༈ འདི་ནས་ཁྱོད་རང་དྲན་པའི་ཚེ།
འཆིང་བ། (ཆབ་མདོ།)
གྲོང་འདིའི་ནང་ནས་ཁྱོད་རང་དྲན་པའི་ཚེ།།
ཁ་བ་ཆལ་ཆིལ་འབབ་པའི་ཉམས་ཤིག་ཡོད།།
ཁངས་འདབ་ཆུ་ཡིས་བརླན་པའི་ཉམས་ཤིག་ཡོད།།
ཆུ་རྔ་རྒྱ་མཚོར་འདྲེས་པའི་ཉམས་ཤིག་ཡོད།།
གྲོང་འདིའི་ནང་ནས་ཁྱོད་རང་དྲན་པའི་ཚེ།།
སྟོན་ལོ་ཆུ་ཁར་ཟགས་པའི་ཉམས་ཤིག་ཡོད།།
ལོ་ངོས་སེམས་འཕྲིན་བྲིས་པའི་ཉམས་ཤིག་ཡོད།།
སེམས་འཕྲིན་རྒྱང་དུ་བསྐུར་བའི་ཉམས་ཤིག་ཡོད།།
གྲོང་འདིའི་ནང་ནས་ཁྱོད་རང་དྲན་པའི་ཚེ།།
སྨུག་པས་རི་ཆེན་གཡོགས་པའི་ཉམས་ཤིག་ཡོད།།
སྨུག་ཞགས་ནང་དུ་འཁྱིལ་བའི་ཉམས་ཤིག་ཡོད།།
གཏན་དུ་ཡལ་རྒྱུ་མེད་པའི་ཉམས་ཤིག་ཡོད།།
གྲོང་འདིའི་ནང་ནས་ཁྱོད་རང་དྲན་པའི་ཚེ།།
དགུན་རླུང་བར་མེད་ལྡང་བའི་ཉམས་ཤིག་ཡོད།།
རས་གོས་ཤམ་ལྭ་གཏོར་བའི་ཉམས་ཤིག་ཡོད།།
སྙིང་ལ་ཡང་ཡང་ལྡང་བའི་ཉམས་ཤིག་ཡོད།།
གྲོང་འདིའི་ནང་ནས་ཁྱོད་རང་དྲན་པའི་ཚེ།།
སེམས་ཉིད་མདུད་པ་བོར་བའི་ཉམས་ཤིག་ཡོད།།
སེམས་མཐིལ་གཙང་བོ་འཁྱིལ་བའི་ཉམས་ཤིག་ཡོད།།
སེམས་གཞས་གངས་ལ་བླངས་པའི་ཉམས་ཤིག་ཡོད།།.
༈ཧ་ལོ།
སེམས་ཉིད་སྐམ་གདུང་ཞིག་གིས་བཟི་བའི་ཚུལ་གྱིས།།
ཁྱོད་ལ་སེམས་འཕྲིན་ཁ་ཤས་འབྲི་བར་འདོད་ཀྱང་།།
རྡུལ་དང་རླུང་གིས་འཆིང་བའི་འཇིག་རྟེན་འདི་ནས།།
ཞལ་དང་ལག་ཆུང་དྲི་དང་གྲང་བས་བཟུང་སོང་།།
ཀྱེ་ཀྱེ་བདག་གི་ཞེ་གཏིང་མེ་ཏོག་ཧ་ལོ།།
འཇིག་རྟེན་འདི་ལྟར་འཁྱག་པོར་གྱུར་ནས་རྒུད་ཀྱང་།།
སྙིང་གི་ར་སྐོར་ནང་དུ་ཁྱེད་རང་སྔར་ལྟར།།
གེ་སར་ལོ་འདབ་བཞིན་དུ་གྲོལ་བ་མཐོང་ན།།
ན་རཀ་འཁོར་བའི་དོང་གི་མེ་ཕུང་དེ་ཡིན།།
ཞེ་འདུན་སྒྱུ་མའི་རྨི་ལམ་རིང་ཐུང་དེ་ཡིན།།
སྐྱེ་བ་རྟེན་དུ་བྲིས་པའི་ཞིང་བཀོད་དེ་ཡིན།།
༈སྟོན་ཁ།
ཞེ་འདང་སྙིང་གི་མེ་ཏོག་དམར་པོ་སྟོན་གཞུང་ཆར་གྱིས་བརླན་པར་ཤོག།
ཞེ་ཐག་བྲང་གི་སྙན་ཚིག་དྲོན་མོ་སྟོན་མཚན་རིང་མོས་སྲིངས་བར་ཤོག།
ཞེ་མཐའ་ལས་ཀྱི་ཁ་ཡིག་བརླིང་པོ་སྟོན་འཇུག་ལོ་མས་ཁྲོལ་བར་ཤོག།
ཞེ་ཐོགས་ལུས་ཀྱི་སྐུད་པ་སྐྱ་ཡ་སྟོན་མགོ་བ་མོས་མཐུད་པར་ཤོག།
ཞེ་མཐིལ་རྣམ་དག་དུང་བའི་ཇ་ལོ་སྟོན་འོ་མངར་མོས་སྦང་བར་ཤོག།
ཞེ་ཚིག་མགུར་གྱི་གླེགས་བམ་སེར་པོ་སྟོན་ཟླ་ཡར་ངོས་གསལ་བར་ཤོག།
ཞེ་གཏིང་གཏམ་གྱི་ཁ་དན་ཁམ་བུ་སྟོན་བདག་མི་ཡིས་རྙེད་པར་ཤོག།
བར་ཐག་སེམས་ཀྱི་ཤོག་བུ་སྐམ་པོ་སྟོན་རླུང་གྱོང་པོས་ཁུར་བར་ཤོག།
སོམ་ཉི་སེམས་ཀྱི་གངས་རྙིང་ལྷག་མ་སྟོན་ཉི་ཚ་མོས་བཞུ་བར་ཤོག།
ཆགས་སྡང་རྩ་ཡི་ལོ་མ་རེ་རེ་སྟོན་ཞོགས་བ་མོས་སད་པར་ཤོག།
བློ་འགྱུར་ཆར་རྗེས་འཇའ་སྣ་འཁྲུག་པ་སྟོན་ནམ་རིང་པོས་བསུབ་པར་ཤོག།
གྱེས་བྲལ་གདུང་བའི་མིག་ཆུའི་མཚོ་མོ་སྟོན་ཆུ་ཆེན་པོས་ཁུར་བར་ཤོག།
སེམས་ངལ་ས་ཡི་གད་པ་ནག་པོ་སྟོན་རྩ་གྲུགས་ནས་གཡོལ་བར་ཤོག།
2018/9/3
༈ཁ་བས་རྒྱན་པའི་སྟོན་རྒྱབ།
ཕྱི་རུ་ཁ་བ་དྲག་ཏུ་འབབ་པའི་ཚེ།།
ཁ་བ་བྱ་ཁྱུ་བཞིན་དུ་འཕུར་བའི་ཚེ།།
ཁངས་གསེང་རླུང་བུ་ལྷོད་ཀྱིས་ལྡང་བའི་ཚེ།།
རླུང་སྐད་སྒྲ་སྙན་བཞིན་དུ་གྲགས་པའི་ཚེ།།
ཐག་རིང་ལམ་ཆེན་དེ་ཡི་ཕྱོགས་སུ་བལྟས།
ལམ་མཐའ་སྨུག་པ་དེ་ཡི་ནང་དུ་བལྟས།།
ར་སྐོར་ལག་ཆུང་འདྲ་བའི་མཐའ་ཁ་ནས།།
འདབ་མ་ཁྲག་ལྟར་དམར་བའི་མེ་ཏོག་ཅིག།
གདུང་བས་ལྷོད་ཀྱིས་བཏུས་ཏེ་རུམ་དུ་བཅུག།
ཉིན་ཐོ་ས་སིལ་འཐོར་བའི་ངོས་སུ་བཏགས།།
དགུན་གཞུང་ཟླ་བ་བོར་བའི་མཚན་མོ་རུ།།
བདག་གི་དབྱར་ཁ་དེ་དག་ཨེ་རྙེད་བསམ།།
དབྱར་ཁའི་མེ་ཏོག་དེ་ཚོ་ཨེ་རྙེད་བསམ།།
ཕྱི་རུ་ཁ་བ་དྲག་ཏུ་འབབ་པའི་ཚེ།།
ཁ་བ་རྟ་དམག་བཞིན་དུ་བྱོ་བའི་ཚེ།།
ཁངས་གསེང་སྨུག་པ་ལ་ལིང་འཁྱིལ་བའི་ཚེ།།
སྨུག་པ་སྦྲ་ནག་ཙམ་རེ་འཁྱིལ་བའི་ཚེ།།
ཕ་ཡུལ་ཞེ་ཡི་ནགས་ཚལ་ཡང་ཡང་དྲན།།
སེམས་ཀྱི་རི་དྭགས་ཕོ་མོ་ཡང་ཡང་དྲན།།
སྟོན་རྒྱབ་ལུང་བ་འདི་ཡི་གཡོན་ས་ནས།།
ཞེ་འདང་སྲེད་པས་རི་དང་ལུང་བ་བྲིས།།
རི་ལུང་ངོས་སུ་མི་དང་ནོར་ཁྱུ་བྲིས།།
ཤི་ཡང་བློས་གཏོང་མེད་པའི་ཚུལ་དུ་བྲིས།།
དགུན་གཞུང་ཟླ་བ་བོར་པའི་མཚན་མོ་རུ།།
བདག་གི་ཕ་ཡུལ་རི་ལུང་ཨེ་རྙེད་བསམ།།
ཕ་ཡུལ་འདང་ཆེན་ཕུ་ནུ་ཨེ་རྙེད་བསམ།།
༈མཚན་མོ་འཁྱག་པ།
ཐག་རིང་རི་ཆེན་དེ་ཡི་ཞོགས་སུ།།
རི་སྣ་གླང་ཆེན་འདྲ་བའི་སྟེང་དུ།།
གློག་འོད་མག་མོག་གཡོ་བའི་མཚམས་ཁང་།།
ཁ་བ་རླུང་ཁྱེར་འབབ་པའི་མཚན་མོར།།
སྨུག་གུ་སྐྱ་འཁྱིལ་ཀློང་དུ་བོར་སོང་།།
གྲང་བས་གྲང་བ་དེད་པའི་ད་ཚོད།།
ཞེ་གཏིང་དཀར་མེ་གཉོམ་པོ་སྒྲོན་ན།།
ཞེ་མཐིལ་དྲན་པ་དམར་པོས་བསྙལ་བའི།།
མི་ཞིག་དྲན་པའི་ཟླ་བ་ཚེས་ཡོང་།།
ཟླ་འོད་མག་མོག་ཅན་པོ་ཚེས་ཡོང་།།
ང་རང་སྐྱེས་ཙམ་ཉིད་ནས་ད་བར།།
རྩིས་འདང་ལྷོད་ཙམ་མ་མྱོང་ཡུམ་ཆེན།།
འཁྲུལ་བའི་དགུན་གཞུང་རེ་རེའི་ནང་དུ།།
ཁྱེད་རང་གྲང་བ་ཨེ་བྱུང་མ་མ།།
གྲང་ནས་དྲན་གདུང་ཨེ་བྱུང་མ་མ།།
ཁྱོད་རང་ཉི་མ་བཞིན་དུ་བྱོན་ནས།།
ལོ་ཟླ་བྱ་ཁྱུ་བཞིན་དུ་འཕུར་སོང་།།
མཚན་གཞུང་སེམས་འཁྱག་རེ་རེའི་ངོས་སུ།།
ཁྱོད་རང་དྲན་པའི་ཚེས་ཁ་བྲིས་ཡོད།།
༈གྲང་གཞས།
ཆལ་ཆིལ་གངས་ཆེན་སྟོན་རྒྱབ་བབས་སོང་།།
ཙག་དང་རླུང་བུ་ད་ཚོད་ལྡང་སོང་།།
རབ་ཏུ་གྲང་བའི་ས་མཐའ་འདི་ནས།།
དྲོན་པོའི་གཞིས་དང་གཞས་ར་ནང་གི།།
འདང་ཆེན་ཡབ་ཡུམ་སྙིང་ནས་དྲན་ཡོང་།།
མཐའ་ཡས་རྒྱ་མཚོ་འདྲ་བའི་སེམས་སུ།།
སྐྱོ་སྐྱོ་ངང་པ་གཡས་འཕུར་གཡོན་འཕུར།།
བདག་གིས་རྒུད་པའི་ཞྭ་དཀར་གྱོན་ཏེ།།
རི་མཐའ་ལྷོ་བཞུད་ཆུ་འཛིན་ཞིག་ལ།།
སེམས་ཉིད་གྲང་བའི་མགུར་རེ་བླངས་ཡོད།།
ལས་ཀྱི་ཐག་རིང་ཡིད་ལ་དྲན་ཚེ།།
སྐམ་གདུང་ཀྱོག་ལམ་མིག་ལ་ཐོགས་སོང་།།
ཚེ་འདིའི་སྐྱབས་གནས་ཨ་ཕ་དྲིན་ཆེན།།
གཏན་གྱི་གདུང་བ་ཟབ་ས་ཁྱེད་རེད།།
སྐུ་ཚེའི་ལོ་ཟླ་ལྷོད་ཀྱིས་བཞུད་རོགས།།
རྨི་ལམ་རིང་ཐུང་བརྒྱ་འཕྲོ་སྟོང་མཐུད།།
འཁྲུལ་བའི་རི་དང་ལུང་པ་དེ་ནས།།
སེམས་སོང་མི་ཁྱོད་ཡང་ཡང་གླེང་ཚེ།།
འཁོར་བའི་འདམ་གྱི་ཇ་དང་ཆང་གིས།།
ཞེ་འདུན་མེ་ཏོག་རྙིད་ཅིང་རྒུད་སོང་།།
དགུན་ཉི་འདོམ་གང་འདྲ་བའི་མི་ཚེ།།
གོས་ཆེན་པད་འདབ་སྟེང་གི་ལང་ཚོ།།
དངུལ་དཀར་མེ་ལོང་ངོས་ཀྱི་སེམས་རིས།།
ཁྱོད་ཀྱི་ལག་ཆུང་ནང་དུ་བཞག་ཡོད།།
ལག་ཆུང་གཡས་པའི་ནང་དུ་བཞག་ཡོད།།
འཇིག་རྟེན་ཆུ་ཟླ་བཞིན་དུ་མོག་ཀྱང་།།
སེམས་ཉིད་གྱང་གསར་དེ་ཡི་ངོས་སུ།།
ཞེན་པའི་བདེ་ཆེན་ཞལ་ཐང་བྲིས་ཡོད།།
ལས་འཕྲོ་སྟབས་ཀ་ཡོད་སའི་མི་ལགས།།
ཞེ་ལ་སྐྱོ་གདུང་ཆང་རག་མ་དྲོངས།།
༈གཙང་བོ་དལ་འབབ་བཞིན་དུ་ཨ་མ་དྲན།
གཅིག་པུར་ཞི་ལྷོད་བྱུང་བའི་ཚེ།།
ཆར་འཇམ་ཤར་ཤར་འབབ་བའི་ཚེ།།
སྤྲིན་དཀར་ལྷོད་འགྲོ་མཇལ་བའི་ཚེ།།
སྒྱུ་འཕྲུལ་སྐུ་པར་མཐོང་བའི་ཚེ།།
དབྱར་ལྗོངས་གཡུ་མཚོ་འདྲ་བ་ཡི།།
རྩ་ལོའི་གསེང་ནས་ཁྱེད་རང་དྲན།།
པད་འོག་བྱིས་ཁྱུ་འུར་བའི་ཚེ།།
སེམས་ངལ་ཆུ་བོ་བཞུར་བའི་ཚེ།།
བདེ་སྡུག་མགུར་མོ་ལེན་པའི་ཚེ།།
མཚན་ནམ་ཁོག་རིང་ཕུད་པའི་ཚེ།།
ལུང་པ་གྲི་ཤུབས་འདྲ་བ་ཡི།།
ལུང་པའི་ཕུ་ནས་ཁྱེད་རང་དྲན།།
གཅིག་པུར་རྐང་ལམ་མཇལ་བའི་ཚེ།།
བྱམས་པས་ཨ་མ་འབོད་པའི་ཚེ།།
གོས་དར་ལྭ་ཤམ་རན་པའི་ཡི།།
མོ་སྨན་འགའ་དང་འཕྲད་པའི་ཚེ།།
དམར་སྨུག་ཁྲག་མཚོ་འདྲ་བའི་ཡི།།
དགེ་འདུན་དཀྱིལ་ནས་ཁྱེད་རང་དྲན།།
སྒྱུ་མའི་གུར་མཐའ་གཡས་གཡོན་དུ།།
རང་རང་སེམས་ཀྱི་གདུང་བ་ནི།།
འཆི་བ་རླུང་ཆེན་མ་ལྡང་བར།།
ཡར་ལུང་གཙང་པོ་བཞིན་དུ་ཟགས།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=832
དཔྱད་མཆན་སྤེལ།