གཏམ་བཤད་པ་མཁས་དབང་ཆབ་མདོ་ཤེས་རབ།
སྦྲུལ་ཞགས་ཀྱིས་ཡིག་ཕབ་བགྱིས།
ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། ཆོས་ལུགས་ཟེར་བ་དེ་ཡིན་གཅིག་མིན་གཉིས་རིགས་པ་དང་མཐུན་དགོས་པ་དང་ཁུངས་སྐྱེལ་དགོས་པ་ཞིག་མ་རེད། ཁུངས་སྐྱེལ་ཐུབ་ན་ཡག་རྒྱུ་རེད་དེ། འཛམ་བུ་གླིང་སུ་གཅིག་གིས་ཐུབ་ཀྱི་མེད། འཛམ་བུ་གླིང་གི་ཆོས་ལུགས་ཆེ་ཤོས་ཡེ་ཤུ་དང་། ཁ་ཆེ། ཧིན་དྷུ་གསུམ་པོ་སུ་ཡང་ཚན་རིག་དང་མཐུན་པ་འགྲོ་གི་ཡོད་མ་རེད། ཁོ་རང་ཚོས་འགྲོ་དགོས་ཆགས་ཀྱང་བྱེད་ཀྱི་མེད། ཆོས་ལུགས་ཟེར་བ་ཡིད་ཆེས་རང་བྱེད་ནས་འགྲོ་རྒྱུ་རེད་མ་གཏོགས། དེ་ལ་བརྟག་དཔྱད་བྱེད་དགོས་པ་ཞིག་མཐོང་གི་མེད། དཔེ་ཞིག་བཤད་པ་ཡིན་ན། རྒྱ་གར་གྱི་མ་ཧཱ་གྷན་དྷི་ལ་ང་ཚོས་ཧ་ཅང་བརྩི་བཞིན་ཡོད། བྱང་སེམས་བདག་ཉིད་ཆེན་པོ་ཞེས་ང་བོད་ལ་ཡོད་དུས་མི་མང་པོ་ཞིག་གིས་བྱང་ཆུབ་སེམས་དཔའ་རེད་ཅེས། མཆོད་གཤོམ་དུ་པར་བཞག་ནས་དད་པ་བཞག་གི་ཡོད། ཡིན་ན་ཡང་ཁོ་རང་གི་ལྟ་བ་མཐར་ཐུག་དང་། ཐུགས་དམ་གྱི་མཐིལ་དེ་གང་རེད་ཅེ་ན། གང་ཟག་གི་བདག་དང་འཇིག་རྟེན་བཀོད་པ་པོ་གཉིས་ཡིན་པར་རྒྱུས་ཡོད་ཚོས་བཤད་ཀྱི་འདུག ཁོ་རང་གིས་ཆོས་ཀྱི་ཐོག་ལ་བྲིས་བཞག་པ་མཐོང་མ་མྱོང་སྟེ། རྒྱ་གར་གྱི་འཐབ་རྩོད་སྐོར་ལ་བྲིས་པ་དེ་འདྲ་མང་པོ་ཡོད་རེད། བོད་ཡིག་ལ་བསྒྱུར་བཞག་པ་དེ་ཚོར་ལྟ་ཡོང་དུས་འཇིག་རྟེན་གྱི་ཆབ་སྲིད་དང་། སྤྱི་ཚོགས་ནང་གི་ལས་ཀ་ཞིག་ཡིན་ན་ཡང་མཐར་ཐུག་གཞི་བཞག་ས་དེ་གང་ཟག་གི་བདག་དང་། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེ་གཉིས་ཁར་བབས་ནས་ལས་ཀ་བྱེད་ཀྱི་འདུག ཕྱོགས་གཞན་ནས་ནང་པ་ཚང་མས་གང་ཟག་གི་བདག་མེད་པ་དང་། འཇིག་རྟེན་བཀོད་པ་པོ་མེད་པ་འདོད་ཀྱི་ཡོད། ཚན་རིག་པ་ཡང་གཅིག་མཚུངས་ཡིན། འོན་ཀྱང་དུས་རབས་རེ་རེའི་ནང་ལ་རླབས་ཆེན་གྱི་མི་སྣ་རེ་རེ་འོང་བའི་བཤད་སྲོལ་ཞིག་ཡོད་པ་ལྟར། དུས་རབས་ཉི་ཤུ་པའི་ནང་ཁོ་རང་རེད་ཟེར།
དེ་བཞིན་ང་ཚོས་རིགས་པ་བཏང་ནས་ཡེ་ཤུ་དང་ཁ་ཆེ་དེ་ཚོ་ལ་ར་སྦྲགས་ནས་ཐོད་ཐུག་རྒྱུ་གང་ཡང་མེད། ཚན་རིག་པས་ཁོང་ཚོའི་དཀོན་མཆོག་གིས་གསུངས་པའི་རྣམ་གཞག་མང་པོ་ཞིག་བདེན་པ་མིན་པ་གསལ་སྟོན་བྱས་ཡོད་ཀྱང་། ཁོང་ཚོས་དཀོན་མཆོག་ལ་དད་པ་དང་ཡིད་ཆེས་བརླག་མེད་ལ། ཁོང་ཚོའི་སྟོབས་ཤུགས་དང་གྲངས་འབོར། ཁྱབ་ཁོངས་བཅས་ཉིན་རེ་བཞིན་མང་དུ་དང་ཆེ་རུ་འགྲོ་བཞིན་ཡོད། གང་ལྟར་འཛམ་བུ་གླིང་གི་མི་འབོར་མང་ཤོས་དེ་ཁོ་ཚོའི་རྗེས་སུ་འགྲོ་གི་ཡོད་པ་དེས། ཆོས་ལུགས་ཟེར་བ་ནི་ཡིན་གཅིག་མིན་གཉིས་ར་སྦྲགས་དགོས་པ་དང་ཐོད་ཐུག་དགོས་ཀྱི་མེད་པ་དེ་མཚོན་ཡོད།
ཆོས་ལུགས་ཟེར་བ་ནི་མི་ལ་ཕན་ཐོགས་ན་འགྲིག་པ་རེད། ང་ཚོའི་བཤད་སྟངས་བྱས་ན་ཚེ་འདི་ཕྱི་གཉིས་ལ་ཕན་པའམ། རྒྱང་འཕེན་ལྟར་ན་ཚེ་འདི་ལ་ལུས་བདེ་བ་དང་། སེམས་སྐྱིད་པ། དཀའ་ངལ་ཉུང་བ་ཞིག་བཟོ་ཐུབ་པ་ཡིན་ན་དེས་འགྲིག་གི་རེད། མི་དེ་ལ་ཕན་ཐོགས་ཀྱི་ཡོད་ན་ད་འགྲིག་བསྡད་ཡོད་པ་ལས། དེ་ག་རེ་ཡིན་དང་མིན། ཐོད་ཐུག་གི་ཡོད་དང་མེད། ར་སྦྲགས་ཐུབ་ཀྱི་ཡོད་དང་མེད་ཀྱི་ཁྱད་པར་ཕྱེ་དགོས་མ་རེད། སྤྱིར་བཏང་གི་སྲོག་ཆགས་སུ་ཡིན་ན་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཡིན་ཚར་དུས་གང་ཕན་པ་དེ་གདམ་གི་རེད་མ་གཏོགས། མངོན་སུམ་དུ་ར་སྦྲགས། གནས་ལུགས་དང་མཐུན། ཚན་རིག་དང་མཐུན་ཡང་ཕན་མ་ཐོགས་པའི་ཉིན་མོ་ནས་གཡུག་བཞག་གི་རེད། ཁོ་རང་ལ་ཕན་ཐོགས་ཀྱི་ཡོད་ན་དེ་གནས་ལུགས་དང་འགལ། རིགས་པ་དང་འགལ། ལུང་རིགས་གཉིས་དང་འགལ། ཚང་མ་དང་འགལ་འགྲོ་གི་ཡོད་ཀྱང་ཡར་བསྒྲུགས་ནས་བདག་པོ་རྒྱག་ཡོང་གི་རེད། དེ་འགྲོ་བ་མི་ཡི་ཆོས་ཉིད་རེད། ཆོས་ལུགས་ཟེར་བ་མང་ཆེ་བ་ཞིག་དེ་འདྲ་རེད། དེར་བརྟེན་ད་ལྟའི་ཆ་ལ་ཆོས་ལུགས་ཟེར་བ་དེ་སྔོན་མ་དང་གོ་སྟངས་འདྲ་གི་མེད། གོ་སྟངས་འགྱུར་བ་ཐེབས་བསྡད་པ་དེ་ཤེས་ན་གནད་འགག་ཏོག་ཙམ་ཡོད་རེད།
ཨན་སི་ཊན་གྱིས་ལབ་པ་ཟེར་བའི་དཔེ་ཞིག་ཡོད་རེད། ཨན་སི་ཊན་སྐབས་སུ་ཚན་རིག་ལ་གནམ་ས་ལྟར་འཕོ་འགྱུར་ཐེབས་ཀྱང་ཚན་རིག་གི་རྒྱུགས་སྤྲོད་སྐབས་དྲི་བ་དེ་ཚོ་སྔ་མ་དང་གཅིག་པ་གཅིག་རྐྱང་ཡོང་གི་ཡོད། སློབ་མ་ཞིག་གིས། ང་ཚོའི་ཚན་རིག་ལ་འཕོ་འགྱུར་ཞེ་དྲག་ཕྱིན་ཚར་བ་མ་རེད་དམ། རྒྱུགས་སྤྲོད་ཀྱི་དྲི་བ་ཚང་མ་གཅིག་པ་ཡིན་དོན་གང་རེད་དམ་ཞེས་དྲིས་པ་རེད་ཟེར། དེ་ལ་ཨན་སི་ཊན་གྱིས་གང་ལབ་པ་རེད་ཟེར་ན། ཨོ་དྲི་བ་གཅིག་པ་རེད། ཡིན་ན་ཡང་ལན་ལོགས་གཱ་རེད། ལན་རྒྱག་དུས་སྔོན་མ་དང་གཅིག་པ་བརྒྱབ་ན་རྒྱུགས་འཕྲོད་རྒྱུ་མ་རེད་ཅེས་བཤད་པ་རེད་ཟེར། དེ་བཞིན་ཆོས་ལུགས་ཟེར་བ་དེ་སྔོན་མ་དང་གོ་སྟངས་འདྲ་གི་མེད།
སྤྱིར་བཏང་བཤད་ན་སངས་རྒྱས་ཀྱི་བསྟན་པ་ཟེར་ན་འགྲིག་གི་མེད་འགྲོ། ཡང་ན་གསུང་རབ་ཟེར་ནའང་རེད། དེང་སང་རྒྱལ་བའི་བཀའ་བསྟན་འགྱུར་དེ་ཚོ་ལ་ཚན་རིག་དང་། ལྟ་གྲུབ། ཆོས་ལུགས་ཞེས་སྡེ་ཚན་གསུམ་དུ་ཕྱེས་པ་དང་། ཚན་རིག་དང་ལྟ་གྲུབ་གཉིས་པོ་ཆོས་ལུགས་ནང་བསྲེ་གི་མེད། བོད་གངས་ཅན་ན་ཡོད་པའི་བཀའ་དང་དགོངས་འགྲེལ་མཁས་པའི་གསུང་དེ་ཚོའི་ནང་དུ་ཚན་རིག་དང་ལྟ་གྲུབ་ཀྱི་ཆ་ཧ་ཅང་མང་པོ་ཡོད་པ་དང་། དེ་གཉིས་པོ་ཆོས་ལུགས་ལས་ཕར་ཟུར་དུ་ཕྱེས་ཡོད། བྱས་ཙང་ད་ལྟ་ཆོས་ལུགས་ཟེར་དུས་ནུབ་ཕྱོགས་པའི་འདོད་པ་ནང་བཞིན་ར་སྦྲགས་མི་དགོས་པ། ཡིད་ཆེས་དང་དད་པའི་ཐོག་ནས་འགྲོ་ཆོག་པ། གང་ལྟར་ཕན་ཐོགས་པའི་ཉིན་མོ་དེ་ལ་སོ་སོས་བདག་པོ་རྒྱག་བསྡད་པའི་རིགས་གཅིག་ཡོད་པ་དེ་ལ་ཟེར། ང་ཚོ་ལ་དག་སྣང་དང་ཞལ་གཟིགས། ལུང་བསྟན་དང་ཅིག་ཅིག་མག་གམ་ཟེར་ནས་ར་སྦྲགས་མི་ཐུབ་པ་མང་པོ་ཞེ་དྲག་ཡོད། དེ་ཚོའི་རིགས་དེ་ཆོས་ལུགས་ཞེས་ཟུར་དུ་ཕྱེས་ནས་དབྱིན་ཇིའི་སྐད་ལ་རི་ལིའི་རྗོན་ཟེར་བའི་སྡེ་ཚན་ནང་ལ་བཞག་གི་ཡོད།
ཚན་རིག་དང་ལྟ་གྲུབ་གཉིས་ཀྱི་ཁྱད་པར་ནི། དངོས་ཡོད་ཀྱི་ཐོག་ལ་ར་སྦྲགས་རྒྱུ་ཡོད་པ། གྭ་ཐོ་མ་དང་འཛི་ཐོ་མ་ཏག་ཏག་འཛི་སྤྲོད་རྒྱུ་ཡོད་པ། ལག་ལེན་གྱི་ཐོག་ནས་ནུས་པ་སྟོན་རྒྱུ་ཡོད་པ། ཁྱད་པར་བཟོ་ཐུབ་པ་དེ་རིགས་ལ་ཚན་རིག་ཟེར། ལྟ་གྲུབ་ཟེར་ན་རིགས་པ་འདྲ་མོ་ཞིག་བཏང་ནས་དེ་མིན་ན་འདི་ཡིན་དགོས། དེ་ཡིན་ན་སྐྱོན་འདི་འདུག དེ་ཡིན་དུས་དེར་མ་གཏོགས་འགྲོ་ས་མི་འདུག་ཅེས། དེ་འདྲ་བྱས་ནས་ཐག་བཅད་ནས་འགྲོ་བཞག་ཆོག་པ་དེ་ལ་ལྟ་གྲུབ་ཟེར། ཚན་རིག་ལ་ཡང་རིགས་པ་བཏང་ཆོག་པ་དང་། གཏོང་གི་ཡོད་རེད་དེ། རིགས་པ་གཅིག་པུས་ཕན་གྱི་མེད། ཆོས་ལུགས་དང་གྲུབ་མཐའ་ལ་ཞུགས་མ་ཞུགས་ཚང་མ་ལ་ར་སྦྲགས་ཐུབ་པ་ཞིག་དང་། ཐུན་མོང་གིས་ཁས་ལེན་ཐུབ་པ་ཞིག་དགོས། ལྟ་གྲུབ་ནི་ལུང་རིགས་གཉིས་ཀྱིས་བསྒྲུབས་འགྲོ་བ་ལས་ཚོད་ལྟ་ཡང་ཡང་བྱས་ནས་ལག་ལེན་དངོས་ཀྱི་གྲུབ་དོན་ར་སྦྲགས་བྱེད་དགོས་ཀྱི་མེད། དེ་ཡིན་དུས་ང་ཚོ་རྩ་བའི་ཆོས་ལུགས་ཟེར་བ་དེ་ལ་ལྟ་སྟངས་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ཚོ་ལ་དགོངས་པ་ཞིག་བཞེས་པ་ཡིན་ན་ཏོག་ཙམ་ཁྱད་པར་ཡོད་རྒྱུ་རེད་བསམ་གྱི་འདུག
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=893
དཔྱད་མཆན་སྤེལ།