བྱིས་པའི་བསམ་བློའི་འཇིག་རྟེན་ནི་འཇོར་དང་ལྕགས་ཁེམ་གྱི་མནོལ་གྲིབ་མ་ཕོག་པའི་ཞིང་ས་གཤིན་པོ་ཞིག་ཡིན་པས།དེ་རུ་སྡུག་བསྔལ་གྱི་ལྡུམ་བུ་དང་གད་སྙིགས་ཀྱི་ཚེར་མའི་རིགས་སྐྱེ་རུ་མི་འཇུག་རྒྱུ་ནི་ཕ་མའི་འགན་འཁྲི་དང་པོ་དེ་རེད་ཨང་།

                   ——ཁ་བྱང་གི་སྐྱོར་མ།

སློབ་གྲྭས་དབྱར་གནང་བཏང་བ་དང་སྒེར་དོན་ཙག་ཙིག་གྲུབ་རྗེས་ཕྱིར་རྩྭ་ཐང་ལ་ལོག་པ་ཡིན།འགྲིམ་འགྲུལ་སྟབས་བདེ་མིན་པ་དང་ཁ་པར་གྱི་བརྡ་རྟགས་དེ་ཙམ་མི་བཟང་བ་ནི་གཞན་གྱི་སྣང་ངོར་འབྲོག་པའི་རྩྭ་ཐང་གི་ཞན་ཆ་ཞིག་ཏུ་སྣང་མོད།ཏག་ཏག་ང་ལ་མཚོན་ན་དེ་ནི་དགེ་མཚན་ཆེན་པོ་ཞིག་ཏུ་རློམ་ཡོད།

འཇིག་རྟེན་མི་ཡུལ་འདིར་སླེབས་ནས་ལོ་ངོ་གཅིག་དང་ཟླ་ངོ་ཁ་ཤས་ལས་འགོར་མེད་པའི་བུ་མོ་ཁྲིད་དེ་རྩྭ་ཐང་ལ་ཐོན་པ་ནས་ང་རང་བློ་བདེ་བག་ཕེབས་སུ་གྱུར་འགྲོ།བུ་མོར་དུས་རྒྱུན་སྡང་སྡིགས་སྟོན་དགོས་པའི་བརྙན་འཕྲིན་གྱི་རྒྱང་བསྒྱུར་དང་ཁ་པར་སོགས་བུ་མོས་རེ་ཞིག་བརྗེད་ནས།ད་ནི་ཞོགས་པར་གཉིད་ལས་སད་མ་ཐག་མིག་ཟུང་ཕུར་ཕུར་བྱེད་ཀྱིན་གྱོན་པའང་བསྐོན་ལོངས་མི་སྟེར་བར་གཅེར་བུར་སྒོའི་ཕྱི་རུ་བརྒྱུགས་ནས།རྩྭ་རྩེའི་ཟིལ་བའི་ཁྲོད་དུ་རྐང་ལག་གཉིས་གོ་རིམ་མེད་པར་གང་འདོད་དུ་གཡུག་གིན་འགྱེལ་ཞོར་ལངས་ཞོར་ལ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་།ཁྱིམ་མཚེས་ཚང་གི་ལྷས་རྡང་ནང་ལ་སོང་ནས་བཞོན་མ་འཇོ་བཞིན་པའི་ཨ་ནེའི་ལག་གི་བཞོ་ཟོའུ་ཁ་ནས་འོ་མ་འགྲངས་ཚད་ཅིག་འཐུང་རྗེས་སླར་ཡང་བྱིས་པ་གཞན་དག་དང་ལྷན་དུ་རྩེད་མོར་གཡེང་འགྲོ།ཉིན་གུང་བྱེའུ་ཅོ་ཀའི་གྲེ་འགྱུར་གྱིས་རྩྭ་ཐང་གི་ཁུ་སིམ་དཀྲོགས་དུས།བུ་མོ་མེ་ཏོག་གི་གསེབ་ནས་ཀན་རྐྱལ་དུ་ལོག་སྟེ་འཛུམ་ཆུང་ལྷུག་ལྷུག་གིས་ནམ་མཁའ་སྔོན་མོའི་པང་གི་སྤྲིན་དཀར་ཕང་ཕུང་ལ་མཛུབ་མོ་ཀེར་ནས་ཨ་ཕ་ཨ་ཕ་ཞེས་ཡང་ཡང་འབོད་མོད།ངས་ནི་ད་དུང་སྐད་ཆ་ཆ་ཚང་ཞིག་ཀྱང་འཆད་མི་ནུས་པའི་ཁོ་མོར་འགྲེལ་བཤད་ལྷག་མ་ཅི་ཡང་བྱ་མ་ནུས་པར་དེ་ནི་སྤྲིན་དཀར་རེད་ཅེས་བཤད་པ་ཡིན།ལན་རེར་བུ་མོ་ཆུ་ཕྲན་གྱི་འགྲམ་ལ་ཐོན་དུས་ཡུན་རིང་བོར་སྨྲ་བ་མེད་པར་ཆུ་ཕྲན་གྱི་བཞུར་རྒྱུན་ལ་ཅེར་ནས་འདུག་པ་དང་།དེ་ནས་མར་ཙོག་སྟེ་ལག་པ་ཆུའི་ནང་དུ་བསྲིངས་ནས་ཆུ་ཞབས་ཀྱི་རྡེའུ་རེ་རེ་ཆུ་འགྲམ་དུ་གཡུག་པའམ་ཆུ་འགྲམ་གྱི་རྡེའུ་ཆུའི་ནང་དུ་འཕངས་ནས་ཆུའི་ཟེགས་མ་གདོང་ལ་འཐོར་ནའང་དངངས་ཞོར་ལ་དགོད་སྒྲ་ལྷང་ལྷང་གིས་སུན་སྣང་མེད་པར་དེར་གཡེང་ནས་ཡུན་རིང་བོར་མཚམས་འཇོག་རྒྱུའང་བརྗེད་འགྲོ།སྐབས་རེར་ཆར་བ་ཤག་ཤག་འབབ་དུས་བུ་མོ་སྒོའི་ཕྱི་རུ་བྲོས་ཏེ་མགོའི་ཞྭ་མོ་ཐང་ལ་གཡུག་ནས་གདོང་བ་གནམ་ལ་ཕྱོགས་ཤིང་ཆར་བ་ཡིད་འཚིམ་པ་ཞིག་གདོང་ལ་འབབ་དུ་འཇུག་ལ།དེ་ལྟར་བྱེད་དུ་མ་བཅུག་པར་སྒོ་གཏན་ན་མོས་སྒེའུ་ཁུང་ལས་མགོ་དང་ལག་པ་བམ་ཆུའི(1)་ནང་ཕྱིར་བསྲིངས་ནས་མགོ་རྔ་རྟིང་གཞུག་མེད་པར་རློན་པར་བྱེད།ངས་ས་སྟར་དང་བྲག་སྟར།གླ་སྟར་སོགས་རི་སྐྱེས་སིལ་ཏོག་གི་རིགས་དང་།སྐྱུ་རུ་དང་ར་འབུ་སོགས་སྔོ་སྨན་གྱི་རིགས་ཏེ་སླད་མ་འདྲེས་པའི་རང་བྱུང་གི་ཟས་རིགས་འདི་དག་བུ་མོར་ཅི་འདོད་དུ་བྱིན་པ་ཡིན་ལ།བུ་མོས་ཀྱང་མངར་མོ་རྐན་རྡེབ་བྱེད་ཀྱིན་འཚིམ་མེད་དུ་ཟ་ལ།སྐྱུར་མོ་མིག་ཆུ་འཆོར་ཡང་སྣང་མེད་ཀྱིས་བལྡད་འགྲོ།ཕྱི་དྲོ་ནོར་ལུག་ལྷས་འདབས་སུ་འཁོར་བ་ན་བུ་མོར་སྣང་དོགས་ཅི་ཡང་མེད་པར་ནང་ལ་རྒྱུག་ཅིང་གཡུང་མོ་ཞིག་བཟུང་ནས་རྒྱབ་ལ་བསྐྱོན་ན་ཕྱིར་ལག་ནས་བཙན་གྱིས་ལེན་པ་ལས་ཤི་འཐམ་རོ་འཐམ་བྱས་ནས་ཨུ་ཐུག་ཐབས་ཟད་དུ་བཏང་འགྲོ།

འདི་ལྟར་རྩྭ་ཐང་གི་ཕང་བ་ནས་བུ་མོའི་འཛུམ་གྱིས་གྲོལ་བའི་མིག་ཟུང་ལས་བདེ་སྐྱིད་ཀྱི་ཉི་ཟེར་མཐོང་ཐུབ་པས།ངས་རྩྭ་ཐང་ནི་སྤྲོ་སྣང་སློབ་གསོའི་གསོའི་མན་ངག་ཅིག་ཡིན་པ་གཞི་ནས་ཤེས།

ཡིན་ཡང་བྱ་བའི་དགོས་དབང་གིས་ཟླ་ངོ་གཅིག་ལྷག་གི་དབྱར་གནང་གི་འཚོ་བ་རེ་ཞིག་མཇུག་བསྡུས་ནས།བུ་མོ་ཁྲིད་དེ་ཕྱིར་རྫོང་མཁར་ལ་ལོག་དགོས་བྱུང་།ཁང་བརྩེགས་ཀྱི་ནང་དུ་བུ་མོ་ཡར་རྒྱུག་མར་རྒྱུག་ཐེངས་འགའ་བྱས་རྗེས།ཕྱིར་ངའི་གམ་དུ་ཡོང་ནས་ཅི་བྱེད་འདི་བྱེད་མེད་པར་ཡུན་རིང་བསྡད་རྗེས་ངའི་ལག་འགོར་འཇུས་ནས་ཕྱི་ལ་འགྲོ་འདོད་ཀྱི་བརྡ་བསྟན་བྱུང་བར་མ་ཟད།ཨུ་ཚུགས་མཐར་སྐྱེལ་བྱས་པས་ངས་ཀྱང་བུ་མོའི་འདོད་པ་ལྟར་བྱས་པ་ཡིན།སྒོའི་བར་འཁྱམས་སུ་བུ་མོ་ཙོག་པུར་བསྡད་ནས་ཞིས་ཞིས(གཅིན་པ)གཏོང་རྩིས་བྱེད་དུས་ཁྱིམ་མཚེས་ཚང་གི་སྒོ་ཁྲོག་སེ་ཕྱེས་བྱུང་ལ་ནང་ནས་ལོ་ན་གཞོན་པའི་བུད་མེད་ཅིག་སྒོ་ཕྱིར་ཐོན་ཡོང་།བུ་མོས་ད་དུང་ལྷོད་ལྷོད་ཀྱིས་ཞིས་ཞིས་གཏོང་ཞོར་དེ་ལ་འཛུམ་ཆུང་ཞིག་བསྟན་པ་ན།བུད་མེད་དེས་གདོང་ནས་མི་དགའ་བའི་རྣམ་འགྱུར་ཞིག་མངོན་ཏེ་སྣ་གཉེར་བྱེད་ཞོར་ངག་ནས་རྡབ་རྡིབ་ཅིག་འཆད་ཀྱིན་བུ་མོའི་གམ་ནས་ཤུར་སེ་བུད་སོང་།བུ་མོས་ད་དུང་བུད་མེད་དེའི་རྗེས་ལ་ལག་པ་ཆུང་ཆུང་གཡུག་གཡུག་བྱས་ཏེ་བདེ་མོ་བཞགངེད་ཚང་གི་ཁྱིམ་ནི་ཁང་བརྩེགས་འདིའི་དྲུག་ཐོག་ན་ཡོད་པས།ངས་བུ་མོ་པང་སྟེ་སྐས་རིམ་ལས་མར་བབས་ནས་སྒོ་ཕྱིར་འབུད་དུས།སྒོ་འགྲམ་ན་སྟོད་གོས་ཕུ་ཐུང་མེད་པ་ཞིག་གི་སྒྲོག་གུའང་གློད་པའི་བར་ན་ཚིལ་དྲག་ཆགས་པའི་ཕྱག་མདུད་དང་སྲུང་འཁོར་མངོན་པའི་བྱིས་པ་གཉིས་རྩེད་མོར་རོལ་བཞིན་འདུགབུ་མོས་དེ་གཉིས་མཐོང་མ་ཐག་ངའི་པང་ནས་འཕགས་འཚག་འགའ་བྱས་ཏེ་སར་བབས་པ་དང་འཁྱར་འཁྱོར་གོམ་པའི་འགྲོས་ཀྱིས་དེ་གཉིས་ཀྱི་གམ་ལ་སོང་མོད།བྱིས་པ་དེ་གཉིས་ཀྱིས་བུ་མོར་ཁ་གཅིག་ཀྱང་མི་གྲག་པར་སྡང་མིག་ཅིག་བགྲད་དེ་ཕན་ཚུན་ལ་རྒྱ་སྐད་ད་དིག་ཅིག་འཆད་ཀྱིན་རང་རང་གི་རྩེད་ཆས་བཟུང་ནས་ཕྱིར་ཁང་བའི་ནང་འཛུལ་སོང་།སྲང་ལམ་དུ་ས་སྐྱ་དང་རྡེའུ་ཟེགས་ལག་མཐིལ་འདྲ་ཞིག་མཐོང་ནའང་བུ་མོ་དེ་རུ་ཤོར་འགྲོ་བར་མ་ཟད།མི་གཙང་ལྗན་ལྗིན་དང་འདམ་མྱག་གང་ན་ཡོད་ན་དེ་གཟས་ནས་འགྲོ་བར་དགའ་བས།ངས་ལག་པ་གློད་མ་ཕོད་པར་བསྡམས་བསྡམས་འཐེན་འཐེན་ལ་སོང་བ་ཡིན།སྲང་ལམ་དུ་བཤམས་པའི་བཏུང་བྱ་དང་ཟས་རིགས་ཀྱི་ཚོང་རྫས་ཡོད་ཚད་ལ་བུ་མོས་སྲེད་པའི་ཁ་ཆུ་ཤོར་ཞིང་རྣམ་ཀུན་ལག་པ་བསྲིངས་ནས་ཡོང་མོད།གསར་བཞད་མེ་ཏོག་དང་ལྗང་མྱུག་ལྟ་བུའི་བུ་མོའི་ལུས་པོའི་བདེ་ཐང་བསམ་ནས་ཅི་ཡང་ཉོ་མ་ཕོད།མི་ཚོགས་ཀྱིས་ཡ་ང་དང་སྙིང་རྗེ་མེད་པར་འཚང་ཁ་རྒྱག་པའི་བར་གསེང་ནས་བུ་མོ་ངུ་ཞོར་ངའི་པང་ལ་འཐམ་ནས་ཡོང་།མཚམས་ཤིག་ལ་བུ་མོའི་ཞྭ་མོ་ཐང་ལ་ལྷུང་སོང་བར་ངས་འཛེམ་དོགས་དང་བཅས་ཕར་སྙོབ་སྐབས་ལམ་འགྲོ་བ་འགས་སྣང་མེད་ངང་སྟེང་ལ་འགོམས་ཏེ་བུད་སོང་བས།ངས་བུ་མོའི་ཞྭ་མོ་རང་གི་ཨམ་ཕྲག་ཏུ་བཅུག་ཅིང་བུ་མོའི་བློར་འབབ་པའི་རྩེད་ཆས་སྟབས་བདེ་འགའ་ཉོས་ཏེ་ཕྱིར་ཁྱིམ་དུ་ལོགཁྱིམ་ལ་ཐོན་པ་ན་བུ་མོའི་མིག་ཟུང་ལས་སྔར་གྱི་རྣམ་རིག་ཡལ་ནས་ཁེར་རྐྱང་དང་སུན་སྣང་གི་མདངས་ཤིག་ཤར་འདུགཁང་བརྩེགས་མང་པོའི་ཧྲག་བར་ནས་ཉི་འོད་གཉོམ་པོ་ཞིག་ཐད་ཀར་སྒེའུ་ཁུང་ནས་འཕྲོས་ཏེ་ཁྱིམ་ལ་ཉི་ཐིག་ཕྲ་མོ་ཞིག་སླེབས་བྱུང་བས།བུ་མོས་ལག་པ་ཡུན་གྱིས་ཉི་ཐིག་གི་ནང་དུ་བསྲིངས་ཤིང་དེ་ནས་ཕྱིར་བསྐུམ་ཏེ་ངོ་གདོང་ལ་བྱིལ་བྱིལ་ཞིག་བྱེད་ཀྱིན་ཤིན་ཏུ་ཐང་ཆད་པའི་རྣམ་པས་ཡང་ཡང་བྱ་རྨྱང་བྱེད།

རྫོང་མཁར་གྱི་རང་ཁྱིམ་འདིར་བུ་མོས་ལན་རེར་སྐུད་པ་ཞིག་ལ་མདུད་པ་རྒྱག་པའམ་བཤིག་པ་སོགས་བྱས་ནས་ཡུན་རིང་བོར་རྣམ་ཤེས་དེར་གཡེང་ནས་ཡོད་དུས་གློ་བུར་འཕྲུལ་འཁོར་གྱི་དུང་སྒྲའམ་ཚོང་ཁང་དག་གི་བརྡ་ཁྱབ་ཀྱི་ཆོམ་སྒྲ་གྲག་འོང་དུས་དངངས་སྐྲག་གིས་ངའི་པང་ལ་འགོས་ཏེ་སྐེད་ལ་འཐམ་འགྲོ།སྐབས་རེར་བརྙན་འཕྲིན་གྱི་རྒྱང་བསྒྱུར་ཁྱེར་ཡོང་བའམ་ཁ་པར་ཁྱེར་ཡོང་ནས་མོ་རང་གི་འདོད་བློར་མཐུན་པ་ཞིག་མ་བསྟན་ན་སྤྲུགས་འཐེན་བྱེད་པའམ་རྐང་པ་ས་ལ་བརྡབ་ནས་ཕེ་རིང་འདེབས།ཡང་ཕིན་ཕིང་སྤོ་ལོ་ལྟ་བུའི་རྩེད་ཆས་ལ་ལར་སྤྲོ་བ་ཡོད་མོད།ཁྱིམ་མཚེས་འོག་མ་དག་གི་ཐུགས་དཀྲོགས་དོགས་ཀྱིས་དེའང་མ་ཕོད།མཚམས་རེར་ངེད་གཉིས་ཀྱང་ཐབས་ཟད་ནས་སྡང་སྡིགས་སྣ་ཚོགས་སྟོན་དགོས་དུས་ཀྱང་ལན་དུ་མར་བྱུང་ངོ་།།

རྫོང་མཁར་འདི་རུ་བུ་མོས་སེམས་ལྷོད་ལ་བབས་ནས་གཡེང་ཆོག་པའི་རྩེད་ར་དང་རྩེད་ཆས་ཆ་ཚང་ཞིག་ཀྱང་མེད་པར་མ་ཟད།ཨ་མའི་ནུ་ཞོ་ལས་གཞན་ངེད་བཟའ་མི་གཉིས་ཀྱིས་བློ་བདེ་བདེའི་ངང་བྱིན་ཆོག་པའི་བཟའ་བཏུང་གཙང་མ་ཞིག་ཀྱང་མི་འདུགཐ་ན་སྒོ་དང་སྒེའུ་ཁུང་གིས་མི་ཁོག་པའི་སྐྱག་སྦྲང་དང་འཛེར་སྒྲ་འདི་དག་གིས་བུ་མོའི་གཉིད་ཐུན་གཅིག་གི་སྐལ་བའང་བརླག་འགྲོ་བའི་དུས་རབས་འདི་འདྲ་ཞིག་ལ་གྲོང་ཁྱེར་ནས་བྱིས་པ་གཉོར་སྐྱོང་བྱ་རྒྱུ་ནི་ཕྱི་ནང་གཉིས་ལ་དཀའ་ཚེགས་ཆེ་ཞིང་ཉེན་ཁ་ཡོད་པའི་ལས་ཀ་ཤིན་ཏུ་ལྕི་མོ་ཞིག་རེད་ཨང་།

ཉིན་འདི་འགར་བུ་མོར་འཆམ་ཞིང་མཐུན་པའི་རྩེད་རོགས་མེད་པ་དང་ཁོད་ཡངས་པའི་རྩེད་ར་ཞིག་ཀྱང་མེད་པས་ཡིན་ནམ།གང་ལྟར་ཁམས་དེ་འདྲ་མི་དྭངས་ཤིང་གོ་རྒྱུ་མེད་པའི་སྡུག་སྨྲེ་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ།ཕ་ཡུལ་རྩྭ་ཐང་ནས་དུས་རྒྱུན་འགྲམ་པ་སྐྱོར་ནས་གླུ་ལེན་ཁུལ་བྱེད་པའི་བཟོ་ལྟ་དེའང་ཡོངས་སུ་བརྗེད་འདུགནམ་ཞིག་རྫོང་མཁར་འདི་རུ་ལག་མཐིལ་དུ་ལྷུང་བའི་ཁ་བ་ལེབ་མོ་ཞིག་ལྟར་འཐིམ་ཨེ་འགྲོ་བསམ་ན་ང་རང་དངོས་གནས་སེམས་ཁྲལ་གྱི་ཁུར་ལྕི་མོ་ཞིག་གིས་མནན་ཏེ་དབུགས་ཀྱང་གཏོང་ལེན་བྱེད་དཀའ་བར་གྱུར།

བྱིས་པ་ནི་གསར་སྐྱེས་ཀྱི་མེ་ཏོག་དང་འདྲ་བར་ལུས་སེམས་གཉིས་ཀའི་ཉི་མ་རེ་རེའི་འཚར་ལོངས་ཀྱི་གོ་རིམ་མིག་གིས་མངོན་སུམ་དུ་མཐོང་ཞིང་སེམས་ཀྱིས་དངོས་སུ་མྱོང་ཐུབ་པས།ནམ་ཡང་ཕ་ཡུལ་ཡིན་མི་སྲིད་པའི་རྫོང་མཁར་འདིའི་མཚན་མོ་རེ་རེར།བུ་མོས་མགོ་བོ་ཆུང་མའི་བྲང་ལ་གཏད་དེ་གཉིད་དུ་ཡུར་དུས།ངས་ནི་བུ་མོའི་ཉིན་གྱི་ཕྱི་ནང་གི་འགྲོ་འདུག་དང་མཚན་མོའི་གཉིད་ཀྱི་སྔུར་བ་ཟ་ཟི་ལ་བསམ་གཞིག་གློད་ཀྱིན་སླར་ཡང་གྲོང་ཁྱེར་འདིའི་འཕྲུལ་འཁོར་གྱི་དུང་སྒྲ་དང་མི་ཚོགས་ཀྱི་འུར་ཟིང་ཡོད་ཚད་དྲན་པའི་ཁྲོད་དུ་བསུས་ཏེ།འཁྱག་སིབ་སིབ་དང་ཚ་ལམ་ལམ་གྱི་ཐ་སྙད་དུ་མ་རེ་དོགས་དང་འཐབ་ནས་མཚན་མོའི་གཉིད་ཀྱང་བོར་སོང་།མདོར་ན་བུ་མོའི་འཚར་ལོངས་ནི་ཨ་ཕའི་ཡུན་རིང་གྲོལ་ཐབས་མེད་པའི་སེམས་ཁྲལ་གྱི་མདུད་པ་དེའོ།།

 

(1)ཡུལ་སྐད་དེ་ཁང་བའི་བྱ་འདབ་ནས་འབབ་པའི་ཆུ་ལ་གོ

 

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=903