རྨོག་ཐང་དཀར་གྱིས་བརྩམས།
      — རྡུལ་ནག་ཁྲོམ་ཁྲོམ་བཞུར་ཏེ་ཤགས་འགྱེད་པའི་མཚན་ཉིད་པ་རྣམས་ལ་བགྲོ་བ།

ཡོངས་གྲགས་ཀྱི་སྐད་ཆ་ཞིག་སྟེ། མཚན་ཉིད་རིག་པ་ནི་ཤེས་བྱ་གཏན་འབེབས་ཀྱི་རིག་པ་ཆེས་རྩ་དོན་ལྡན་ཞིང་སྒྲོམ་གཞི་ཆེ་བའི་རིག་ཚན་ཁྱད་པར་ཅན་ཞིག་ཡིན་ཞེས་པ་འདི་ཀུན་གྱི་རྣ་ལམ་ལ་དར་འབྱམས་ཡུག་གཅིག་ཏུ་སོང་ཡོད་ཅིང་། ཀུན་གྱིས་ཁས་ལེན་པ་དེ་ལྟར་ན། མཚན་ཉིད་རིག་པའི་བསམ་བློ་ནི་རྟོག་གེ་པའི་བསམ་བློ་ལས་ཡོངས་སུ་བརྒལ་བའི་གོ་རིགས་ཟུང་འཇུག་གི་དཔྱད་ཐབས་ཐུན་མིན་ཞིག་ཡིན་པས། ཚུལ་གསུམ་གྱི་འགྲོས་ལ་ཞུགས་པའི་རིགས་པའི་བརྒལ་བརྟག་ནི་བོད་བརྒྱུད་ནང་བསྟན་ཁྲོད་དུ་ཁྱབ་ཆེས་པ་མ་གཏོགས། འདིའི་འབྱུང་ཁུངས་བོད་མིན་ལ་གཞན་ལ་མེད་པའང་ག་ལ་ཡིན་ཏེ་མ་ཡིན་ནོ།།

མཚན་ཉིད་རིག་པའི་བསམ་བློའི་མཐར་ཐུག་པའི་དམིགས་ཡུལ་ནི་བདེན་གཉིས་གོ་རྟོགས་འབྱུང་བའི་མཐའ་ལ་མི་རྨོངས་པའི་བློ་གྲོས་ཀྱི་འགུལ་སྐྱོད་དེ་ཡིན་མོད། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ནི་ནང་ཆོས་ཀྱི་ཐུན་མིན་གྱི་བསམ་བློ་དང་ཟུང་དུ་འབྲེལ་ཏེ། ཤེས་བྱའི་དོན་ཀུན་རྟོགས་པའི་ན་སྨིན་པའི་བསམ་བློ་འབའ་ཞིག་པ་མ་ཡིན་པར། ནང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་ཕྱི་སྤྱོད་པ་འཚེ་མེད་ཀྱི་ལག་ལེན་ཏེ། མདོར་ན་བདག་མེད་སྨྲ་བ་དང་རྟེན་ཅིང་འབྲེལ་འབྱུང་གི་བསམ་བློའི་ཤན་ཤུགས་ཐེབས་ཡོད་པར་མ་ཟད། ཆོས་བརྒྱུད་(ས་དགེ་བཀའ་རྙིང་ཇོ་ནང་བོན་བཅས་ལ་གོ)དང་གྲུབ་མཐའ་(ཐེག་དམན་བྱེ་མདོ་དང་ཐེག་ཆེན་དབུ་སེམས་ལ་གོ)སོ་སོའི་ཐུན་མོང་མ་ཡིན་པའི་བཞེད་སྒྲོས་དང་དགོངས་བཞེད་སོ་སོའི་སྒོ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་འབེབས་ཀྱི་འདོད་ཚུལ་མི་འདྲ་བར་སོང་ཙང་། མཚན་ཉིད་རིག་པའི་ལྟ་གྲུབ་ནི་དེ་དག་ཐུན་མོང་གི་ལུང་དང་རིགས་པས་སྔོགས་འདོན་བྱེད་ཚུལ་ཞིག་དང་། དེ་མིན་ཆོས་ལུགས་ཀྱི་གྲུབ་མཐར་མི་གཏོགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སྨྲ་བ་ཡོངས་དང་ཐུན་མོང་གི་བསམ་ཚུལ་གཅིག་མཐུན་དུ་ཡོད་པ་ནི། ཁོང་ཚོས་རིགས་པའི་དཔྱད་སྟོབས་ལ་བརྟེན་ནས་གཞི་ཤེས་བྱའི་ཆོས་ཀུན་གྱི་ངོ་བོ་དང་དབྱེ་བ། བྱེད་ལས་དང་འཕེལ་ནུས་སོགས་གཏན་ལ་འབེབས་པར་རྩོམ་འདོད་པ་དེའོ།།

བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མཚན་ཉིད་རིག་པ་ནི་དགོན་སྡེའི་ཁོར་ཡུག་ཏུ་དར་ཁྱབ་ལ་སོང་ནས་ད་ལ་ཐུག་ཅིང་། ད་ལྟ་ཡང་མཚན་ཉིད་གྲྭ་ཚང་སོགས་མཚན་ཉིད་པའི་སྡེ་ནི་ཧ་ཅང་རྫོང་མཐུག་པའི་རིགས་པའི་དཔུང་ཁག་ཅིག་ཏུ་ཆགས་གཤིས། འདིས་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་སྤྱིའི་ཆ་ལ་གཏན་ཚིགས་རིགས་པའི་རྒྱབ་ལྗོངས་སྟུག་པོ་ཞིག་བསྐྲུན་ཡོད་ཅེས་བཤད་ཆོག   བོད་ནང་གི་དགོན་སྡེའི་ཁྲོད་དུ། མཚན་ཉིད་གྲྭ་ཚང་གི་སྙིང་སྟོབས་ཀྱིས་གཏན་ཚིགས་རིགས་པའི་བརྒལ་བརྟག་གི་རྨང་བཞི་བཟུང་ཡོད་ལ། ད་ལྟ་ཡང་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་དང་། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་གཞན་སྟོང་དབུ་མའི་དམ་བཅའ་སོགས་ཀྱིས་གཙོས། སྔ་འགྱུར་རྙིང་མ་པ་དང་དཔལ་ལྡན་ས་སྐྱ་པ་སོགས་ཀྱི་དགོན་སྡེ་ཁག་ལ་ཡང་མཚན་ཉིད་གྲྭ་ཚང་གི་བསྟན་པ་སྙིང་སྟོབས་ཀྱིས་ཁེངས་ཤིང་གཟི་བརྗིད་ངང་དར་རྒྱས་སུ་ཕྱིན་ཡོད། འདི་དག་ནི་རིགས་པ་སྨྲ་བ་ཚོས་རིགས་ལམ་བརྒལ་བརྟག་གི་འདུ་ཚོགས་བྱེ་བྲག་པ་ཞིག་མཚོན་བྱེད་དུ་བགྲངས་པ་ལས། དུས་རྒྱུན་སློབ་སྦྱོང་གི་དུས་ཚོད་མང་ཤོས་རྩོད་པའི་རིགས་པ་འཕེལ་རྒྱས་ཀྱི་ཕྱོགས་སུ་གཏོང་གིན་ཡོད་ལ། རྩོད་པའི་རིགས་པ་ནི་ཁས་ལེན་འཛིན་ཐབས་ཤིག་དང་གནོད་བྱེད་བརྗོད་ཐབས་ཙམ་གྱི་ཟུར་གཉིས་ཁོ་ནའི་ཐབས་ལམ་ནས་རིང་དུ་བརྒལ་ཏེ། མཚན་ཉིད་རིག་པའི་བསམ་བློའི་རྣོ་རྟུལ། དེས་ནང་སེམས་ཀྱི་འདོད་བློ་ལ་སྤྲད་པའི་ཕན་ནུས། ཟབ་མོ་ཆོས་ཀྱི་ཡང་སྙིང་ལ་སོན་པའི་ལག་ལེན་སོགས་ལ་བསམ་གཞིག་གི་སྟོང་ཆ་ངེས་པར་དགོས་པ་ཡིན།   ཚུལ་གསུམ་གྱི་རིགས་པའམ་རྟོག་གེའི་གཏན་ཚིགས་ཀྱིས་མི་རྣམས་ལ་དོན་དངོས་ཀྱི་འཚོ་གནས་དང་བསམ་གཞིག་གི་འབྲས་བུ་བཅས་ངོ་སྤྲོད་ནུས་མིན་ལ་དུས་ཚོད་ཀྱི་འགྲོ་གྲོན་གཞན་ཡང་ཕུད་དགོས་པ་བཅས་སོ།།

ཕྱོགས་གཅིག་ནས་བཤད་ན། མཚན་ཉིད་གྲྭ་ཚང་གི་སློབ་གཉེར་པ་རྣམས་ཀྱི་མཚན་ཉིད་རིག་པའི་དཔྱད་ཐབས་ནི་ཧ་ཅང་རྒྱུན་ལྡན་ཞིག་ཏུ་སྣང་སྟེ། ལྟོས་བཅས་རྟེན་འབྲེལ་གྱི་རིགས་པས་ཟག་བཅས་ལ་བདེན་ཞེན་གྱི་འདོད་པ་འགོག་ཅིང་། དེའི་སྟེང་དུ་རྒྱ་འགྲེལ་རེ་དང་བོད་འགྲེལ་རེའི་ཚིག་རེ་དྲངས་ནས་རིགས་པའི་མཐའ་རྒྱ་དེ་ནས་ཆོད་པར་བྱས། འཛིན་མཚམས་དེ་ནས་ཞོག་པར་བྱས། སྒྲོ་འདོགས་དང་ལོག་རྟོག་དེ་ནས་སུན་ཕྱུངས་བར་བྱས་ནས་ཐལ་སྒྲ་སྒྲོག་རྐྱང་འདིས་མཚན་ཉིད་རིག་པའི་སྒྲོམ་གཞི་ལ་ཚད་བཀག་རང་བཞིན་གྱི་བཀག་རྒྱ་ཐེབས་ཀྱིན་ཡོད་དེ།   གཞལ་བྱ་ཡུལ་གྱི་ཆོས་ཉིད་ལ་རིགས་པའི་དཔྱད་པ་ཟུར་མང་ལ་སྣ་འཛོམས་པ་ཇི་བཞིན། བཀའ་དང་བསྟན་བཅོས་ཀྱི་ལུང་ཚིག་རེ་རེའི་ཟབ་ཚད་དང་སྔོགས་འདོན་ཐད་ལའང་རིགས་པའི་དཔྱད་པ་ངེས་པར་གཏོང་དགོས་ཏེ། ནང་བསྟན་མཚན་ཉིད་སྨྲ་བ་རྣམས་ཀྱིས་བསྲེགས་བཅད་བརྡར་གསུམ་བྱས་ནས་ངེས་ཤེས་རྙེད་པའི་གྲུབ་དོན་འཚོལ་དགོས་པ་ཡིན་གྱི། བཀའ་དང་བསྟན་བཅོས་ལ་ཡིད་ཆེས་མི་རིགས་པ་མིན་ཡང་། ལུང་ཚིག་ཕན་ལ་རིགས་ལམ་གྱི་རྣོ་མི་ཟུག་པ་ནི་རང་གི་བསམ་ངོར་བཞེངས་པའི་མཚན་ཉིད་རིག་པའི་སྒྲོམ་གཞི་དེ་འཐུས་མ་ཚང་བ་ཞིག་ཏུ་གྱུར་ཡོད། དེ་བས་ནང་བསམ་བློའི་འཕུར་མཚམས་ནི་མཐའ་ཡས་ལ་ཁྱོན་ཡངས་པ་ཞིག་ཡིན་པས། ནང་སེམས་ཀྱི་བསམ་གཞིག་གི་ཀློང་ཇེ་ཡངས་སུ་མངགས་ནས་ཡིན་མིན་བཅོ་བརྒྱད་ལ་ཡིན་མིན་བཅོ་བརྒྱད་ཀྱི་དཔྱད་ཐབས་མཛད་པའི་སྙིང་སྟོབས་ཁུར་ལེན་བྱས་ན། གཞི་གྲུབ(存在)སྨྲ་བའི་གྲུབ་དོན་ལ་སྡོམ་རྩིས་མཁྲེགས་པོ་ཞིག་འཇོག་ཐུབ་པར་ཡིད་ཆེས་བཅའ་ཆོག

འོ་སྐོལ་གྱི་མཚན་ཉིད་རིག་པའི་ཕྱོགས་ཁག་ལ་བལྟས་ཡོང་ན་ཡ་མཚན་པའི་སྣང་ཚུལ་སྐོར་རེ་མཐོང་རྒྱུ་འདུག་སྟེ། བསྒྲུབ་བྱ་དམ་བཅའ་དེ་ལ་སྒྲུབ་བྱེད་རྒྱ་གཞུང་ཞིག་ཡོད་ན་རྒྱབ་རི་རྡོ་རྗེ་བྲག་ལ་བསྙེས་པ་ལྟར་ཕྱིར་ནུར་མེད་མོད། བོད་རང་གི་མཁས་གྲུབ་རྣམས་ཀྱི་བདེན་ཚིག་རྡོ་རྗེའི་ལུང་ཚིག་ཁ་གསལ་ལ་གོ་བདེ་བ་རྣམས་ཀྱང་རྒྱ་ཡན་དུ་གཏོང་བའི་གོམས་སྲོལ་ཞིག་ཆགས་ཡོད། འདིས་ཅི་ཞིག་མཚོན་ཞེ་ན། ང་ཚོ་རང་ཉིད་ལ་ཡིད་ཆེས་ཀྱི་བདེན་ཁ་སྤྲད་པར་ཞེད་སྣང་འབྱུང་བཞིན་ཡོད་པ་དཔག་ཐུབ། སྤྱིར་རང་རེ་བོད་ཀྱི་མཚན་ཉིད་སྨྲ་བ་ཚོའི་ངག་རྒྱུན་ལྟར་ན། “འདུལ་བ་མཚོ་ལ་གཏུགས། མངོན་པ་མཆིམས་ལ་གཏུགས། ”ཞེས་འདུལ་འགྲེལ་རྣམས་སུ་ཀུན་མཁྱེན་མཚོ་སྣ་པ་ཤེས་རབ་བཟང་པོས་མཛད་པའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་དང་། མཛོད་འགྲེལ་རྣམས་སུ་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་(མཆིམས་ཆེན )གཉིས་བོད་ཀྱི་གཙུག་ལག་རིག་པའི་ཁྲོད་འགྲེལ་བཤད་ཕུན་སུམ་ཚོགས་པའི་ཁྱད་ནོར་གཉིས་སུ་གྲགས་པ་ལྟར། དོན་དངོས་ནས་ཀྱང་རྒྱ་བོད་གཉིས་ཀའི་བསྟན་བཅོས་ཁྲོད་དུ། ཟབ་ཅིང་རྒྱས་ལ་ཁ་གསལ་བའི་གྲུབ་མཐའ་རང་གི་བཞེད་སྒྲོས་དང་མཐུན་པའི་གཞུང་དེ་གཉིས་ལྟ་བུ་ཤིན་ཏུ་དཀོན་པའི་ཚོད་དུ་འདུག་ཀྱང་། ང་ཚོའི་རིག་གཞུང་ཞིབ་འཇུག་པ་ཚོས། རང་གི་ཕྲག་གི་འགན་འཁྲི་འདི་ཆིག་རྐྱང་བ་ཞིག་ཏུ་སྙམ་ནས་རྣམ་ཀུན་བོད་རང་གི་གཙུག་ལག་རིག་གནས་ལ་གཙུགས་འཛིན་གྱི་སྙིང་སྟོབས་ཆེར་བསྐྱེད་མེད་པ་འདིས་མི་མངོན་པའི་ཕྱོགས་གཞན་ཞིག་ནས་ང་ཚོར་ཕངས་སེམས་ཤིག་དང་བོར་སྟོར་ཞིག་བསྐྱེད་ཀྱིན་ཡོད་ངེས། གཞན་ཡང་རྗེ་ཙོང་ཁ་པས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་བཤད་ལེགས་བཤད་གསེར་འཕྲེང་ཡང་རང་རེ་བོད་ལ་མཚོན་ན་སྦས་དོན་མངོན་རྟོགས་ཀྱི་ཤེར་འགྲེལ་ཞིག་ལ་འདིའི་ཡན་ཞིག་མེད་པར་སྣང་བས། “ ཕར་ཕྱིན་ཙོང་ལ་གཏུགས”་དགོས་ཞེས་པའི་སྣང་ཚུལ་སྦས་མེད་དུ་ཐོན་ཡོང་ངོ་།།  མདོར་ན་བརྒྱ་བཤད་སྟོང་གི་རྩ་བ་ནི།  ནང་བསྟན་མཚན་ཉིད་རིག་པའི་སྒྲོམ་གཞི་འདི་ནི་ཡང་དག་པའི་རིགས་ལམ་གྱིས་བསྒྲུབ་ཏུ་ཡོད་པའི་གཞི་ལམ་འབྲས་གསུམ་གྱི་ཤེས་བྱའི་མ་ལག་གཏན་འབེབས་བྱེད་པའི་རྩ་དོན་ལྡན་ཞིང་། མཐར་ཐུག་མིའི་བསམ་བློའི་ནང་བཅུད་དུ་འབབ་ཐུབ་པའི་ཡོངས་ཁྱབ་རིན་ཐང་གི་ལྟ་བ་ཞིག་ཏུ་ཆགས་ཐུབ་པར་རིགས་ལམ་གྱི་རྣོ་སོ་ཕྱུངས་དགོས་པ་རེད་དོ།། ད་ནི་ཁ་ནས་བཤད་ཡམས་ཀྱི་ངག་རྒྱུན་འདི་སྐྱུར་ཞོག  སེམས་སུ་ཆགས་སྡང་གི་དབུགས་ཐོན་དེ་གཡུག་ཞོག  ང་ཚོས་དོན་དམ་གྱི་འཚོ་གནས་དང་བདེ་སྐྱིད་ལ་ཁ་ཕྱོགས་ནས་ལྷོད་འཇགས་ཀྱི་བགྲོ་གླེང་ཞིག་བྱ་ཆོག་ཅིང་། ཞི་འཇགས་ཀྱི་ཐབས་རྩལ་ཞིག་འཐེན་ཆོག་ཨང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=909