད་ཡིག་གིས་བཀོད་པ་རྒྱ་ཡིག་ཏུ་འགྱུར་པར་བཤད་ཡོད།འདིའི་ནང་གི་ཡབ་ཐའི་རྒྱལ་པོ་ཧུ་ཧང་ནི《བོད་ཀྱི་ལོ་རྒྱུས་ཆེན་མོར》་皇考太(祖)皇帝ཅེས་བསྒྱུར་འདུག་ལ།བཙུན་མོ་ཧུ་ཧུང་བུ་ནི皇妣高皇后ཅེས་བསྒྱུར་འདུག་།དེ་གཉིས་ནི་ཡུང་ལོའི་ཡབ་ཧུང་ཝུ་ཀྲུའུ་ཡོན་ཀྲང་དང་ཡུམ་བཙུན་མོ་ཀའོ་བཟའ་གཉིས་ཡིན་ནོ།།དེ་ཡང་ཡུང་ལོ་བྱང་ཕྱོགས་ཀྱི་ཡན་རྒྱལ་ཕྲན་གྱི་རྒྱལ་པོ་མཛད་པའི་དུས་ནས་ཀྱང་ཀརྨ་དེ་བཞིན་གཤེགས་པའི་སྙན་གྲགས་ཐོས་པར་བཤད་ལ།གོང་བཤད་གདན་འདྲེན་གྱི་གསེར་ཡིག་ནའང་“ངེད་སྔར་བྱང་ཕྱོགས་སུ་ཡོད་པའི་དུས་སུ།ཁྱེད་ཀྱི་མཚན་བཟང་པོ་ཐོས་ནས་ལན་གཅིག་མཇལ་བསམ་པའི་སེམས་བཞིན་ད་ལྟ་གོ་ས་ཆེན་པོ་ལ་བཞུགས”ཞེས་སོགས་གསུང་འདུག་པ་ལྟར་རོ། དེ་བཞིན་གཤེགས་པ་དགུང་ལོ་ཉེར་གསུམ་པ་མེ་ཁྱི་(1406)ལོའི་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ལ་ཀརྨ་ནས་ལམ་ལ་ཆས་ཤིང་།དེ་ཡང་ཀམ་ཚང་གི་བཀའ་བརྒྱུད་གསེར་ཕྲེང་སོགས་སུ་ལམ་གང་དུ་མཛད་ནས་ཕེབས་པ་མི་གསལ་ཡང་།ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཀམ་ཚང་གི་ཆོས་འབྱུང་སྐབས་སུ“དེ་ནས་ཚུགས་དྲུག་གིས་འབྲུ་ཆུའི་ཀློང་ཐང་གི་གྲུ་བརྒལ”་ཞེས་དང་།“ར་རྒྱ་གྲུ་སོའི་བར་ལ་ཚུགས་བཅུ།ཁྲོམ་བུ་རོང་བར་དུ་ཚུགས་བཅུ་དྲུག”ཞེས་སོགས་དང་།“ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་ག་ཅུ་ནས་བཏེགས་ཏེ་འཇམ་ཚུགས་ན་གསུམ་དང་ཉི་མ་ན་གཉིས་ཀྱིས་ཤིང་ཀུན་ཏུ་ཕེབས་”ཞེས་སོགས་གསུང་ཚུལ་གྱིས་ས་སྐྱའི་སྐབས་སུ་བཙུགས་པའི་རྒྱ་བོད་བར་གྱི་འཇམ་ལམ་བརྒྱུད་ནས་ཕེབས་པ་གསལ་ལ།འདི་ལས་བོད་ཡུལ་གྱི་ས་སྐྱ་བའི་སྲིད་གཞུང་ཕག་གྲུར་ཤོར་བ་དང་།རྒྱ་ནག་གི་ཡོན་རྒྱལ་རབས་ཀྱི་སྲིད་ཏའི་མིང་ལ་ཤོར་པ་སོགས་སྲིད་འགྱུར་གྱི་སྐབས་སུ་ཡང་འཇམ་ཚུགས་ད་དུང་མ་ཉམས་པར་གནས་པ་ཤིན་ཏུ་གསལ་ལོ།།
རྒྱའི་ལོ་རྒྱུས་ཡི་གེ་ལ་ལ(11)་ན་ཡུང་ལོ་ཟླ་བ་བཅུ་གཉིས་པའི་ས་བྱ་ཉིན་མཆོད་ཡོན་ཞལ་འཛོམས་པར་བཤད་ཀྱང་།ཆོས་འབྱུང་མཁས་པའི་དགའ་སྟོན་དུ་མེ་ཕག་ཟླ་བ་དང་པོའི་ཚེས་ཉི་ཤུ་གཅིག་ལ་ཡུང་ལོ་དང་ཞལ་འཛོམས་པར་གསུངས།།།དེའི་ཉིན་གོང་མ་ཕོ་བྲང་ནས་ཕྱིའི་ལྕགས་རིའི་ནང་དུ་བྱོན།ཀརྨ་པར་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་ཞིག་ཕུལ།འདི་ནི་མཆོད་ཡོན་མཇལ་བའི་ཡི་གེའི་དོན་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བཀོད་པ་ལྟར་ཡིན་ལ།།ཆོས་འབྱུང་འདིར་སྔོན་གྱི་གསུང་རྒྱུན་བཀོད་པ་ལས།“གོང་མས་མངོན་མཁྱེན་ཡོད་ན་མཇལ་དར་གཅིག་པ་བསྣམས་ཡོད་དགོངས་ནས་ཕྱག་ཤུབས་ཀྱི་ནང་དུ་དུང་དཀར་གཡས་འཁྱིལ་ཞིག་བཅུག་ནས་ཐོག་མར་ཕུལ།ཆོས་རྗེས་ཀྱང་མཁྱེན་ཏེ་དེ་མ་ཐག་ཏུ་སྐུ་ཕག་ནས་དུང་དཀར་གཡས་འཁྱིལ་ཞིག་བཏོན་ནས་གནང་བས་ཐུགས་ལྷག་པར་དད།ཕྱིས་གཉིས་ཀ་ལ་གསེར་གཤོག་རེ་སྦྲན་ནས་ཕུལ་བར་ད་ལྟ་གན་ངྷོལའི་མཆོད་རྫས་མཁྱིད་གང་ཙམ་པ་གཉིས་པོ་འདི་ཡིན་པར་གསུངས”ཞེས་ཀྱང་གསུངས།དེའི་ཕྱི་ཉིན་ཡང་གོང་མར་མཇལ་འཛོམས་གནང་ཞིང་།དེའི་སྐབས་ཀྱི་བཞུགས་ཁྲི་ཡང“་གོང་མ་ཕུགས་ནས་ཚུར་བཞུགས།རྒྱའི་ལུགས་ལ་གཡོན་ཆེ་བར་བྱེད་པས་ཆོས་རྗེ་གཡོན་ནས་ཚུར་བཞུགས།གཞན་རྣམས་མདུན་གཡོན་གཡས་སུ་བཞུགས་ཏེ་བཀུར་བསྟི་མཛད་”(12)ཅེས་གསུངས་ལ།་རྒྱའི་ཡི་གེ་ལ་ལར་(13)ཡང་གོང་མ་ཡུང་ལོས་དེ་བཞིན་གཤེགས་པ་རང་གི་ཉེ་འཁོར་དུ་བཞུགས་སུ་བཅུག་ཅིང་།རང་གི་བླ་མ་དེ་བཞིན་གཤེགས་པར་གུས་ཞབས་མཚོན་ཕྱིར་ཀརྨ་པ་གོང་མ་རང་གི་ཁྲི་ལས་ཀྱང་མཐོ་བའི་རིན་པོ་ཆེའི་ཁྲིའི་སྟེང་དུ་བཞུགས་སུ་བཅུག་པར་བཤད་ཡོད།དེར་མ་ཟད་ཡུང་ལོས་དེ་བཞིན་གཤེགས་པ་དང་མཇལ་འཛོམས་ཀྱི་ཆེད་དུ་ཕོ་བྲང་ཉེ་འཁོར་དུ་མཇལ་ཁང(会同馆)གསར་དུ་བརྒྱབ་ཡོད་པ་འདྲ་སྟེ།ཆོས་འབྱུང་མཁས་པའི་དགའ་སྟོན་དུ“དེའི་ནུབ་ཆོས་རྗེ་མཇལ་ཁང་གསར་དུ་བརྒྱབ་པར་བཞུགས”ཅེས་་གསུངས་ཡོད།རྒྱའི་ཡི་གེ་ལ་ལར་(14)གོང་མར་མ་མཇལ་བའི་སྔོན་གྱི་ཉིན་གསུམ་ཙམ་ལ་དེ་བཞིན་གཤེགས་པ་ནན་ཅིན་གྱི་ཐྱེན་ཅེ་དགོན་པར་བཞུགས་ནས་གོང་མར་མཇལ་དུས་ཀྱི་གུས་ལུགས་བསླབ་པར་ཡང་བཤད་ལ།སྤྱིར་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་དང་བསྡུར་ཏེ་རྒྱ་ཟླ་དང་ཧོར་ཟླ་སོགས་ཀྱི་རྩིས་ཚུལ་ལའང་དཔྱད་པར་བྱ་བ་མང་ཡང་སྐབས་འདིའི་དཔྱད་བྱ་མིན་པས་རེ་ཞིག་བསྐྱུར་རོ།།
དེ་ལྟར་དེ་བཞིན་གཤེགས་པ་མེ་ཁྱི་1407ལོའི་ཟླ་བ་དང་པོའི་ཡས་མས་སུ་ཕོ་བྲང་དུ་ཕེབས་པ་ནས་ལོ་ཕྱི་མ་1408མེ་ཕག་ལོའི་ཟླ་བ་ལྔ་བའི་བར་དུ་ནན་ཅིན་དུ་བཞུགས་ཤིང་ཆོས་ཀྱི་མཛད་པ་མང་དུ་བསྐྱངས།ཁྱད་པར་དུ་མེ་ཁྱི་ལོའི་ཟླ་བ་གཉིས་པའི་ཚེས་ལྔ་ནས་ཡུང་ལོའི་ཡབ་ཡུམ་གོང་མ་ཧུང་ཝི་དང་བཙུན་མོ་ཀའོ་བཟའ་གཉིས་ཀྱི་དགེ་རྩར་དམིགས་ཏེ་ཉིན་བཅུ་བཞིའི་རིང་དཀྱིལ་འཁོར་དུ་མའི་སྒྲུབ་མཆོད་མཛད།དེ་ཡང་རྒྱ་ནག་གི་ལོ་རྒྱུས་ཡི་གེ་《ཧི་ཤན་ལོ་རྒྱུས་》སོགས་ན་ཉིན་བཅུ་བཞིའི་རིང་ལ་ཆོས་ཀྱི་བྱེད་སྒོ་སྤེལ་ཏེ་ཉི་མ་རེ་རེར་བཀྲ་ཤིས་པའི་རྟགས་མཚན་བྱུང་ཚུལ་སོགས་བཀོད་འདུག་ཀྱང་།བྱེ་བྲག་གི་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཀྱི་སྐོར་ཅི་ཡང་བཀོད་མེད།ཆོས་འབྱུང་མཁས་པའི་དགའ་སྟོན་ན་ད་གཟོད་དེའི་དུས་རྡུལ་ཚོན་གྱི་དཀྱིལ་འཁོར་མི་འདྲ་བ་བཅུ་གཉིས་བཞེངས་ཏེ་སྒྲུབ་མཆོད་མཛད་པར་གསུངས་ཡོད།དཀྱིལ་འཁོར་བཅུ་གཉིས་ནི།༡.ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ།༢.ཕུར་བ་རྡོ་རྗེ་གཞོན་ནུ།༣.དཔལ་གསང་བ་འདུས་པ།༤.མི་ཏྲ།༥.རྡོར་དབྱིངས།༦.ཆོས་དབྱིངས་གསུང་དབང་།༧.དཔལ་དགྱེས་པ་རྡོ་རྗེ།༨.རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ།༩.ཀུན་རིག་རྣམ་པར་སྣང་མཛད།༡༠.སྨན་བླ།༡༡.སྒྲོལ་ཆོག།༡༢.ཐུགས་རྗེ་ཆེན་པོའི་གཟུངས་སྒྲུབ་བཅས་སོ།།
གཞན་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་སྐབས་འདིར་ཆོས་རྗེས་ཉི་མ་རེ་རེ་བཞིན་གོང་མར་དབང་རེ་གནང་པར་གསུངས་ཀྱང་ལྷ་འདི་དང་འདིའི་དབང་ཡིན་གྱི་གསལ་ཁ་མེད།འོན་ཀྱང་ཕྱིས་ཀྱི་རྒྱ་ནག་ལོ་རྒྱུས་ཡི་གེ་ལ་ལ་ན་དེ་བཞིན་གཤེགས་པས་གོང་མ་ཡུང་ལོར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་དང་།ནཱ་རོ་མཁའ་སྤྱོད་མའི་དབང་ཡང་གནང་བར་བཤད་ལ།དེ་དང་མཉམ་དུ་ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱང་ཕུལ་བར་བཤད་།དེ་བཞིན་དུ་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་ལོ་དེའི་ཟླ་གསུམ་པར་གོང་མ་ཡུང་ལོར་ནཱ་རོ་ཆོས་དྲུག་གི་ཁྲིད་ཕུལ་བར་མ་ཟད།ཆོས་དྲུག་གི་ཁྲིད་ཡིག་(15)གི་དཔེ་ཡང་རྒྱ་ཡིག་ཏུ་བསྒྱུར་ནས་ཕུལ་བར་གསུངས།ཟླ་བ་དེ་ཉིད་དུ་ཡུང་ལོས་ཀརྨ་པར་“དྲུང་དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་(大宝法王)ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བ་དབང་ཕྱུག་གི་སངས་རྒྱས་”ཞེས་པའི་མཚན་དང་།གསེར་སྲང་བརྒྱ་ལས་གྲུབ་པའི་འཇའ་ས།ཤེལ་གྱི་ཕྱག་ཐམ་ཡིད་བཞིན་ནོར་བུ་རྣམས་ཕུལ་བར་བཤད།ལོ་དེའི་སྟོན་གྱི་དུས་སུ་ཡུང་ལོའི་བཙུན་མོ་རིན་ཤོ་རྒྱལ་མོ་(16)འདས་པ་ལའང་དེ་བཞིན་གཤེགས་པས་རིམ་གྲོ་མང་དུ་བསྒྲུབས།དེ་དག་གི་དུས་སུ་ཀརྨ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱི་བཞུགས་གནས་ལའང་རྒྱའི་ལོ་རྒྱུས་ན་ལིང་གུ་སིའི་སྡེ་གཅིག་པུ་མ་གཏོགས་བཤད་མེད་ཀྱང་།《ཆོས་འབྱུང་མཁས་པའི་དགའ་སྟོན》་ན་“སྤྱིར་ཧོར་དུས་ནས་ཕོ་བྲང་ན་ཀར་སྡེ་མང་དུ་ཡོད་མོད་ཀྱང་ཁྱད་པར་དུ་རྒྱ་ལུགས་ཀྱི་བཀོད་པ་ཅན་གྱི་ལྕགས་རི་ཕྱིར་ལིང་གུ་སིའི་སྡེ་དང་ནང་དུ་ཏཱ་ཏུ་ཀར་སྡེ་གསར་དུ་བཏབ་པ་ལ་བཞུགས་གནས་མཛད་”ཅེས་གསུངས་འདུག་ལ།འདིའི་ཏཱ་ཏུ་ཀར་སྡེའི་ཏཱ་ཏུ་ནི་帝都སྟེ་དོན་ལ་རྒྱལ་སའི་ཀར་སྡེ་དོན་ཡིན་ནམ་སྙམ་ལ།འདི་གཉིས་དང་རི་བོ་རྩེ་ལྔའི་ཀར་སྡེ་རྣམས་ཀྱི་བླ་མའི་བསྐོ་བཞག་སོགས་ཀརྨ་བའི་སྒར་ནས་མཛད་བཞིན་ཡོད་པར་གསུངས་ལ།གཙུག་ལག་ཁང་བླ་བྲང་དང་བཅས་པའི་དེབ་རྩེ་ལྷ་སྒང་ན་ཡོད་པ་དཔའ་བོ་གཙུག་ལག་ཕྲེང་བས་མཐོང་མྱོང་བར་གསུངས་སོ།།འདིའི་ལིང་གུ་སིའི་སྡེ་ནི་རྒྱ་སྐད་ཀྱི་灵谷寺སྟེ་ནན་ཅིན་མཁར་གྱི་དགོན་རྙིང་ཞིག་ཡིན་ལ།ལྱེང་ཨུ་ཏིས་དུས་སུ་དགོན་མིང་ཁེ་ཧྲན་སིའི་སྡེ་དང་།སུང་བྱང་མའི་དུས་སུ་དགོན་མིང་ཐེ་ཕིང་ཤིན་ཀོ་ཁྲན་སིར་བརྗེས།ཏའི་མིང་གོང་མ་ཧུང་ཝི་ཀྲུའུ་ཡོན་ཀྲང་གིས་དགོན་གནས་ཀྲུང་ཧྲན་ཤར་ལྷོ་ན་ཡོད་པ་ཀྲུང་ཧྲན་ཤར་དུ་གནས་སྤར་ཏེ་དགོན་མིང་ལིང་གུ་སིའི་སྡེར་བརྗེས་པའོ།། དེ་ལྟར་ཀརྨ་དེ་བཞིན་གཤེགས་པས་ནན་ཅིན་གྱི་མཛད་པ་རྣམས་ལེགས་པར་གྲུབ་རྗེས་མེ་ཕག་ཟླ་བ་ལྔ་བར་ནན་ཅིན་དང་གྱེས་ཏེ་བོད་ཡུལ་དུ་གཤེགས་སོ།།
གསུམ་པ།མཛད་པ་དེ་ལས་བྱུང་བའི་ཕན་འབྲས་ཀྱི་སྐོར།
ཁྲིན་ཞིན་ཧེས་མཛད་པའི་《དེ་བཞིན་གཤེགས་པ་དང་ཏའི་མིང་ཁྲིན་ཙོ》ཞེས་པའི་ཆེད་དེབ་དེར།རིན་ཆེན་ཆོས་རྒྱལ་ལམ་ཀརྨ་དེ་བཞིན་གཤེགས་པའི་ནན་ཅིན་ཏུ་ཕེབས་པའི་མཛད་པ་འདི་སྤྱིར་ན་ཆོས་ཕྱོགས་ཀྱི་མཛད་པ་ཞིག་ཡིན་ནའང་།ཆབ་སྲིད་དང་ཡང་འབྲེལ་མེད་པ་ཞིག་མ་ཡིན་པར་འདོད་ཡོད་ལ།གོང་མ་ཡུང་ལོས་དེ་བཞིན་གཤེགས་པ་གདན་དྲངས་པའི་མཛད་པ་འདི་ལ་བརྟེན་ནས་ཡོན་རྒྱལ་རབས་དང་ས་སྐྱ་བའི་བར་གྱི་འབྲེལ་ལམ་དང་མཚུངས་པར།ཏའི་མིང་རྒྱལ་རབས་དང་ཀརྨ་ཞྭ་ནག་པ་སྐུ་ཕྲེང་ལྔ་བའི་བར་དུའང་ཆབ་སྲིད་སྟེང་གི་མནའ་འབྲེལ་རིགས་ཤིག་འཛུགས་པར་བཞེད་ཡོད་པར་བཤད་ལ།ཀརྨ་དེ་བཞིན་གཤེགས་པར་ཕུལ་བའི་“རིན་ཆེན་ཆོས་རྒྱལ”་ཅེས་པའི་མཚན་གནས་འདི་ཡང་ཡོན་གོང་མས་འགྲོ་མགོན་འཕགས་པར་ཕུལ་པའི་མཚན་གནས་དེ་ཉིད་ཡིན་པར་བཤད་དོ།དེར་མ་ཟད་འཁོན་ཀུན་དགའ་བཀྲ་ཤིར་ཕུལ་བའི་“ཐེག་ཆེན་ཆོས་རྒྱལ”་ཞེས་པའི་མཚན་གནས་དང་།དགེ་ལུགས་པའི་ཤཱ་ཀྱ་ཡེ་ཤེས་ལ་ཕུལ་བའི་“བྱམས་ཆེན་ཆོས་རྒྱལ་”ཞེས་པའི་མཚན་གནས་སོགས་ཀྱང་“རིན་ཆེན་ཆོས་རྒྱལ་”ལས་ཐོབ་ཐང་དམའ་བའང་།གོང་མ་ཡུང་ལོས་བསམ་བཞིན་དུ་བཀའ་བརྒྱུད་པའི་གྲུབ་མཐའ་འདི་ཡོན་རྒྱལ་རབས་སྐབས་ཀྱི་ས་སྐྱ་བ་དང་མཚུངས་པར།བོད་ཀྱི་ཆོས་བརྒྱུད་གཞན་ལས་འབུར་ཏུ་གཏོད་པའི་ཆེད་ཡིན་པར་བཤད་ཡོད།འོན་ཀྱང་གོང་མ་ཡུང་ལོའི་ཐུགས་ཀྱི་བཞེད་པ་དེ་ཉིད་ཇི་བཞིན་མ་གྲུབ་པར་བཤད་ལ།དེ་ཡང་མཐར་གཏུགས་ན་ཏའི་མིང་རྒྱལ་རབས་དང་ཡོན་རྒྱལ་རབས་གཉིས་ཀྱི་གནས་ཚུལ་མི་མཐུན་པའི་དབང་གིས་མ་འགྲུབ་པར་བཤད་ཡོད།དེར་མ་ཟད《ཆོས་འབྱུང་མཁས་པའི་དགའ་སྟོན་》དུའང་།སྤྱིར་གོང་མ་ཉིད་ཀྱི་དགོངས་པས་དམག་གི་སྒོ་ནས་ཧོར་དུས་ལྟར་བོད་ཁྲིམས་ཞབས་སུ་འཇུག ས་ཧོར་ལྟར་མཆོད་ཡོན་སྲིད་གཅིག་པས་རྒྱལ་ཁམས་གནོན་པར་དགོངས་ཀྱང་ཆོས་རྗེ་རིན་པོ་ཆེས་ཆོས་བཞིན་དུ་བསྟན་པས་རྒྱ་དམག་མཛད་མ་བདེ་ཞེས་སོགས་ཀྱིས།གོང་མ་ཡུང་ལོའི་ཐུགས་ཀྱི་བཞེད་པ་དེ་ཉིད་ཀརྨ་དེ་བཞིན་གཤེགས་པས་བཀག་པས་མ་འགྲུབ་ཀྱང་གསུངས་སོ།།འོན་ཀྱང་ལེགས་པར་བརྟག་ཚེ་ཏའི་མིང་གོང་མ་ཡུང་ལོའི་ཐུགས་དགོངས་ཇི་བཞིན་མ་འགྲུབ་པ་ནི།ཏའི་མིང་རྒྱལ་རབས་དང་ཡོན་རྒྱལ་རབས་གཉིས་ཀྱི་གནས་བབ་མི་འདྲ་བ་དང་།ཀརྨ་དེ་བཞིན་གཤེགས་པས་བཀག་པ་ཙམ་གྱིས་མ་ཡིན་པར།བོད་ཀྱི་གནས་བབ་མི་འདྲ་བའི་དབང་གིས་ཀྱང་ཡིན་ནམ་སྙམ་སྟེ།ཡོན་རྒྱལ་རབས་ཀྱི་དུས་མགོར་བོད་ཡུལ་གྱི་གནས་བབ་ནི་བཅད་བཟུང་གི་རྣམ་པར་གནས་པ་ས་སྐྱ་བས་ཧོར་དང་མཉམ་འབྲེལ་གྱིས་བོད་ཡུལ་ཧྲིལ་པོ་གཅིག་གྱུར་མཛད་པས།ད་གཟོད་ཁྲི་སྐོར་བཅུ་གསུམ་སོགས་ཀྱི་རྣམ་གཞག་ཐམས་ཅད་ཀྱང་འཛུགས་ནུས་སོང་པ་ཡིན་ལ།་ས་ཧོར་ཆབ་སྲིད་སྟེང་གི་མནའ་འབྲེལ་གྱི་རིགས་དེར་ལམ་ཁའང་ཡོད་སོང་བ་ཡིན་ནོ།།ཏའི་མིང་རྒྱལ་རབས་ཀྱི་དུས་དང་ནང་སྒོས་གོང་མ་ཡུང་ལོའི་དུས་དེར།བོད་ཡུལ་ཧྲིལ་གྱིས་ཕག་གྲུ་སྲིད་གཞུང་གིས་གཅིག་གྱུར་མཛད་ཟིན་པར་མ་ཟད།སྣེའུ་གདོང་རྒྱལ་རབས་དེ་ཉིད་ཤིན་ཏུ་དར་བའི་སྐབས་ཀྱང་ཡིན་པས།དོན་འདི་ཀརྨ་དེ་བཞིན་གཤེགས་པས་མི་དགོངས་པའང་མི་སྲིད་ལ།འདི་ཉིད་ལའང་འབྲེལ་བ་ངེས་ཅན་དུ་ཡོད་ངེས་སྙམ་མོ།།
འོན་ཀྱང་ཀརྨ་དེ་བཞིན་གཤེགས་པ་ནན་ཅིན་དུ་ཕེབས་པའི་མཛད་པ་འདི་ལ་བརྟེན་ནས།དེ་བཞིན་གཤེགས་པ་རང་ཉིད་ཀྱི་བོད་ཡུལ་རྒྱ་དམག་གིས་འཇིགས་པ་ལས་སྐྱོབ་པའི་ཐུགས་ཀྱི་བཞེད་པ་ནི་ལེགས་པར་གྲུབ་ཟིན་སྙམ་སྟེ།དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།“ཕྱིས་ཀྱང་གོང་མའི་གསེར་ཡིག་པ་བོད་དུ་ཡོང་བ་འབྲི་གུང་གི་རྒྱབ་སེ་རུ་རོང་དུ་བཅོམ་པ་དང་།བོད་ནས་སྙན་ཕྲ་ཞུ་མི་ཡང་བྱུང་ནས་རྒྱ་དམག་ཡོང་ལ་ཁད་བྱུང་བའི་ཚེ།ཕག་མོ་གྲུ་བའི་དབང་གྲགས་པ་རྒྱལ་མཚན་གྱིས་ཆོས་རྗེ་དྲུང་དུ་མགོན་མེད་སྐྱབས་མེད་ཀྱིས་སྨྲེ་སྔགས་མགོ་འབུལ་ལུས་འབུལ་གྱི་ཞུ་ཡིག་སུམ་སྦྲེངས་དངོས་སུ་མཐོང་།དེ་དག་གི་ཚེ་འང་ཐུགས་བྱམས་པ་ཆེན་པོས་ནི་ཁྱབ།ཁེ་གྲགས་དང་དབང་ཆེ་འདོད་པའི་རྣམ་པར་རྟོག་པ་ནི་མི་མངའ།ཐམས་ཅད་ལ་ཕན་བདེ་འབའ་ཞིག་དགོངས་པས་བཀའ་ཡང་ཡང་བསྩལ་པས་རྒྱལ་པོ་ཆེན་པོས་ཀྱང་བླ་མའི་གསུང་གི་ཅོད་པན་སྤྱི་བོའི་གཙུག་ཏུ་བཀོད་པས་རྒྱ་རྣམས་ཕྱི་མའི་འཇིགས་པ་ལས་བསྐྱབས།བོད་རྣམས་ཚེ་འདིའི་འཇིགས་པ་ལས་བསྐྱབས་”ཞེས་སོགས་གསུངས་པ་ལྟར་རོ།། གཞན་ཡང་གོང་མ་ཡུང་ལོས་ཀརྨ་དེ་བཞིན་གཤེགས་པ་ནན་ཅིན་དུ་གདན་དྲངས་པའི་མཛད་པ་འདི་་ཉིད་ལེགས་ལམ་བྱུང་བ་དེ་ཉིད་ཀྱིས།བོད་ཀྱི་བླ་ཆེན་གཞན་རྣམས་ཀྱང་རྒྱ་ནག་ཏུ་གདན་འདྲེན་པའི་རྟེན་འབྲེལ་གྱི་སྒོ་འཕར་ལེགས་པར་ཕྱེས་ཏེ།ཡུང་ལོའི་ཁྲི་ལོ་བཅུ་བ་1412ལོར་ས་སྐྱའི་འཁོན་ཀུན་དགའ་བཀྲ་ཤིས་གདན་དྲངས་ཏེ།ཡུང་ལོའི་ཁྲི་ལོ་བཅུ་གཅིག་པ་1413ལོའི་ཟླ་ལྔ་བར་ཐེག་ཆེན་ཆོས་རྗེའི་མཚན་གནས་ཕུལ་བ་དང་།ཡུང་ལོ་ཁྲི་ལོ་བཅུ་གཉིས་པ་1414ལོར་ཤཱཀྱ་ཡེ་ཤེས་གདན་དྲངས་ཤིང་།དེ་ལ་བརྟེན་ནས་བྱམས་ཆེན་ཆོས་རྗེ་ཤཱ་ཀྱ་ཡེ་ཤེས་དེ་ཉིད་ཀྱིས། དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་སེ་ར་ཐེག་ཆེན་གླིང་བཏབ་ཅིང་།ཕྱིས་སུ་ཏའི་མིང་གོང་མ་ཟོན་ཏེས་“བྱམས་ཆེན་ཆོས་རྒྱལ”ཞེས་པའི་མཚན་གནས་ཕུལ་པ་ལྟ་བུའོ།།ཀརྨའི་གདན་ས་མཚུར་ཕུ་ས་ཡོམ་གྱིས་ཞིག་པའང་གོང་མ་ཡུང་ལོས་ཆ་རྐྱེན་ཕུལ་ཏེ་ལེགས་པར་གསོས་པ་དང་།དེེར་མ་ཟད་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།“དེ་ལྟར་བོད་ཡུལ་འཇིགས་པ་ལས་བསྐྱབས་པར་མ་ཟད་དྲུང(དེ་བཞིན་གཤེགས་པ)འདིའི་བཀའ་དྲིན་ལས་ཕག་མོ་གྲུ་པ་ལ་ཆེན་ཧ་ཝང་བོད་སྐད་དུ་སྤྲུལ་པ་སྤེལ་པའི་རྒྱལ་བུ་ཞེས་བྱ་བའི་ལུང་ལས་ཀ འབྲི་ཁུང་བ་ལ་ཆེན་ཀྱུའུ་ཝང་བསྟན་པ་སྤེལ་བའི་རྒྱལ་བུ།གཙང་སྟག་པ་ལ་ཧུ་ཀྱའུ་ཝང་བསྟན་པ་སྐྱོང་བའི་རྒྱལ་བུ།གླིང་ཚང་པ་ཙེན་ཤེན་ཝང་དགེ་ལ་རྟོན་པའི་རྒྱལ་བུ།གོན་གྱོ་ཧུ་ཀྱའུ་ཝང་བསྟན་པ་སྲུང་བའི་རྒྱལ་བུ་ཞེས་སོགས་ཀྱི་ལུང་ལས་ཀ་དུ་མ་གནང་སྟེ་བོད་ཡུལ་བདེ་བར་མཛད་དོ་ཞེས་གསུངས་སོ།།འདིའི་ཆེན་ཧ་ཝང་ནི་རྒྱ་སྐད་ཀྱི་阐化王ཡིན་ལ།ཆེན་ཀྱའུ་ཝང་ནི་རྒྱ་སྐད་ཀི་阐教王།གཙང་སྟག་པའི་ཧུ་ཀྱའུ་ཝང་ནི་རྒྱ་སྐད་ཀྱི་辅教王དང་།ཙེན་ཤེན་ཝང་ནི་རྒྱ་སྐད་ཀྱི་赞善王།གོན་གྱོའི་ཧུ་ཀྱའུ་ཝང་ནི་རྒྱ་སྐད་ཀྱི་护教王སྟེ་རྒྱའི་ལོ་རྒྱུས་དག་ན་ཡོངས་གྲགས་སུ་བསྟན་པའི་རྒྱལ་པོ་ལྔ་(五教王)ཞེས་གྲགས་པ་རྣམས་ཡིན་ནོ།།
གཞན་ཡང་ཏའི་མིང་གོང་མ་ཡུང་ལོས་ཀརྨ་དེ་བཞིན་གཤེགས་པར་རིན་ཆེན་ཆོས་རྒྱལ་གྱི་མཚན་གནས་ཕུལ་པ་དང་།ཀརྨ་དེ་བཞིན་གཤེགས་པས་ཀྱང་་ནན་ཅིན་དུ་བསྟན་པ་སྤེལ་པ་སོགས་ཀྱིས་ཏའི་མིང་རྒྱལ་འབངས་ཁྲོད་དུ་སྙན་གྲགས་ཀྱིས་ཁྱབ་ཅིང་།དེ་ལ་བརྟེན་ནས་རྒྱ་ནག་གི་ཡུལ་གྲུ་ཀུན་ཏུ་ཀར་བསྟན་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་དད་མོས་འཛིན་མཁན་ཇེ་མང་དུ་སོང་བར་བཤད་ལ།མཐའ་ན་མིང་ཆིང་སྐབས་ཀྱི་ཟིན་བྲིས་དཔེར་ན་《གྲོགས་བཞི་གཞི་ཀའི་དཔེ་ཚོགས》དང་《ཝན་ལི་ཐང་རྙེད་གཏམ་ཚོགས་》(17)ལྟ་བུར་ཡང་དེ་བཞིན་གཤེགས་པ་དང་འབྲེལ་ཡོད་ཀྱི་ཟིན་བྲིས་མཐོང་ཐུབ་ལ།ལྷག་པར་དུ་དམངས་ཁྲོད་་ཀྱི་གཏམ་རྒྱུད་དང་ངག་རྒྱུན་རྣམས་སུ་ཡང་ཀརྨ་པ་སོགས་བོད་ཀྱི་བླ་སྤྲུལ་རྣམས་བསྟན་པ་སྲུང་མཁན་གྱི་སློབ་དཔོན་དུ་བསྒྱུར་ནས་འབེལ་གཏམ་དང་སྒྲུང་གཏམ་ནང་དུ་བཞག་སྟེ་རྒྱ་ཆེར་དར་བར་བཤད།འདི་དག་ལ་ལེགས་པར་བརྟག་ཚེ་ཏའི་མིང་གི་རྒྱལ་སྲིད་དེ་ཉིད་མི་ལོ་ཉིས་བརྒྱ་བདུན་ཅུ་ལྷག་ལ་ལེགས་པར་འཇགས་པ་ལྟ་བུ་ཡང་།ཀརྨ་དེ་བཞིན་གཤེགས་པ་སོགས་བོད་ཀྱི་བླ་ཆེན་རྣམས་ཀྱིས་ནན་ཅིན་སོགས་སུ་ཕེབས་ཏེ་རྒྱ་ནང་དུ་བོད་བརྒྱུད་ནང་པའི་བསྟན་པ་སྤེལ་པ་སོགས་ལ་དངོས་བརྒྱུད་གང་རུང་གི་འབྲེལ་བ་ངེས་ཅན་དུ་ཡོད་དོ་སྙམ་མོ།།
མཆན།
(1)དཔལ་ཀརྨ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་མཛད།1997ལོའི་ཞན་པར།
(2)《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》།རྒྱལ་དབང་ལྔ་བས་མཛད།མི་རིགས་དཔེ་བསྐྲུན་ཁང་གི་པར་མ།ཤོག་ངོས༡༤༦ན་གསལ།
(3)《青海小故宫瞿昙寺》谢佐,噶尔哇.阿旺桑波著。
(4)བོད་སོག་ཆོས་འབྱུང་གི་དོན་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱི《དཔལ་ཀརྨ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་》དུ་བཀོད་པའོ།
(5)ཏའི་མིང་གོང་མ་ཡུང་ལོས་ཕོ་བྲང་གི་ནང་དུ།监བཅུ་གཉིས་དང་།司བཞི།局བརྒྱད་དེ་ཁྱོན་ཉུག་རུམ་པས་བཟུང་བའི་ཡ་མོན་ཉི་ཤུ་རྩ་བཞིའི་ཁྲོད་ཀྱི་སི་ལེ་ཅན་གྱི་གོ་མིང་ཞིག་གོ།
(6)རྒྱ་སྐད་ཀྱི་姚广孝ཟེར་ཞིང་།མིང་འདོགས་ལ“་རྒྱ་སྟག་ནད་པར་”འབོད་པའི་བཙུན་པ་ཞིག་ཡིན་ལ།གོང་མ་ཡུང་ལོས་རྒྱལ་སྲིད་ལེན་སྐབས་ཀྱི་གྲོགས་ཏན་དང་གྲོས་ཕུགས་ཡིན་ནོ།།
(7)《德银谢吧与明成祖》,陈新海著,青海民族出版社出版,
(8)《དཔལ་རྒྱལ་བ་ཀརྨ་སྐུ་ཕྲེང་རིམ་བྱོན་གྱི་མཛདརྣམ་།》ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་མཛད།
(9)《ཀམ་ཚང་བཀའ་བརྒྱུད་གསེར་ཕྲེང》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་གི་པར་མ།གླེགས་བམ་གཉིས་པ།
(10)《ཆོས་འབྱུང་མཁས་པའི་དགའ་སྟོན་》དཔའ་བོ་གཙུག་ལག་ཕྲེང་བས་མཛད།བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་གི་པར་མ་དང་།《དཔལ་རྒྱལ་བ་ཀརྨ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར》།པར་ཁང་སོགས་གོང་མཚུངས་གཉིས།
(11)རྒྱ་ཡིག་གི་ཏའི་མིང་སྐབས་ཀྱི་ལོ་རྒྱུས་ཡི་གེ་《明太祖史录》ཞེས་པའི་ལུང་《དེ་བཞིན་གཤེགས་པ་དང་ཏའི་མིང་ཁྲིན་ཙོ》ཞེས་པའི་ཆེད་དེབ་ཏུ་དྲངས་པའོ།།
(12)《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་མཛད།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གི་པར་མ།
(13)(14)《དེ་བཞིན་གཤེགས་པ་དང་ཏའི་མིང་གོང་མ་ཁྲིན་ཙོ》ཞེས་པའི་ཆེད་དེབ་ལས་དྲངས།
(15)《ཆོས་འབྱུང་མཁས་པའི་དགའ་སྟོན་》ཏུ་ཆོས་དྲུག་གི་ཁྲིད་ཡིག་ཅེས་གསུངས་པ་ཙམ་ལས་འདི་མཛད་པ་པོ་་གང་གི་ཁྲིད་ཡིག་ཡིན་པ་མི་གསལ་པས་རྩད་གཅོད་དགོས་སོ།།
(16)ཡུང་ལོའི་བཙུན་མོ་仁孝དེ།ཤུའུ(徐)བཟའ།ཏའི་མིང་རྒྱལ་ཁབ་འཛུགས་དུས་ཀྱི་དམག་དཔོན་སྐད་གྲགས་ཅན་ཤུའུ་ཏའི(徐达)བུ་མོ་ཡིན།
(17)《四友斋丛说》དང་《万历野获编》གཉིས་སོ།།
རྩོམ་པ་པོ་ངོ་སྤྲོད།
1969ལོར་མཚོ་ལྷོ་མང་རྫོང་བྱ་མདོ་ཐང་ནག་སྡེ་བ་ནས་སྐྱེས།1986ལོའི་ཟླ་ལྔ་བར་ཕ་ཡུལ་གྱི་ཚ་རྔ་དགོན་པ་ནས་རབ་ཏུ་བྱུང་།སྔ་ཕྱིར་ཚ་རྔ་དགོན་པ་དང་།ལྡེ་ཚ་།བླ་བྲང་བཀྲ་ཤིས་འཁྱིལ།ཀླུ་ཚང་དགོན་པ་སོགས་ནས།བསྡུས་གྲྭ།བློ་རྟགས།ས་ལམ་གྲུབ་མཐའ།ཕར་ཕྱིན་དབུ་མ་སོགས་གཞུང་གི་སྐོར་དང་།འདོན་རྟ་དབྱངས་གསུམ།བཅའ་ཁ་ཕྱག་ལེན་དང་།སུམ་རྟགས་སྙན་ངག་སོགས་ཐ་སྙད་རིག་གནས་སྐོར་ལ་སློབ་གཉེར་བྱས།རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆུབ་ཅིང་།ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་།མི་ཆོས་རིག་པ།སྤྱི་ཚོགས་རིག་པ་སོགས་ལའང་སྦྱངས་པ་རགས་ཙམ་བྱས།སྔ་ཕྱིར་《སྦྲང་ཆར་》དང《གངས་རྒྱན་མེ་ཏོག 》《ཚད་མ》་སོགས་དུས་དེབ་མང་པོར་རྩོམ་ཡིག་བརྒྱ་ལྷག་སྤེལ།མང་རྫོང་མཐོ་ལས་དགོན་པའི་རིག་གནས་དགེ་རྒན་དང་།2016ལོའིཟླ་8པ་ནས་མཚོ་སྔོན་ནང་བསྟན་སློབ་གྲྭའི་གདན་ཞུ་དགེ་རྒན་གནང་།ད་ལྟ་མཚོ་སྔོན་ནང་བསྟན་སློབ་གླིང་གི་བཀའ་བཅུ་ཡོངས་འཛིན་ཡིན་ལ།སློབ་གླིང་གི་ཉིས་སྟོང་བཅུ་དྲུག་ལོའི་བློ་སྦྱོང་འཛིན་གྲྭའི་འཛིན་བདག་དང་།དགེ་ལུགས་པའི་ལམ་རིམ་དགེ་རྒན་ཡིན་ལ།འཛིན་གྲྭ་སོ་སོར་ལམ་སྒྲོན་རྩ་འགྲེལ་དང་།ལེགས་སྦྱར་གྱི་སྒྲ་རིག་པ།གྲུབ་མཐའི་བྱུང་བ།བརྡ་སྤྲོད་སོགས་ཀྱི་དཔེ་ཁྲིད་ཀྱང་གནང་བཞིན་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=915
དཔྱད་མཆན་སྤེལ།