རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

སྙིང་ཉེ་བའི་རྗོན་ལགས།
ཁྱོད་ཀྱིས་སྐུ་ཞབས་མོར་གྷེན་དང་ལབ་གླེང་བྱེད་དུས་ཀྱི་རྣམ་འགྱུར་དེས་བདག་དང་ཁྱོད་ཀྱི་མ་ཡུམ་གཉིས་ཀ་ཧ་ལས་ཧང་སངས་སུ་བཅུག་སོང་སྟེ། བློ་ཤེད་ཆེན་པོས་ཁེངས་པ་ཆེ་ཞིང་གཞན་བརྙས་ལ་གོམས་པའི་ཝལ་སྲང་ལམ་གྱི་ཕྱུག་བདག་ཆེས་ཆེ་བ་དང་ཟླར་ལངས་ཐུབ་པ་དེ་བྱང་ཁོག་སྟོད་ལའང་འཆར་མྱོང་མེད་པ་མ་ཟད། ཞི་བག་ལྷོད་པོས་ལན་སྟེར་བ་དང་ཚིག་འགྲོས་འཇམ་ཞིང་ཡིད་ལ་འཇགས་སླ་བ། བསླབ་གཅུན་དམ་སྡོམ་མ་ཡལ་བར་རང་ཉིད་ཀྱི་དོ་ཟླའི་ཁ་ཡ་ངོ་ཡར་ཡོང་བ་ཡིན། ཁྱོད་འདྲ་བའི་བུ་ངར་ཅིག་ངེད་གཉིས་ཀྱི་བགོ་སྐལ་དུ་ཐོབ་པར་ལྷ་དཀོན་མཆོག་གསུམ་ལ་ནམ་ཡང་བཀའ་དྲིན་ཞུ་བཞིན་ཡོད།
སྐུ་ཞབས་མོར་གྷེན་གྱིས་ཁྱོད་ལ་བརླིང་སྤྱོད་གུས་མེད་བྱས་ཏེ་བརྙས་བཅོས་གཏང་འདོད་ཡོད་ཅེས་འཕྲིན་ཡིག་ལས་བདག་ལ་བསྟན་པ་དེ་ངས་བསམ་ནའང་ཁྱོད་རང་འགྲིག་པ་རེད། དོན་དངོས་སུ་ཁོས་ང་ལ་འཁོན་ལན་སློག་པར་འདོད་དེ་ཁྱོད་ལ་བརྙས་ཏེ་ངའི་ཚབ་ལ་བརྙས་བཅོས་འཁེལ་དུ་འཇུག་འདོད་པ་ཡིན།
ཐེངས་འདིར་མོར་གྷེན་གྱིས་བདག་དང་མནའ་འབྲེལ་གཟུག་རྒྱུའི་གྲོས་འགོ་བཏོན་པ་ནི་བདག་གིས་ཁོ་ལ་འཇིགས་སྐུལ་གཏང་བར་སེམས་ཁྲལ་ཆེ་བ་ཡིན་པ་དེ་ཁྱོད་ཀྱིས་གསལ་བོར་ཤེས་ངེས། བདག་དང་ཁོ་གཉིས་ནི་ལམ་ཁ་མི་མཐུན་པ་གཉིས་སུ་ཕྱོགས་མཁན་ཡིན་གཤིས་སུ་ཡང་སུ་ལ་སྤྲོ་བ་མེད་ཅིང་ཁོས་བདག་དང་མཉམ་ལས་བྱེད་འདོད་མེད་པར་ཡིད་ཆེས་ཟབ་མོ་ཡོད། ང་རྒྱལ་ཁེངས་དྲེགས་ལ་ཚད་མེད་ཅིང་གུས་ཞབས་མེད་པའི་ཁོའི་ཚུགས་ཀ་དེ་མཐོང་མ་ཐག་སེམས་སུ་སྐྱུག་མེར་བ་ཞིག་རེད་ལ། ངས་བསམ་ན་ཁོས་ཀྱང་ང་རང་མཐོང་ཐེངས་རེར་བདེ་བོ་ཞིག་ཡིན་མི་སྲིད།
འོན་ཀྱང་མོར་གྷེན་ནི་ཚོང་གི་རིག་པ་ལྷན་སྐྱེས་སུ་མངའ་བ་ཞིག་ཡིན་ཏེ། བདག་གིས་ཝལ་སྲང་ལམ་མིག་ནང་དུ་མི་འཇོག་པ་དང་བདག་ལ་འཇིགས་སྣང་སྐུལ་ཡང་སྐྲག་པ་མེད་པ་ཤེས་ཡོད། ཨ་རི་ཡོངས་ཀྱི་ལྕགས་གཏེར་ལས་རིགས་དབང་དུ་བསྒྱུར་བའི་ཧམ་སེམས་དོན་དུ་འཁྱོལ་བར་ངེས་པར་དུ་བདག་དང་མཉམ་ལས་བྱ་དགོས་ཤིང་དེ་ལྟ་མིན་ཚེ་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་དྲག་པོ་ཞིག་གིས་ཁོ་རང་གི་མདུན་བསུས་ཡོད།
བསམ་མནོ་གཏོང་མཁས་པ་དང་ལག་ལེན་ལ་གཞོལ་མཁན་གྱིས་ཁེངས་དྲེགས་དང་ཞེན་འཛིན་འདོར་དགོས་པ་དང་། རང་ཉིད་ཀྱི་མི་སྒེར་ཞེན་འཛིན་གྱིས་དོན་འཁྱོངས་པར་བགེགས་བར་ཆད་གཏན་ནས་གཏན་དུ་བཟོ་མི་རུང་བའང་གསལ་བོར་ཤེས་ཡོད། སྐུ་ཞབས་མོར་གྷེན་ནི་འདི་འདྲ་ཞིག་རེད་འདུག དེ་བས་སྐུ་ཞབས་མོར་གྷེན་གྱིས་བདག་དང་འབྲེལ་ལམ་འཛུགས་པར་མི་འདོད་ནའང་སྔར་བཞིན་བདག་ལ་ཚད་མཐུན་རྡོ་སྣུམ་སྤྱི་གཉེར་ཁང་གི་འགོ་འདོམས་གཞུང་ལས་ཁང་དུ་ཁོ་དང་ངོ་འཕྲད་ཆོག་མིན་གྱི་གཏམ་དྲིས་བྱུང་།
གྲོས་མོལ་ལས་ཨུ་ཚུགས་མཐའ་རུ་སྲིང་མཁན་དེར་ཐོབ་ཆ་མི་དམན་པ་ཞིག་མངའ་བརྙེས་སྲིད་པས་བདག་གིས་སྐུ་ཞབས་མོར་གྷེན་ལ“བདག་འགན་ཡོལ་ཟིན་ཡོད། གལ་ཏེ་ཁྱོད་རང་འཐད་པ་ཡིན་ཕྱིན་ཁྱིམ་ནས་ངོ་འཕྲད”ཅེས་ལབ། མཐར་ཁོ་རང་དངོས་སུ་འབྱོར་སོང་བ་དེས་མར་ཞབས་སུ་བཅད་པ་སྨྲར་མེད་དོ། །ཁོའི་ཉལ་བའི་རྨི་ལམ་དུའང་ཤར་མྱོང་བ་ཞིག་ལ་གནས་ཚུལ་ཞིབ་ཕྲ་གླེང་དུས་སུ་བདག་གིས“སྐུ་ཞབས་མོར་གྷེན་ལགས། དགོངས་ཡངས་མཛོད། བདག་འགན་ཡོལ་ཟིན་ཡོད། བདག་གིས་བསམ་ན་བདག་གི་བུ་ཆུང་རྗོན་གྱིས་ཁྱོད་དང་མཉམ་དུ་ཉོ་འཚོང་འདིའི་སྐོར་ལབ་གླེང་བྱེད་འདོད་ཆེ”ཞེས་གླེང་སྲིད་པ་དེ་ཡིན།
བདག་གི་སྤྱོད་སྟངས་འདི་ནི་རྣམ་དཔྱོད་མངའ་བའི་མི་ཞིག་ཡིན་ཕྱིན་ཁོ་རང་མར་ཞབས་སུ་གཅོད་ཀྱིན་པ་ཤེས་མོད། མོར་གྷེན་གྱིས་རང་ཚོད་བཟུང་ཞིང་ཁྱོད་རང་ཁོའི་ཝལ་སྲང་ལམ་གྱི་གཞུང་ལས་ཁང་དུ་ལབ་གླེང་ལ་ཡོང་མིན་གྱི་གཏམ་དྲིས་བྱུང་། བདག་གིས་ཁས་བླངས་སོང་།
གཞན་ལ་བརྙས་པ་ནི་དོན་གྱིས་རང་ཉིད་ལ་སྐུར་འདེབས་གཏོང་བ་ཡིན། སྐུ་ཞབས་མོར་གྷེན་གྱིས་ཧ་ལམ་གནས་ལུགས་རྒྱུ་མཚན་འདི་རྟོགས་མེད་པས་སེམས་མགོའི་ཁོང་ཁྲོ་གཞོམ་འདོད་ཆེ་ཡང་མཐའ་གཞུག་ཁྱོད་ཀྱིས་ཁོ་རང་གི་མགོ་མནན་སོང་། གང་ལྟར་ཀྱང་བདག་གིས་ཁོ་རང་མར་ཞབས་སུ་བཅད་པ་དེ་སྐུ་ཞབས་མོར་གྷེན་གྱི་སྙིང་གི་གཏིང་ལ་ཟུག་ཡོད་ཀྱང་དམིགས་སྒོ་ཆེན་མོར་སོན་ཆེད་རྩེ་གཅིག་ཏུ་གཞོལ་ཏེ་སྡུག་བསྲན་པ་དེ་བདག་གིས་ཡི་རངས་དགོས་པའི་གནས་སོ། །
གཅེས་པའི་བུ་ཆུང་། བདག་ཅག་ནི་རྩིས་ཐང་དོན་དུ་གཉེར་བའི་སྤྱི་ཚོགས་ཤིག་ཏུ་འཚར་ལོངས་བྱུང་བས་རྩིས་ཐང་ལ་གཙིགས་ཆེ་བའི་མི་ཞིག་ལ་མཚོན་ན་མར་ཞབས་སུ་བཅད་པ་དེས་གང་ཞིག་མཚོན་པ་བདག་གིས་གསལ་བོར་ཤེས་མོད། སྐབས་ལ་ཤས་སུ་ཁྱོད་རང་སུ་ཞིག་ཡིན་ཡང་ཐ་ན་ཨ་རིའི་ཙུང་ཐུང་ཡིན་ནའང་གཞན་གྱིས་མར་ཞབས་སུ་གཅད་རྒྱུ་འགོག་ཐབས་ལར་ནས་མེད།
འོ་ན་བདག་ཅག་གིས་ཇི་ལྟར་བྱ་དགོས་སམ། རབ་ཏུ་ཁྲོས་ཏེ་རྒོལ་ལན་སྤྲད་ནས་རྩིས་ཐང་སྲུང་དགོས་སམ་ཡང་ན་གུ་ཡངས་པའི་ལྟ་སྟངས་ཀྱིས་བློ་བག་ཡངས་པོ་བྱེད་དགོས། ཡང་ན་བྱེད་ཐབས་གཞན་ཞིག་གིས་ཡ་ལན་སྤྲོད་དགོས་པ་ཡིན་ནམ།
བདག་གིས་སློབ་འབྲིང་སློབ་གྲོགས་མང་པོའི་མཉམ་པར་ཅིག་ནམ་ཡང་ཉར་ཚགས་བྱས་ཡོད་པ་ཁྱོད་ཀྱིས་དྲན་སོས་ཀྱི་ཡོད་ཀྱང་སྲིད། མཉམ་པར་ནང་དུ་བདག་རང་མེད་པར་འབྱོར་ལྡན་ཁྱིམ་ཚང་ནས་སྐྱེས་པའི་བྱིས་པ་འགའ་ཡོད། མི་ལོ་བཅུ་ཕྲག་འགའ་འགོར་ཀྱང་ངས་སྔར་བཞིན་དེ་ཉིད་ཉར་ཚགས་བྱས་ཡོད་པ་དང་པར་ལེན་དུས་ཀྱི་དྲན་ཤེས་དང་སེམས་ཁ་སོགས་ལྷག་ཏུ་ཉར་ཚགས་བྱས་ཡོད།
ཉིན་དེའི་ཕྱི་དྲོར་གནམ་གཤིས་མི་ལེགས་རྒྱུ་མེད། པར་ལེན་པ་ཞིག་གིས་སློབ་མ་ཚོའི་སློབ་ཁྲིད་བྱེད་སྐབས་ཀྱི་རྣམ་པ་པར་ལེན་རྒྱུ་རེད་ཅེས་དགེ་རྒན་གྱིས་ང་ཚོར་བཤད། སྐབས་དེའི་བདག་དང་འདྲ་བའི་ཁྱིམ་ཚང་གི་འཁོས་འབྱོར་ཞན་པའི་བྱིས་པ་ཞིག་ལ་མཚོན་ན་པར་ལེན་པ་ནི་རྒྱས་སྤྲོས་ཀྱི་འཚོ་བ་ཞིག་ཅི་ལ་མིན་ཞིང་སྔན་ཆད་པར་ལེན་མྱོང་ནའང་ཐེངས་མང་ལ་ལེན་མྱོང་མེད། དེའི་སྟབས་ཀྱིས་པར་ལེན་མཁན་སློབ་ཁང་དུ་མངོན་མ་ཐག་བདག་གི་ཀླད་རྒྱ་རུ་འདྲ་པར་ལས་རང་ཉིད་ཀྱིས་འཛུམ་མདངས་ག་འདྲ་སྟོན་རྒྱུ་དང་ཉམས་ག་འདྲ་བཏོད་རྒྱུ། ཐ་ན་འཕྲིན་བཟང་བསྒྲག་པ་བཞིན་དུ་ཨ་མ་ལགས་ལ“ངས་འདྲ་པར་བླངས་ཡོད། པར་ལེན་མཁན་གྱིས་དངོས་སུ་བླངས་པས་ཤིན་ཏུ་ལེགས”ཞེས་བརྗོད་རྒྱུའི་ངང་ཚུལ་ཤར་བྱུང་།
བདག་གིས་སྐོམ་པ་ཆུ་འདོད་དང་དགའ་སྤྲོ་འཁོལ་བཞིན་མྱུར་དུ་པར་མིག་ནང་གཟུད་འདོད་ཀྱི་རེ་ལྟོས་ཆེ་མོད་བདག་གི་ཡིད་ཐག་རྩ་བ་ནས་ཆད་པར་བྱས་སོང་། པར་ལེན་མཁན་དེ་ནི་ལེགས་པོ་ཀུན་འཛོམས་ལ་སྙེག་མཁན་ཞིག་ཡིན་ཏེ་ལུས་དྲང་པོར་ཡར་ལ་དགྱེས་ནས་མཛུབ་མོ་བདག་ལ་ཀེར་བཞིན“དགེ་རྒན་ལགས། ཁྱེད་ཀྱིས་སློབ་མ་གན་ལ་པར་ལེན་དུ་མ་བཅུག་ན་ཆོག་གམ། ཁོའི་གྱོན་པ་དངོས་གནས་མདོག་ངན་པར་འདུག”ཅེས་དགེ་རྒན་ལ་བཤད། བདག་ནི་ཉམ་ཆུང་ཞིང་དགེ་རྒན་གྱི་ངག་བཀོད་ཇི་བཞིན་དུ་བརྩི་བའི་སློབ་མ་ཞིག་ཡིན་པས་ངོ་རྒོལ་བའི་ནུས་པ་མེད་པར་གཉོམ་དུང་དུང་གིས་འདུག་གནས་ལས་བྲལ་ཏེ་གྱོན་པ་གྲལ་དག་གྱོན་པའི་ཕྱུག་བདག་གི་བུ་བུ་མོས་པར་ལེགས་པོ་ཞིག་ལེན་པར་སྟབས་བདེ་བཟོས།
སྐབས་དེ་ཤེད་དུ་བདག་གིས་བདག་གི་ངོ་གདོང་ཚ་བེར་བེར་དུ་འདུག་པ་ཚོར་མོད། ཚིག་པ་མ་ཟོས་ཤིང་ཞེ་འགྱོད་ཀྱང་མ་སྐྱེས་ལ་ལྷག་ཏུ་བདག་གི་ཕ་མ་གཉིས་ཀས་འཚོ་བའི་ཆ་རྐྱེན་ལེགས་པོ་ཞིག་འདོན་སྤྲོད་མ་ཐུབ་པར་ལྐོག་ནས་འཁང་ར་རྐང་ར་མ་བྱས། དོན་གྱིས་ཁོང་གཉིས་ཀས་བདག་ལ་སློབ་གསོ་ལེགས་པོ་ཞིག་མྱངས་སུ་འཇུག་ཆེད་ཡོད་ཚད་ཀྱི་ཡོད་ཚད་ཕུལ་ཡོད། པར་ལེན་མཁན་གྱི་པར་ལེན་པའི་རྣམ་པ་དེར་བལྟས་ཏེ་བདག་གིས་ཁུ་ཚུར་དམ་དུ་བསྡམས་ནས་མནའ་བསྒགས་དམ་བཅའ་ཕུལ་བ་ཡིན་ཏེ། ནམ་ཞིག་གི་ཚེ་བདག་ནི་འཛམ་བུ་གླིང་གི་ཕྱུག་བདག་ཆེ་ཤོས་སུ་གྱུར་དུས་སུ་པར་ལེན་མཁན་གྱིས་པར་བླངས་པ་ཅི་ཞིག་ལ་བརྩི་འམ། བདག་གིས་འཛམ་བུ་གླིང་གི་རི་མོ་མཁན་དག་ལ་བདག་རི་མོར་འབྲི་རུ་བཅུག་ན་གཞི་ནས་མགོ་བོ་མཐོ་མཐོ་བྱས་ཆོག་པའི་ང་རྒྱལ་དུ་བརྩི་རུང་།
གཅེས་པའི་བུ་ཆུང་། བདག་གིས་སྐབས་དེར་མནའ་བསྒགས་དམ་བཅའ་ཕུལ་བ་དེ་ད་ཆ་མངོན་འགྱུར་བྱུང་ཡོད། བདག་གི་མིག་ལམ་དུ་མར་ཞབས་སུ་གཅོད་པ་ཞེས་པའི་གོ་དོན་ལ་འགྱུར་བ་ཐེབས་པས་དེ་ནི་བདག་གི་རྩིས་ཐང་གཞོག་པའི་རྣོ་གྲི་ཞིག་ཡིན་མི་སྲིད་པར་དྲག་པོའི་སྟོབས་དང་ལྡན་པའི་སྒུལ་ཤུགས་ཤིག་ཡིན་པར་ངེས། དེས་བྲག་རི་ཐང་ལ་བསྙིལ་ཞིང་རྒྱ་མཚོ་སྐམ་ལ་འདོན་པ་བཞིན་བདག་གི་དཔའ་ངར་དྲག་ཏུ་བསྐྱེད་ཅིང་བློ་སྟོབས་ཞུམ་མེད་ཀྱིས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་དུ་བཅུག ཡང་ན་ཏག་ཏག་སྐབས་དེའི་པར་ལེན་མཁན་གྱི་ཆ་འཇོག་མེད་པའི་ཁ་གཏམ་དེས་འབྱོར་མེད་ཀྱི་བྱིས་པ་ཞིག་འཛམ་བུ་གླིང་གི་ཕྱུག་བདག་ཏུ་སྐྱེད་སྲིང་བྱས་ཞེས་ལབ་ནའང་ཧ་ལམ་ཐལ་ཆེ་མེད།
མི་སུ་ཞིག་ཡིན་ཡང་མཆོག་གི་གྲུབ་འབྲས་དང་བཟང་པོ་སྤྱོད་པ། ཡ་རབས་གཤིས་འཇམ། མི་གཞི་ཀུན་སྤྱོད་སོགས་ལ་ཁས་ལེན་ཐོབ་པའི་དགའ་སྤྲོའི་ཐལ་མོ་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་དུས་ཡོད་ཅིང་གཞན་གྱིས་མར་ཞབས་སུ་གཅོད་དུས་ཀྱང་ཡོད། གཞན་གྱིས་གནག་སེམས་བཅངས་པ་མིན་ཕྱིན་བདག་གིས་བསམ་ན་བདག་ཅག་མར་ཞབས་སུ་བཅད་པ་ནི་ནུས་པས་མ་འབྱོན་པ་ལས་ད་གཟོད་གཞན་གྱི་བསྟི་སྟངས་དང་ཡིད་མགུ་བའི་ཚད་དུ་སླེབས་མ་ཐུབ་པར་སྙམ། བདག་གིས་བརྗོད་པར་འདོད་པ་ནི་མར་ཞབས་སུ་གཅོད་པ་དེ་ངན་རྒུའི་མཐར་སོན་པ་ཞིག་གཏན་ནས་མ་ཡིན། གལ་སྲིད་ཁྱེད་རང་ལ་ཡངས་པའི་རྣམ་དཔྱོད་མངའ་ཞིང་ཐུགས་དང་པ་ཞིག་ཡིན་ཕྱིན་མར་ཞབས་སུ་གཅོད་པ་ནི་ནུས་པའི་ཚད་འཇལ་བའི་ཚངས་ཐིག་ཡིན། བདག་གིས་རྟག་ཏུ་འདི་ལྟར་ལས་སུ་རྩོམ་བཞིན་ཡོད།
མར་ཞབས་སུ་གཅོད་ཐེངས་རེར་རྩིས་ཐང་ལ་གནོད་ལ་ཀྱིན་པ་བདག་གིས་ཚོར་ཡོད་མོད། རྩིས་ཐང་ནི་མཁའ་ནས་འབབ་པ་ཞིག་དང་གཞན་གྱིས་བསྩོལ་བ་ཞིག་ལར་ནས་མིན་པར་རང་ཉིད་ཀྱིས་བརྩོན་དགོས་པ་ཞིག་ཡིན། རྩིས་ཐང་ནི་རང་ཉིད་ཀྱིས་ལོངས་སུ་སྤྱད་ཆོག་པའི་བསམ་པའི་ནོམ་པ་དང་རང་ཉིད་ལ་ཡོངས་སུ་དབང་བ་ཞིག་དང་རང་ཉིད་ལ་རྩིས་ཐང་ལྡན་ཞེས་རློམ་པའི་མོད་ལ་རྩིས་ཐང་ཡང་ལྡན་སྲིད་པ་ཞིག་ཏུ་ངེས། གལ་སྲིད་གཞན་གྱིས་རང་ཉིད་མར་ཞབས་སུ་བཅད་དེ་རྩིས་ཐང་ལ་གནོད་སོང་ནའང་ཕྱིར་རྒོལ་གྱི་མདུང་རྩེ་གཏད་ནས་རྩིས་ཐང་ལ་སྲུང་སྐྱོབ་ཀྱི་གོ་ཆ་སྤྲས་ཚེ་སུ་དང་གང་གིས་ཀྱང་ཁྱོད་ལ་གནོད་པ་ཐེབས་སུ་མེད།
གཅེས་པའི་བུ་ཆུང་། ཁྱོད་དང་ཁྱོད་རང་ཉིད་ཀྱི་འབྲེལ་བ་ནི་འབྲེལ་བ་མཐའ་དག་ནི་མགོ་འཛུགས་ས་ཡིན་ཞིང་། ཁྱོད་ཀྱིས་རང་ཉིད་ལ་བློ་གཏད་པར་མ་ཟད་རང་ཉིད་དང་འཆམ་པོ་མཐུན་པོ་ཡོང་དུས་སུ་ཁྱོད་ནི་ཁྱོད་རང་ཉིད་ཀྱི་ཆེས་བློ་སེམས་དཀར་བའི་གཏན་གྲོགས་ཡིན། དེ་ལྟ་ཡིན་ཙ་ན་ཁྱོད་རང་མར་ཞབས་གཅོད་པར་འཚེར་སྣང་ཅི་ཡང་མེད་པ་ཡོང་ངོ་། །
ཁྱོད་རང་སྙིང་ནས་གཅེས་ཡབ་ཆེན་གྱིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=851