དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སློབ་གླིང་སོ་སོར་དགར་སྟངས་དང་ཟངས་མདོག་དཔལ་རི་གང་དུ་ཡོད་མེད་ལ་དཔྱད་པ།

   སྤྱང་ཚས་བརྩམས།
      དེ་ལ་འདིར་བསྟན་པ་གཅིག་ལ་སྟོན་པ་གཉིས་པར་གྲགས་པའི་སློབ་དཔོན་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་མཆོག་གི་མཛད་པ་ནི་རྒྱ་ཆེ་ཞིང་གྲངས་མང་བ།  རྟོགས་དཀའ་ཞིང་གཏིང་ཟབ་པ།  ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ།  མཛད་པ་མང་ཞིང་མཛད་ཚུལ་མཛེས་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པ་ཞིག་ཡིན་ལ།  དེ་དག་གི་རྣམ་གཞག་ཕྲ་ཞིང་ཞིབ་པ་ནི་ས་ཐོབ་ཀྱི་སེམས་དཔའ་མ་གཏོགས་ཁོ་བོ་ལྟ་བུའི་སྐྱེ་བོ་ཐ་མལ་བ་ཞིག་གིས་བརྗོད་པར་མི་ནུས་མོད།  འདིར་ཁོང་གི་རྣམ་ཐར་དང་འབྲེལ་བའི་གནད་དོན་ཚན་པ་གཉིས་བཤད་པར་བྱའོ།  །
དང་པོ་བསམ་ཡས་ཀྱི་སློབ་གླིང་དགར་སྟངས།
      དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་བོད་ཀྱི་སློབ་གྲྭ་དང་དགོན་སྡེའི་ཐོག་མ་ཡིན་པས་ལོ་རྒྱུས་ཀྱི་འཕེལ་རིམ་ངོས་ནས་གལ་ཆེ་བ་ཙམ་དུ་མ་ཟད་སྒྲ་བསྒྱུར་གླིང་ནས་ཡིག་བསྒྱུར་བྱས་པའི་གྲངས་ཚད་དང་སྤུས་ཚད་ཀྱི་ངོས་ནས་བཤད་ནའང་ཕྱི་རབས་ཀྱི་མཁས་པ་ཐམས་ཅད་ཀྱི་མིག་དཔེར་འོས་པ་ཞིག་ཡིན་ལ།   རྒྱ་ནག་གི་རྒྱལ་རབས་ཁྲོད་མངའ་ཐང་དར་བའི་རྩེ་མོར་སོན་པའི་ཐང་རྒྱལ་རབས་དུས་ཀྱི་ཞཱན་ཙཱང་གི་ལོ་ཙཱའི་གླིང་དུའང་ལོ་ཙཱའི་གྲངས་འབོར་དང་མཁས་ཚད།  བསྒྱུར་བའི་གཞུང་གི་གྲངས་འབོར་དང་འགྱུར་སྤུས་སོགས་ཆ་གང་ཐད་ནས་ཀྱང་སྒྲ་བསྒྱུར་གླིང་ལ་འགྲན་དུ་མི་བཏུབ།   ཕྱི་ཚུལ་ནས་གཙུག་ལག་ཁང་ཞིག་བཞེངས་པ་ཙམ་མ་ཡིན་པར་ནང་གི་དོ་དམ་བྱེད་ཕྱོགས་ཀྱི་ངོས་ནས་ཀྱང་སློབ་གླིང་དང་ལས་ཁུངས་སོགས་དགར་སྟངས་དེང་གི་སློབ་ཆེན་ཞིག་དང་བསྡུར་ནའང་བསྡུར་རིན་ཡོད།   དེ་ཡང་དེང་སང་གི་མཐོ་རིམ་སློབ་གྲྭ་གང་ཡིན་ཀྱང་ནང་གསེས་ཀྱི་སློབ་གླིང་དང་ལས་ཁུངས་སོ་སོར་དགར་ཡོད་དེ།   དཔེར་ན་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་སློབ་གླིང་མི་འདྲ་བ་བཅུ་གསུམ་ཡོད་པ་ལྟ་བུའོ།   །རིག་ཚན་སོ་སོ་ལ་ལྟོས་ནས་སློབ་གླིང་སོ་སོར་དགར་སྟངས་འདི་ནི་ནུབ་ཕྱོགས་ནས་འཕེལ་ཞིང་འཛམ་གླིང་ལ་ཁྱབ་པར་སྣང་མོད།   བོད་ལ་ནི་སློབ་གླིང་སོ་སོར་དགར་སྟངས་འདི་བསམ་ཡས་ཀྱི་དུས་རབས་ནས་དར་ཞིང་། དེ་ཡང་མཐར་གཏུགས་ན་སྐབས་དེར་ནཱ་ལེན་དྲཱ་སོགས་སུ་འདི་འདྲའི་ལུགས་སྲོལ་ཡོད་པས་མིན་ནམ་སྙམ་སྟེ་དཔྱད་དོ། །
   འོ་ན་བསམ་ཡས་སུ་གླིང་མི་འདྲ་བ་དུ་ཡོད་ཅེ་ན།  འདི་ལ་གླིང་བཞི་གླིང་ཕྲན་གྱི་གྲངས་དང་མཉམ་པར་གླིང་བཅུ་གཉིས་ཡོད་པར་བཤད་པའི་ཡིག་ཆ་རེའང་མཐོང་མོད།   ཨོ་རྒྱན་གླིང་པས་གཏེར་ནས་སྤྱན་དྲངས་པའི་པདྨ་བཀའ་ཐང་རྒྱས་པ་སྟེ།  ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ཞེས་པའི་ནང་དུ་དངོས་སུ་གླིང་མི་འདྲ་བ་བཅུ་བཞི་བཤད་འདུག་པས་དེའི་རྗེས་སུ་འབྲངས་ནས་གླིང་བཅུ་བཞིའི་ངོ་སྤྲོད་མདོར་བསྡུས་ཤིག་བྱའོ།   ། དེ་ཡང་འདིའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཉུང་བ་དང་ཁོ་བོ་ཐོས་རྒྱ་ཆུང་བའི་དབང་གིས་འོག་ཏུ་བཤད་པའི་གླིང་བཅུ་བཞིའི་ངོ་སྤྲོད་འདི་ལའང་ནོར་བའི་ཆ་སྲིད་ལ།  སྤྱིར་གླིང་བཅུ་བཞི་ཉིད་དུ་གྲངས་མ་ངེས་པའང་སྲིད་མོད་མཁྱེན་ལྡན་དག་གིས་དཔྱད་པར་འཚལ། འདིར་ཤེས་དགོས་པ་ཞིག་ནི་འོག་གི་གླིང་བཅུ་བཞི་པོ་ཐམས་ཅད་སློབ་གླིང་རང་ནི་མ་ཡིན་ནོ།   །
          དང་པོ་ཤར་སྒོ་འཇམ་དཔལ་གླིང་།   འདི་ནི་གཙོ་བོ་སྨན་རྩིས་བསྒྱུར་ས་ཡིན་ཏེ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིསྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པའི་ཤོག་ངོས་ཉིས་བརྒྱ་དང་བཅུ་མེད་གསུམ་པའི་ངོར།  ཤར་སྒོ་འཇམ་དཔལ་གླིང་དུ་རྩིས་སྨན་བསྒྱུར༔  རྒྱ་ནག་སློབ་དཔོན་ཧྭ་ར་ནག་པོ་དང་༔ ཧྭ་ཤང་མ་ཧཱ་ཡཱ་ན་སཱུ་ཏ྄་དང་༔  མ་ཧཱ་ར་ཛ་མ་ཧཱ་དེ་བ་དང་༔  ལོ་ཙཱ་བི་རྗེ་བཙུན་པ་ཤི་ལ་སོགས༔  བོད་ཀྱི་མཁས་པ་མི་བཞིས་ནག་རྩིས་བསྒྱུར༔  སྔ་འགྱུར་རྒྱ་མོ་ཀོང་ཇོས་བསྒྱུར་བ་ཡིན༔  ཞེས་སོགས་གསུངས་པའི་ཕྱིར།  གཞན་ཡང་།  དེབ་དེའི་ཤོག་ངོས་ཉིས་བརྒྱ་དང་བཅུ་མེད་བཞིའི་ངོར།  འཇམ་དཔལ་གླིང་དུ་མདོ་སྔགས་འཆད་ཉན་བཙུགས༔ ཞེས་གསུངས་པས་གླིང་འདིར་ཆོས་འཆད་ཉན་ཡང་བྱེད་བཞིན་ཡོད་པར་འདུག་ལ།  དེ་ཡང་ཆོས་འཆད་པ་པོའི་གཙོ་བོ་ནི་རྒྱ་ནག་གི་སློབ་དཔོན་རྣམས་ཀྱིས་འཆད་པ་ཡིན་ནམ་སྙམ་སྟེ།  གླིང་འདིར་ཡིག་བསྒྱུར་བྱ་ཚུལ་འཆད་སྐབས་རྒྱ་ནག་གི་སློབ་དཔོན་དག་གླིང་འདིར་བཞུགས་པར་བཤད་པའི་ཕྱིར་རོ།  །དེས་ན་འདི་ལྟར་ཡང་བསམས་ཏེ།   རྒྱ་ནག་གི་སློབ་དཔོན་དག་གིས་གླིང་འདིར་ཆོས་འཆད་ལ།   སློབ་དཔོན་པདྨ་དང་མཁན་པོ་སོགས་ཀྱིས་གླིང་གཞན་དུ་ཆོས་འཆད་བཞིན་ཡོད་པས་སློབ་བརྒྱུད་སོ་སོར་སོང་ཞིང་།  རྗེས་སུ་ལྟ་གྲུབ་ཀྱི་རྩོད་པ་ཆེན་མོ་དེའང་སློབ་གླིང་མི་འདྲ་བའི་བར་གྱི་རྩོད་པ་ཞིག་མིན་ནམ་སྙམ་མོ།  །
        གཉིས་པ་རྣམ་དག་ཁྲིམས་ཁང་གླིང་།   འདི་ནི་གླེགས་ཤིང་དང་། གླེགས་ཐག  ཤོག་བུ།  ཆོས་ཆབ་སོགས་ཀྱི་མཐུན་རྐྱེན་སྦྱར་ས་དང་།  གཞུང་ལུགས་བསྒྱུར་ཚུལ་གྱི་གྲོས་བསྡུར་བྱ་ས།  ཆོས་ཀྱི་སྡེའི་ཁྲིམས་གཏན་ལ་འབེབ་ས་བཅས་ཡིན་པར་སྣང་སྟེ།  བཀའ་ཐང་ཤོག་ངོས་བརྒྱ་དང་དགུ་བཅུ་གོ་དགུའི་ངོར།  དེ་ནས་ལོ་པཎ་ཁྲིམས་ཁང་གླིང་དུ་བྱོན༔ རྒྱལ་པོས་མོན་ལ་ཤོག་བུ་སྡུད་དུ་བཏང་༔ འབངས་རྣམས་རྒྱ་ནག་ཙན་དན་ཤིང་འདྲེན་བཅུག༔  མངའ་འོག་ཀུན་ལ་ཟངས་ལྕགས་ཀོ་བ་བསྡུས༔  ཡིག་མཁན་ཤིང་བཟོ་མགར་བ་མཉེད་མཁན་བཀོལ༔  ཐམས་ཅད་དུས་གང་གཅིག་ལ་ཟིན་པར་བྱས༔  ཞེས་དང་། ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  རྣམ་དག་ཁྲིམས་ཁང་གླིང་དུ་ཆོས་ཁྲིམས་བཅས༔  ཞེས་གསུངས་པའི་ཕྱིར་རོ།    །འདིར་བཤད་སྟངས་མི་འདྲ་བ་ཞིག་ནི་བུ་སྟོན་ཆོས་འབྱུང་ཤོག་ངོས་བརྒྱ་དང་བརྒྱད་ཅུ་གྱ་བདུན་པའི་ངོར།  ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་།  དཱ་ན་ཤཱི་ལ་ལ་སོགས་པས་རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་ཕོག   ཅེས་དང་།  པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།  རྣམ་དག་ཁྲིམས་ཁང་གླིང་དུ་རབ་བྱུང་བྱེད། ཅེས་གསུངས་ཤིང་།  གོང་གི་བཀའ་ཐང་དུ།  རྣམ་དག་ཁྲིམས་ཁང་གླིང་དུ་ཆོས་ཁྲིམས་བཅས༔  བརྡ་སྦྱོར་ཚང་མང་གླིང་དུ་རབ་ཏུ་འབྱུང་༔   ཞེས་འབྱུང་བ་འདི་ཡིན།  འདིར་ནི་བཀའ་ཐང་ལྟར་བྲིས་པ་ཡིན་ལ།  བུ་སྟོན་དང་པཎྚི་ཏ་གཉིས་ཀྱིས་ནི།   རྣམ་དག་ཁྲིམས་ཁང་གླིང་ཞེས་པའི་མིང་ལ་བསམས་ཏེ་གསུངས་པ་མིན་ནམ་སྙམ།
       གསུམ་པ་བརྡ་སྦྱོར་ཚང་མང་གླིང་།    འདི་ནི་རབ་བྱུང་བསྒྲུབ་སའི་གནས་ཏེ།   བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  བརྡ་སྦྱོར་ཚང་མང་གླིང་དུ་རབ་ཏུ་འབྱུང་༔  ཞེས་གསུངས་པའི་ཕྱིར་རོ།  །འདིར་ཡང་བུ་སྟོན་ཆོས་འབྱུང་ཤོག་ངོས་བརྒྱ་དང་གྱ་བདུན་པའི་ངོར།  བརྡ་སྦྱོར་ཚངས་པའི་གླིང་དུ་བརྡ་སྦྱོར།   ཞེས་དང་།  པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།  བརྡ་སྦྱོར་ཚངས་དབང་གླིང་དུ་རྡ་སྦྱོར་བྱེད་ཏེ།   ཞེས་གསུངས་པའང་བརྡ་སྦྱོར་ཞེས་པའི་མིང་ལ་བསམས་ཏེ་བྲིས་པར་སྣང་ངོ་།   །འོ་ན་འདི་རབ་བྱུང་བསྒྲུབ་ས་ཡིན་ན་བརྡ་སྦྱོར་ཚང་མང་གླིང་ཞེས་མིང་བཏགས་དགོས་དོན་ཅི་ཞེ་ན།   ཆོ་གའི་བརྡ་ལ་བརྟེན་ནས་རབ་བྱུང་བསྒྲུབ་ས་ཡིན་པས་དེ་ལྟར་བཏགས་པ་མིན་ནམ་སྙམ་ཏེ་དཔྱད་པར་བྱའོ།   །
     བཞི་པ་ཨཱརྱ་པ་ལོའི་གླིང་།  འདི་ནི་མ་འོངས་ལུང་བསྟན་ཀྱི་སྐོར་བསྒྱུར་ས་དང་། དཀོན་མཆོག་ལ་མཆོད་པ་འབུལ་ས་བཅས་ཡིན་པར་སྣང་སྟེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་དང་བཅུ་མེད་བཞི་པའི་ངོར།  ཨཱརྱ་པ་ལོའི་གླིང་དུ་ལུང་བསྟན་བསྒྱུར༔  ཅེས་དང་། ཨཱརྱ་པ་གླིང་སྒྲིབ་སྤྱོད་ཚོགས་གཉིས་སྤེལ༔    ཞེས་གསུངས་པའི་ཕྱིར་རོ།   །
       ལྔ་པ་སྒྲ་བསྒྱུར་གླིང་།  འདིར་ནི་མདོ་སྔགས་ཀྱི་ཆོས་གཞུང་རྣམས་བསྒྱུར་ས་ཡིན་ཏེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  སྒྲ་བསྒྱུར་གླིང་དུ་མདོ་སྔགས་ཆོས་རྣམས་བསྒྱུར༔  ཅེས་དང་། པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།    སྒྲ་བསྒྱུར་ལོ་ཙྪ་གླིང་དུ་སྒྲ་བསྒྱུར།  ཅེས་གསུངས་པའི་ཕྱིར་རོ།   །
      དྲུག་པ་སྔགས་པ་གླིང་། འདི་དབང་སྐུར་ས་དང་།  མཚམས་བསྙེན་སྒྲུབ།  རིམ་གྲོ་སྒྲུབ་ས་བཅས་ཡིན་པར་སྣང་ཏེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  སྔགས་པ་གླིང་དུ་འགལ་རྐྱེན་བར་ཆད་བསྲུང་༔ ཞེས་དང་།    བུ་སྟོན་ཆོས་འབྱུང་ཤོག་ངོས་བརྒྱ་དང་བརྒྱད་ཅུ་གྱ་བདུན་པའི་ངོར།  སྔགས་འཆང་དྷརྨ་ཀིརྟི་ཞེས་པ་སྤྱན་དྲངས་ཏེ་ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར།   ཅེས་གསུངས་པའི་ཕྱིར་རོ།  །
     བདུན་པ་བྱམས་པ་གླིང་།  འདི་ནི་སློབ་དཔོན་པདྨ་སོགས་ཀྱིས་ཆོས་ཀྱི་འཆད་ཉན་མཛད་ས་དང་།  མ་འོངས་ལུང་བསྟན་གནང་ས་ཡིན་པར་སྣང་སྟེ།   བཀའ་ཐང་ཤོག་ངོས་བརྒྱ་དང་བཅུ་མེད་གསུམ་པའི་ངོར།  དེ་ནས་བྱམས་པ་གླིང་དུ་འཆད་ཉན་བྱེད༔  ཅེས་དང་།  ཤོག་ངོས་བརྒྱ་དང་བཅུ་མེད་བཞི་པའི་ངོར།  བྱམས་པ་གླིང་དུ་ལུང་བསྟན་དབུགས་དབྱུང་མཛད༔  ཅེས་དང།   པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།      དགའ་ལྡན་བྱམས་པ་གླིང་དུ་ལུང་སྟོན།  ཞེས་གསུངས་པའི་ཕྱིར་རོ།  །
         བརྒྱད་པ་བྱང་ཆུབ་གླིང་། འདི་ནི་ཐེག་པ་ཆེན་པོའི་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་བསྒོམ་སའི་གནས་ཡིན་པར་སྣང་སྟེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  བྱང་ཆུབ་གླིང་དུ་ཐེག་ཆེན་སེམས་གཉིས་བསྐྱེད༔ ཅེས་དང་། པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།    བླ་མེད་བྱང་ཆུབ་གླིང་དུ་སེམས་བསྐྱེད།  ཅེས་གསུངས་པའི་ཕྱིར་རོ།  །
     དགུ་པ་བཻ་རོ་ཙ་ནའི་གླིང་།  འདི་ནི་བསྒྱུར་ཟིན་པའི་སྡེ་སྣོད་ལ་ཞུ་དག་བྱེད་ས་ཡིན་སྟེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  བཻ་ཙའི་གླིང་དུ་སྡེ་སྣོད་ཞུ་དག་བྱེད༔ ཅེས་གསུངས་པའི་ཕྱིར་ལོ།   །བུ་སྟོན་ཆོས་འབྱུང་ཤོག་ངོས་བརྒྱ་དང་བརྒྱད་ཅུ་གྱ་བདུན་པའི་ངོར། བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ།  ཞེས་ཀྱང་གསུངས།
       བཅུ་པ་བསམ་གཏན་གླིང་།  འདི་ནི་ཞི་གནས་སྒོམ་ས་སྟེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  བསམ་གཏན་གླིང་དུ་མི་གཡོ་ཏིང་འཛིན་བསྒོམ༔  ཞེས་དང་།  བུ་སྟོན་ཆོས་འབྱུང་ཤོག་ངོས་བརྒྱ་དང་བརྒྱད་ཅུ་གྱ་བདུན་པའི་ངོར།  རྒྱའི་ཧྭ་ཤང་ལ་སོགས་པས་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད།  ཅེས་གསུངས་སོ།  ། བསམ་གཏན་གླིང་དུ་མི་གཡོ་ཏིང་འཛིན་བསྒོམ༔  ཞེས་དང་།  བྱང་ཆུབ་གླིང་དུ་ཐེག་ཆེན་སེམས་གཉིས་བསྐྱེད༔ ཅེས་གསུངས་པས་སྐབས་དེར་བསྒོམ་བྱའི་དོན་སོ་སོ་ལ་ལྟོས་ནས་སྒོམ་གནས་སོ་སོར་ཡོད་པར་མངོན།
       བཅུ་གཅིག་པ་སྣ་ཚོགས་གླིང་།   འདི་ནི་འཇམ་དཔལ་གླིང་དང་སྒྲ་བསྒྱུར་གླིང་སོགས་ནས་བསྒྱུར་བའི་གཞུང་ཐམས་ཅད་འདིར་བསྡུས་ཏེ་རིག་ཚན་སོ་སོར་དགར་ས་ཡིན་ཏེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།  སྣ་ཚོགས་གླིང་དུ་ཐེག་པའི་གོ་རིམ་འབྱེད༔   ཞེས་དང་།  པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།   རིན་ཆེན་སྣ་ཚོགས་གླིང་དུ། ཆོས་མི་ནུབ་པའི་རྒྱལ་མཚན་དང་།  མཆོད་པ་རིན་པོ་ཆེའི་ཕྲེང་བ་བཀོད།  ཅེས་གསུངས་སོ།  །སྣ་ཚོགས་གླིང་ཞེས་འདོགས་པའི་རྒྱུ་མཚན་ཡང་སྒྲ་བསྒྱུར་གླིང་སོགས་ནས་བསྒྱུར་བའི་གཞུང་སྣ་ཚོགས་པ་ཐམས་ཅད་འདིར་བསྡུས་ནས་སྡེ་ཚན་སོ་སོར་དགར་བཞིན་ཡོད་པས་ན་དེ་ལྟར་བཏགས་པ་མིན་ནམ་སྙམ།
    བཅུ་གཉིས་པ་ཚང་མང་ཀེ་རུ་གླིང་།   འདི་ནི་པཎྚི་ཏ་དང་ལོ་ཙཱ་བ་དག་གིས་གདུགས་ཚོད་སྤྱོད་ས་ཡིན་ཏེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།   ཚང་མང་ཀེ་རུར་དགེ་འདུན་གདུག་ཚོད་སྤྱོད༔  ཅེས་གསུངས་པའོ།  །
          བཅུ་གསུམ་པ་མཐུ་རྩལ་ཀླུ་གླིང་།  འདི་ནི་མཐུ་གཏད་དང་ངན་སྔགས་གི་རིགས་རྣམས་བསྒྱུར་ས་ཡིན་ཏེ།  བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།མཐུ་རྩལ་གླུ་གླིང་མཐུ་གཏད་ངན་སྔགས་བསྒྱུར༔  ཅེས་གསུངས་པའི་ཕྱིར་རོ།  །
       བཅུ་བཞི་པ་དཀོར་མཛོད་པེ་ཧར་གླིང་།   འདི་ནི་ཆོས་ཀྱི་གླེགས་བམ་རྩིག་ས་དང་།  ནོར་རྫས་འཇོག་ས་ཡིན་ཏེ།   བཀའ་ཐང་ཤོག་ངོས་ཉིས་བརྒྱ་བཅུ་མེད་བཞིའི་ངོར།   དཀོར་མཛོད་ཉི་ཤུ་ཆོས་ནོར་བཙས་ཀྱིས་གཏམས༔   ཞེས་དང་།   བུ་སྟོན་ཆོས་འབྱུང་ཤོག་ངོས་བརྒྱ་དང་བརྒྱད་ཅུ་གྱ་བདུན་པའི་ངོར།  དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག  ཅེས་དང་།  པཎྚི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་ཤོག་ངོས་དགུ་བཅུ་གོ་བདུན་པའི་ངོར།   རིན་ཆེན་ནོར་བུ་དབྱིག་མཛོད་པེ་ཧར་གླིང་དུ་དཀོར་ནོར་བརྩིགས་ཏེ།      ཞེས་གསུངས་པའོ།   །

  གཉིས་པ་ཟངས་མདོག་དཔལ་རི་གང་དུ་ཡོད་མེད།

   དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཁོང་བོད་དུ་བཞུགས་ཡུན་ལ་ཟླ་བ་བཅོ་བརྒྱད་དུ་འདོད་པ་དང་། ལོ་དྲུག་དང་། ལོ་བཅུ་གཉིས་དང་། ལོ་བཅོ་བརྒྱད་དང་། ལོ་ལྔ་བཅུར་འདོད་པ་སོགས་འདོད་ཚུལ་མང་མོད་དེ་དག་གི་རྣམ་གཞག་འདིར་མི་བཤད།    མདོར་ན་རང་ཉིད་བོད་དུ་ཕེབས་པའི་ཉིང་དགོས་མཐའ་དག་བསྒྲུབས་ཏེ་མཐར་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཞུད་ཅིང་ཟངས་མདོག་དཔལ་གྱི་རི་བོར་བཞུགས་པར་བཤད། འོ་ན་ལྷོ་ནུབ་སྲིན་པོའི་ཡུལ་དང་ཟངས་མདོག་དཔལ་རི་བྱ་བ་གང་དུ་ཡོད་ཅེ་ན། བོད་ཡུལ་གྱི་ལྷོ་ནུབ་མཚམས་སུ་ཡོད་པའི་སེངྒ་ལའི་གླིང་ནི་ལྷོ་ནུབ་སྲིན་པོའི་ཡུལ་དང་ཟངས་མདོག་དཔལ་རི་ནི་གླིང་དེའི་ཤྲི་མལཡཱ་བྱ་བའི་རི་བོ་དེ་ཡིན་པར་སྒྲུབ་བྱེད་ཁ་ཤས་མཐོང་བས་འོག་ཏུ་དོན་ཚན་གསུམ་གྱི་སྒོ་ནས་བཤད་པར་བྱའོ།  །
དང་པོ།   སེངྒ་ལ་སྤྱིར་སྲིན་པོའི་གནས་ཡིན་པའི་སྒྲུབ་བྱེད་གསུམ་སྟེ།
   ༡ སློབ་དཔོན་ཡེ་ཤེས་བཟང་པོས་མཛད་པའི་ལང་གཤེགས་འགྲེལ་པར། དེ་ལ་ཡང་དེའི་ཚེ་ན་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་གདུལ་བའི་དོན་དུ་ཟབ་མོ་ཉེ་བར་བསྟན་ནས་ཡང་སྲིན་པོའི་རྒྱལ་པོ་གདུལ་བའི་དོན་དུ་སྟོན་ཞེས་པ་བསྡུ་བའི་ཚིག་གོ །ཞེས་གསུངས་པས་བདག་ཅག་གི་སྟོན་པ་སྲིན་པོ་གདུལ་ཆེད་དུ་སེངྒ་ལར་བྱོན་ཞིང་ལངྐར་གཤེགས་པའི་མདོ་སྲིན་རྒྱལ་སོགས་ལ་གསུངས་པ་ཡང་ལང་གཤེགས་རང་དུ་གསལ་ཏེ། མདོ་དེ་ཉིད་ལས། བདག་ནི་འབོད་འགྲོགས་མགྲིན་བཅུ་སྟེ། །སྲིན་པོའི་དབང་པོ་འདིར་མཆིས་སོ། །གྲོང་རྡལ་འདི་ན་སུ་གནས་དང་། །བདག་གི་ལངྐ་རྗེས་སུ་ཟུང་། །ཞེས་གསུངས་ཤིང་དབང་པོ་ནི་དབང་བསྒྱུར་བའི་དོན་ཡིན་པས། སྲིན་པོའི་དབང་པོ་བྱ་བ་ནི་སྲིན་པོ་ལ་དབང་བསྒྱུར་བ་སྟེ་སྲིན་པོའི་རྒྱལ་བོའི་དོན་ཡིན།
 ༢ སེངྒ་ལ་ནི་སྲིན་པོའི་ཡུལ་ཡིན་པ་དང་སྟོན་པས་ལངྐར་གཤེགས་པའི་མདོ་གནས་འདིར་གསུངས་པ་ཐང་བཙུན་པའི་ལམ་ཡིག་ལས་ཀྱང་། ཡུལ་དེའི་ཤར་ལྷོའི་མཚམས་སུ་རི་བོ་ལངྐ་ཡོད། དེ་ཤིན་ཏུ་འགྲོ་དཀའ་བ་སྲིན་པོའི་གནས་ཏེ། འབྱུང་པོའི་ཁང་ཁྱིམ་དག་ཡོད་ཅིང་། སྔོན་སྟོན་པས་གནས་འདིར་ལངྐར་གཤེགས་པའི་མདོ་གསུངས། ཞེས་དང་། ཕྱི་ལོ༦༢༩ནས༦༤༥བར་གྱི་ལོ་བཅུ་དྲུག་གི་ཡུན་དུ་རྒྱ་གར་དང་སེངྒལ་སོགས་ཉུལ་བའི་རྒྱའི་བཙུན་པ་ཆོས་སྣང་གི་ལམ་ཡིག་ཏུ་ཡང་སེངྒ་ལ་རུ་ཐོག་མར་མིའི་འགྲོ་བ་མེད་པར་ཐམས་ཅད་སྲིན་པོ་ཁོ་ནས་བཟུང་ནས་གནས་པར་བཤད་འདུག
 ༣ གསེར་ཐང་ལས། དེ་ལ་གླིང་འདིའི་མིང་ཆེས་གྲགས་ཆེ་བ་ནི། ལངྐ་བྱ་བ་ཡིན་ཞེས་གསུངས་པས་སེངྒ་ལའི་གྲགས་ཆེ་བའི་མིང་ནི་ལངྐ་བྱ་བ་ཡིན་ལ། ལངྐ་ནི་སྲིན་པོའི་དོན་ཡིན་ལ། རཱ་མ་ཎའི་རྟོགས་བརྗོད་ལས་ཀྱང་སེངྒ་ལའི་སྲིན་པོ་དང་དགའ་བྱེད་ཀྱི་དམག་ཕན་ཚུན་འཐབ་པར་གསུངས།
     གཉིས་པ།   བྱེ་བྲག་གུ་རུ་རིན་པོ་བྱོན་སའི་ལྷོ་ནུབ་སྲིན་ཡུལ་ཡིན་པའི་སྒྲུབ་བྱེད་ནི།    ལེའུ་བདུན་མ་ལས།   འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔   ཞེས་འབྱུང་བས་ཟངས་མདོག་དཔལ་རི་ནི་བོད་ཀྱི་ལྷོ་ནུབ་མཚམས་སུ་ཡོད་ལ་སེངྒ་ལའང་བོད་ཀྱི་ལྷོ་ནུབ་ཏུ་ཡོད་པས་ཕྱོགས་ཀྱི་ཆ་ནས་མི་མཐུན་པ་མེད་པ་མ་ཟད།   གོང་དུ་དྲངས་པའི་བཀའ་ཐང་ལས་གུང་ཐང་ལ་ཁར་སྐྱེལ་མ་བྱེད་མཁན་གྱི་རྒྱལ་བློན་དག་ལ། ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ༔ ཞེས་དང་། ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ༔ ཞེས་གསུང་མཁན་ནི་སློབ་དཔོན་པདྨ་རང་ཉིད་ཡིན་པས་བོད་ཡུལ་ནས་གཤེགས་ཏེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ངེས་པར་ཕེབས་དགོས་ལ། ཕེབས་ས་ནི་སེངྒ་ལ་ཡིན་ཏེ།   གོང་དུ་དྲངས་པའི་བཀའ་ཐང་གི་སྲིན་ཡུལ་དུ་གཤེགས་པའི་ལེའུར། སེངྒ་ལ་གླིང་ལྕགས་ཀྱི་གྲོང་ཁྱེར་འགྲམ༔ ལྗོན་ཤིང་ཙམ་པ་ཀ་ཡི་བསིལ་གྲིབ་བཞུགས༔ ཅང་ཤེས་རྟ་མཆོག་གསེར་གྱི་བྱེ་མ་འདྲེ༔ སྨན་གྱི་རྒྱལ་པོ་སི་ཏ་ཟ་བ་མཐོང་༔ སློབ་དཔོན་དྲུང་ན་སྲིན་པོའི་བུ་མོ་ནི༔ རབ་མཛེས་གཞོན་ནུ་སྟོང་ཕྲག་གཅིག་འདུས་ནས༔ ཆོས་ཀྱི་འོད་ཟེར་ཕོག་ནས་མོས་པ་མཐོང་༔ སྲིན་པོ་སྲིན་མོ་ལྕགས་ཁང་སྒོ་མེད་དུ༔ སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་དུ་བཞུགས༔ སྲིན་པོ་ཐམས་ཅད་འདུད་ཅིང་གུས་པར་མཐོང་༔ ཞེས་གསུངས་པས་སོ། །དེས་ན་གལ་ཏེ་སེངྒ་ལ་སྲིན་ཡུལ་མ་ཡིན་ན་སློབ་དཔོན་པདྨས་སྲིན་ཡུལ་དུ་གཤེགས་པར་ཞལ་གྱིས་བཞེས་ཏེ་སྲིན་ཡུལ་དུ་མ་བྱོན་པར་སེངྒ་ལར་ཕེབས་དགོས་དོན་མེད་ལ། སྲིན་ཡུལ་དུ་ཕེབས་དགོས་པར་གསུངས་དོན་ཡང་མེད།
 གསུམ་པ་ཟངས་མདོག་དཔལ་རི་ངོས་བཟུང་བ་ནི།
སེངྒ་ལའི་གླིང་གི་ཤྲི་མལཡཱ་ཞེས་པའི་རི་དེ་ཟངས་མདོག་དཔལ་རི་ཡིན་ཏེ།   ཟངས་མདོག་དཔལ་རི་ཞེས་པའི་ཟངས་མདོག་ནི་ཟངས་ཀྱི་མདོག་དང་ལྡན་པའི་གླིང་གི་རི་ཡིན་པས་ཟངས་མདོག་ཅེས་གླིང་གི་མིང་ལས་ཐོགས་པར་སྣང་སྟེ། སིངྒལའི་སྐོར་གྱི་གསེར་ཐང་ལས། ཤར་ལྷོའི་ངོས་ཀྱི་རྒྱ་མཚོའི་ཕྱོགས་ཀུན་ས་དམར་སྐྱ་ཧལ་ལེ་བ་ཡོད་པས་རོཧིནི་ཡང་དམར་མོ་བྱ་བ་སྟེ་དེ་ལ་ཟེར་བ་འདུག ཞེས་དང་། དེ་བཞིན་ཏཱམྲདྭིཔ་སྟེ་ཟངས་གླིང་ཡང་འདི་ལ་ཟེར་བ། རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ན་ཡང་གསལ་ལ། ཁོང་དག་ལ་ཡང་རྒྱུས་འདུག ཞེས་གསུངས་པས་སོ། །དཔལ་གྱི་རི་ཞེས་པ་ནི་ཤྲིམལཡཱ་བྱ་བའི་དོན་འགྱུར་ཏེ། གསེར་ཐང་ལས། སྤྱིར་མལཡཱ་བྱ་བ་ཏ་མི་ལའི་སྐད་དེ་རིའི་མིང་ཙམ་ཡིན་ཅིང་ཏྲཱིམལཡཱ་བྱ་བ་ཡང་དེ་དག་གི་སྐད་དེ་ཤྲིམལཡྰ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན། ཞེས་གསུངས་པའི་ཕྱིར་རོ། །
         ཐོས་པའི་ཡལ་ག་བསགས་པའི་བུ་ཆུང་ངས།  །
        གངས་རིའི་མུ་ཁྱུད་བརྒལ་ལ་མ་ལྟོས་པར།  །
        ཕྲ་རགས་དཔྱོད་པའི་བློ་ཡི་སྣང་བ་ཡིས།   །
        ལྷོ་ནུབ་སྲིན་ཡུལ་གསར་དུ་རྙེད་འདི་མཚར།  །
                                           2019/1/1

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=822