——《བུ་ཕྲུག་ལ་བསྐུར་བའི་འཕྲིན་ཡིག་བརྒྱ་ཐམ་པ།》ལས་དྲངས།

སྐལ་བཟང་ནོར་བུས་བསྒྱུར།

དཔེ་དེབ་ཚད་ལྡན་ཞིག་ཀློག་པ་ནི་ཤེས་ཡོན་གྱིས་ཕྱུག་པའི་མཚན་ཉིད་རིག་པ་བ་ཞིག་དང་ཁ་བརྡ་བྱས་པ་དང་མཚུངས། ཁྱོད་ཀྱིས་གཟབ་ནན་གྱིས་ཉོན་དང་དཔེ་ཆའི་ཁྲོད་དུ་རྩོམ་པ་པོའི་སེམས་སྒྲ་ཡོད་ལ་བསམ་གཞིག་གི་མེ་སྟག་ཀྱང་ཡོད་པས། དེས་ཁྱོད་ཀྱི་མིག་ལམ་གསལ་བོ་བྱེད་པ་དང་།སྔོན་ཆད་མུན་པས་བསྒྲིབས་པའི་སེམས་ཀྱི་གྲུ་ཟུར་དེའང་དྭངས་གསལ་དུ་བསྒྱུར་ཐུབ།
བུ་ཕྲུག ཁྱོད་ཀྱིས་ཤེས་སམ། དཔེ་ཚོགས་ཀྱི་རྒྱ་མཚོ་ནི་ཤེས་བྱ་ཡི་འགོ་ཁུངས་ཡིན་པས་ཧུར་བརྩོན་གྱིས་དཔེ་ཀློག་བྱས་ན་མཐའ་ཡས་པའི་ཤེས་བྱ་ཐོབ་པར་གདོན་མི་ཟའོ།།
ཐོག་མར། ངས་ཁྱོད་ལ་དངོས་བྱུང་གི་གཏམ་རྒྱུད་ཅིག་བཤད། མན་ཁྲུ་སི་ཐི(曼彻斯特)རུ་ཨ་ཁུ་ཏོན་ཟེར་བའི་ཡོན་ཏན་པ་ཞིག་ཡོད། ཁོ་རང་འབྱོར་ལྡན་སྐུ་དྲག་ཅིག་གི་ཁྱིམ་དུ་སྐྱེས་ཤིང་། ཁོ་རང་མི་ཚེ་གང་བོར་དཔེ་ཆ་ཀློག་པར་དགའ་ཞེན་ཆེ་ལ། ཁོའི་ཁྱིམ་དུ་དཔེ་དེབ་ཁྲི་ཚོ་བཅོ་བརྒྱད་ལྷག་ཡོད། ཁོས་ཉིན་མཚན་དབྱེ་བ་མེད་པར་གཉིད་ཆགས་ཟས་བརྗེད་དང་། འབད་བརྩོན་ལྷད་མེད་ཀྱིས་སློབ་སྦྱོང་བྱེད་པ་མ་ཟད་དཔེ་དེབ་མང་པོ་བློར་འཛིན་ཐུབ། དེ་བས་མི་རྣམས་ཀྱིས་ཁོ་ལ་ཤེས་ཡོན་གྱིས་གང་བའི་ཀླད་པ་ཞེས་འབོད། ཁོ་རང་ཤེས་བྱ་རབ་འབྱམས་པའི་མི་སྣ་རུ་གྱུར་ཏེ་སྐབས་དེའི་སྤྱི་ཚོགས་ཁྲོད་མཚན་སྙན་ཧ་ཅང་ཆེ་བ་མ་ཟད། ཁྱིམ་ཚང་ཕྱུག་པོའི་བུ་དང་བུ་མོ་ཚོས་ཀྱང་སློབ་སྦྱོང་གི་མིག་དཔེ་རུ་གྱུར། ཁྱོད་རང་བློ་བརྟན་འགྱུར་མེད་ཀྱི”ཨ་ཁུ་ཏོན”གཉིས་པར་འགྱུར་འདོད་ན་ནུས་རྩལ་གཉིས་ལྡན་གྱི་ཡོན་ཏན་པ་ཞིག་ཏུ་བསྒྱུར་དགོས། ཁྱོད་ཀྱིས་གཏམ་རྒྱུད་འདི་ཉན་རྗེས་དཔེ་ཀློག་ལ་སྤྲོ་བ་སྐྱེས་ཡོད་མེད་མི་ཤེས་མོད། འོན་ཀྱང་། ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་མི་ཞིག་གིས་དཔེ་ཆ་ཀློག་པ་ཇི་ཙམ་མང་ན་དེ་ཙམ་གྱིས་ཁོའི་མིག་རྒྱང་ཡངས་ངེས་ལ། ཤེས་བྱ་དང་ཆ་འཕྲིན་ཡང་དེ་ལས་ཀྱང་མང་པོ་ཞིག་ཐོབ་ཐུབ།
རང་ཉིད་དཔེ་ཀློག་ལ་སྤྲོ་བའི་གོམས་གཤིས་ཇི་ལྟར་ཆགས་སུ་འཇུག་དགོས་ཤེ་ན། ངས་ལོ་མང་པོ་བསགས་པའི་ཉམས་མྱོང་གི་ཆ་ནས་བཤད་ན། གཤམ་གྱི་སྐད་ཆ་འདི་དག་ཁྱོད་ཀྱིས་ཚོད་ལྟ་བྱེད་ཆོག་པར་སེམས།
ཁྱོད་རང་ནམ་རྒྱུན་གློག་སྒྲོན་འོག་ཏུ་མནོ་བསམ་བཏང་སྟེ་སྡོད་པའམ་ནམ་རྒྱུན་བྱ་བའི་ཆེད་དུ་སུན་སྣང་གིས་ཁྱབ་པ་དང་། ཕམ་ཁ་ལ་སྐྲག་པའི་དཀའ་སྡུག་སོགས་འཕྲད་སྐབས། ཁྱོད་ཀྱིས་རང་ཉིད་ཀྱི་དཔེ་སྒྲོག་ཏུ་བསྒྲིགས་ཡོད་པའི་སྔོན་ཆད་སེམས་ཀྱི་འོད་སྣང་སྟེར་བའི་དཔེ་ཆ་དག་ལག་ཏུ་བླངས་ཏེ་ཐེངས་གཅིག་ཀློགས་དང་། ཁྱོད་ཀྱིས་འོད་ཀྱི་ལམ་བུ་བཙལ་ཐུབ་པ་དང་། ཤེས་རབ་ཐོབ་ཏེ་སུན་སྣང་མེད་པར་གྱུར་ནས་རྣམ་པ་སྔ་ལས་ལྷག་པའི་སྙིང་སྟོབས་ཅན་དུ་བསྒྱུར་ཐུབ། གལ་ཏེ་ཁྱོད་ཀྱིས་མི་ཚེའི་དུས་རིམ་མི་འདྲ་བའི་ཁྲོད་དུ་སྔོན་ཆད་བློ་སྐྱེད་དང་སློབ་གསོ་སྟེར་མྱོང་བའི་དཔེ་དེབ་དག་ཡང་དང་བསྐྱར་དུ་ཞིབ་ཏུ་བཀླག་ན། དཔེ་ཆ་དེས་སྔ་ལས་ལྷག་པའི་གནས་ལུགས་དང་རིན་ཐང་སྟེར་ཡོང་།
དོན་དངོས་སུ་འཚོ་བ་ནི་དཔག་དཀའི་གནས་ལུགས་ཀྱིས་ཁྱབ་ཅིང་ཁྱད་མཚར་གྱིས་ཁེངས་པའི་དཔེ་དེབ་ཅིག དཔེ་ཆ་དེ་མི་ལ་ལས་བཀླགས་པ་མང་ལ། མི་ལ་ལས་བཀླགས་པར་ཉུང་བས་མི་སུ་ཞིག་གིས་ཀྱང་ཡོངས་རྫོགས་བཀླག་པར་དཀའ་ལ་ནང་དོན་རྟོགས་པའང་ཤིན་ཏུ་དཀོན། མ་ཟད་མི་ལ་ལས་མི་ཚེ་ཞེས་པའི་དཔེ་ཆ་འདི་ཡོད་པའང་ཚོར་མྱོང་མེད།
སྔོན་ཆད་ཀྲུའུ་པོའོ་ཐི་ལགས་ཀྱིས་”མི་ཞིག་གིས་ཉིན་རེར་སྐར་བཅུའི་ཡུན་ལ་དཔེ་ཀློག་བྱེད་པར་གོམས་གཤིས་ཆགས་ཐུབ་ན། ལོ་ཉི་ཤུའི་རྗེས་མི་དེའི་ཡོན་ཚད་མངོན་སུམ་གྱིས་ཇེ་མཐོ་འགྲོ་ཐུབ་པ་དང། མི་དེའི་བཀླག་བྱའི་དཔེ་ཆ་ཚད་ལྡན་དང་། ཀུན་གྱིས་ཁས་ལེན་པའི་འཛམ་གླིང་གི་དཔེ་དེབ་གྲགས་ཅན་དང་། སྒྲུང་རྩོམ། སྙན་ངག ལོ་རྒྱུས། རྣམ་ཐར་སོགས་གང་བཀླགས་ཀྱང་བློ་སྐྱེད་མི་དམན་པ་ཞིག་ཐོབ་ཐུབ།”ཅེས་གསུངས། མི་ལ་ལ་ལྷན་སྐྱེས་ཀྱི་རིག་པ་མི་བཟང་ལ། ཁྱིམ་ཚང་གི་ཆ་རྐྱེན་ཡང་དེ་འདྲ་བཟང་རྒྱུ་མེད་མོད། ཡིན་ནའང་། རང་གི་སྙིང་རུས་དང་ཤེས་བྱར་བཅངས་བའི་དགའ་ཞེན་ལ་བརྟེན་ནས་ལོ་ངོ་བཅུ་ཉིན་གཅིག་ལྟར་དཔེ་ཀློག་ཁྲོད་དུ་ཞུགས་ན། མཐའ་མཇུག་རང་གི་མི་ཚེ་ལ་ཁ་ལོ་བསྒྱུར་ཐུབ་པར་གདོན་མི་ཟའོ།།
ངའི་གྲོགས་པོ་ཞིག་དཔེ་མཚོན་ལ་བཞག་ན། ཁོའི་ཡོན་ཚད་དེ་འདྲ་མཐོ་རྒྱུ་མེད་ལ། ཆུང་དུས་སུ་ཁྱིམ་ཚང་དུ་བྱིས་པ་ཧ་ཅང་མང་བས་སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་མེད་པ་དང་། ཁྱིམ་ཚང་གི་འབྱོར་བ་ཞན་ཐོག་ཁོའི་ཕ་མ་གཉིས་ཀྱིས་ཉིན་གང་བོར་ལས་ཀར་བྲེལ་བ་ལས་ཕྲུ་གུ་ཚོའི་སློབ་གསོ་ལ་དོ་སྣང་དེ་འདྲ་བྱེད་ཀྱིན་མེད། ཁོ་རང་གཉེན་སྒྲིག་བྱས་རྗེས་ཤེས་བྱ་རིག་གནས་ཀྱི་ཐད་ནས་ཧ་ཅང་དབུལ་ཕུང་ཡིན་པར་གཞི་ནས་རྟོགས་ཏེ་ནམ་རྒྱུན་དགོང་མོར་ཆུ་ཚོད་གཉིས་བེད་སྤྱོད་ནས་དཔེ་ཀློག་བྱེད་རྒྱུར་དམ་བཅའ་བཞག
ཐེངས་དང་པོར་ང་ཁོའི་དམ་བཅའ་ལ་གཏན་ནས་ཡིད་མ་ཆེས། རྒྱུ་མཚན་ཁོའི་གཤིས་ཀ་རྩུབ་པ་དང་རང་བཞིན་ཡང་པོ་ཡིན་པས། ལྷིང་འཇགས་ངང་དཔེ་ཀློག་རྒྱུན་འཁྱོངས་ཐུབ་རྒྱུ་མ་རེད་འདོད་མོད། རེད་དེ། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་རྒྱུན་འཁྱོངས་བྱས་ནས་ལོ་ངོ་ཉུ་ཤུ་ལྷག་འགོར་དུས་ཧ་ལས་པའི་འགྱུར་བ་ཆེན་པོ་བྱུང་། ཡང་གཅིག་བྱས་ན་ལོ་ན་ཇེ་མཐོ་སོང་བ་དང་བསྟུན་རིམ་བཞིན་མི་གཞི་ཇེ་བརྟན་དུ་འགྱུར་བར་སྣང་མོད། གཙོ་བོ་ཁོས་ནམ་རྒྱུན་མཚན་མོར་ཆུ་ཚོད་གཉིས་ཀྱི་དཔེ་ཀློག་གོམས་གཤིས་རྒྱུན་བསྲིངས་བྱེད་ཐུབ་པར་རག་ལས་སོ་སྙམ། ཁོའི་ཤུགས་རྐྱེན་དང་སྒུལ་ཤུགས་འོག་ཁྱིམ་ཚང་གང་བོར་ནམ་རྒྱུན་མཚན་མོར་དཔེ་ཀློག་བྱེད་རྒྱུ་གོམས་གཤིས་བཟང་པོ་ཆགས། ང་རང་ཁོའི་ཁྱིམ་དུ་འགྲུལ་པ་འགྲོ་སྐབས་ངས་མངོན་དོད་པོས་ངང་ཁྱིམ་ཚང་དེ་ཤེས་རིག་གི་མཁའ་དབུགས་ཀྱིས་གང་བ་དང་། ཕྲུ་གུ་ཚོར་ཤེས་ཡོན་གྱིས་ཕྱུག་ཡོད་པའི་ཚོར་སྣང་བྱུང་།
འབྱུང་འགྱུར་ཁྱོད་རང་ལས་ཀར་ཞུགས་རྗེས། ཁྱོད་རང་ཧ་ཅང་བྲེལ་བ་ལངས་བཞིན་ཡོད་མོད། ཞིབ་འདང་ཞིག་བརྒྱབ་ན་བྱ་བ་ལ་ལར་དུས་ཚོད་འཕྲོ་བརླག་དེ་འདྲ་གཏོང་མི་དགོས་ལ་བཏང་ཡང་རིན་ཐང་མེད་པའང་ཡོད་སྲིད། དེ་བས་བྱ་བར་ཇི་ལྟར་བྲེལ་ཡང་ཁྱོད་ཀྱིས་ངེས་པར་དུ་དུས་ཚོད་རེ་བཀོད་སྒྲིག་བྱས་ཏེ་དཔེ་ཀློག་བྱེད་དགོས། ལས་ཀར་ཞུགས་རྗེས་དཔེ་ཀློག་བྱེད་མཁན་ཧ་ཅང་ཉུང་། ཡང་གཅིག་བྱས་ན་དེ་ནི་སློབ་མའི་སྐབས་སུ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་ཐུབ་མེད་པས་ཡིན་སྲིད།
ངས་རང་ཉིད་ཀྱི་དཔེ་ཀློག་དང་སློབ་སྦྱོང་གི་ལམ་བུར་ཕྱི་དྲན་རེ་བྱས་ཚེ་སྤྲོ་སྣང་ཞིག་ངང་གིས་སྐྱེས་ཡོང་། རྒྱུ་མཚན་རང་ཉིད་ཀྱིས་སློབ་གཉེར་བྱེད་སྐབས་སྐར་མ་རེ་དང་སྐར་ཆ་རེ་རེ་ཡང་ཆུད་ཟོས་སུ་མ་གཏོང་བར་ཤེས་བྱ་ཡོན་ཏན་སྦྱོང་ཡོད་ལ། མཚམས་མ་ཆད་པར་རང་གིས་བལྟ་ཀློག་གི་ནུས་པ་རྒྱ་ཆེར་གཏོང་ཏེ་དེ་རིང་གི་གྲུབ་འབྲས་ཀྱི་ཆེད་དུ་རྨ་གཞི་བརྟན་པོ་ཞིག་འདིང་ཡོད།
ངའི་སྙིང་ཉེ་བའི་བུ་ཕྲུག་ལགས། ཁྱོད་ཀྱིས་དུས་ནམ་ཡང་སློབ་གྲྭའི་དཔེ་མཛོད་ཁང་དེ་སེམས་ཀྱི་དག་ཞིང་དུ་སྒོམ་ཏེ་ཉིན་རེར་ཐེངས་རེ་མཇལ་དུ་སོངས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=873