གཅིག
ལོ་གསུམ་གྱི་སྔོན་ལ། སྐྱབས་མགོན་ཚང་གིས་རྟ་ཐང་ལུང་བར་དབང་གསུངས་དུས“འགྲོ་བ་གང་ལ་ཕྱིར་འཁོར་བའི་མི་ལུས་ཐོབ་ཚེ་སྐྱེས་བ་སྔོན་མའི་ཕ་མ་དང་བུ་ཕྲུག་ལ་ཐེངས་གཅིག་འཕྲད་པའི་བསྐལ་བ་ལྡན་ཡང་བསྐལ་བ་དེ་ལ་དགེ་བའི་ཚོགས་བསགས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྲུབ་དགོས”ཞེས་གསུངས་པ་ཨ་མ་གྲོ་གྲོ་གཅིག་པུ་མིན་པར་སྡེ་མི་ཚང་མས་དེ་ལྟར་ཐོས་ཡོད།ནངས་སྐྱ་རེངས་མ་ཤར་སྔོན་དང་དགོང་མུན་པས་མ་གཡོགས་བར་དུ་སྡེ་བའི་རྒན་རྒོན་རྣམས་ཀྱིས་དགོན་པ་དང་མ་ཎི་ཁང་སོགས་ན་ཕྱག་སྐོར་དང་མ་ཎི་ཚར་འདོན་བྱེད་པར་བལྟས་ན་སྐྱབས་མགོན་ཚང་ནས་གསུངས་པའི་དགེ་བའི་ཚོགས་བསྒྲུབ་དེ་ཁོང་ཚོས་འདི་དག་ལ་གོ་བཞིན་འདུགལྷག་ཏུ་མོ་ལོ་དྲུག་བཅུ་བརྒལ་པའི་ཨ་མ་གྲོ་གྲོས་ལམ་རིང་ཐུང་གི་དཀའ་ངལ་ལ་མ་འཛེམ་པར་ལོ་སྔོན་མའི་དཔྱིད་མགོ་ཚེས་དུས་སུ་ལྷ་སར་ཕྱག་མཇལ་བྱས་ཤིང་ད་ལོའི་སྟོན་མཇུག་ལ་ཕྱིར་ལོག་པའི་གནས་ཚུལ་ནི་སྡེ་བ་ཕྱི་ནང་གཉིས་ཀས་ཉན་སའི་གཏམ་དང་བཤད་སའི་དཔེར་གྱུར་ཡོད།
གཉིས།
གཤིན་རྗེ་ནི་བྱ་བར་འཐུས་ཤོར་མི་གཏོང་པའི་རྗེ་བོ་རྣལ་མ་ཞིག་ཡིན་པས་ཁོས་ཨ་མ་གྲོ་གྲོའི་མི་ཡུལ་གྱི་ལོ་ཚོད་ལོངས་ཡོད་པ་མཐོང་སྟེ།ཏག་ཏག་རླངས་འཁོར་གྱི་དུང་སྒྲ་སྒྲོག་བཞིན་སྐྱེས་པ་ཞིག་གི་རྣམ་ཤེས་ཁྲིད་འོང་མཁན་གྱི་རྡེའུ་དཀར་ནག་གཉིས་ལ་ཇ་ཡུན་ཙམ་གྱི་ཁོམ་ལོང་ཡང་མ་བྱིན་པར་ཕྱིར་ཨ་མ་གྲོ་གྲོའི་རྣམ་ཤེས་ཀྱི་རྗེས་སུ་མངགས་པར།རྡེའུ་དཀར་པོས་ཚེར་སྐད་ཅིག་སྒྲོག་བཞིན་ཐོ་བཀོད་ཟིན་པའི་ཤོག་བུ་ངོས་གཙང་ཅན་ཞིག་གཤིན་རྗེ་ལ་སྤྲད་རྗེས“རྗེ་བོ་ལགས། འདི་སྐྱེས་པ་འདིའི‘རྒྱུ་འབྲས་རེའུ་མིག’ཡིན། དེ་ཡང་། སང་ཉིན་ནི་དམྱལ་ཁམས་ཀྱི་སྤྲོ་ཚོགས་དུས་ཆེན་ཡིན་པས་ནག་པོ་དང་ངེད་གཉིས་ལ་གནང་བ་སྟེར་རོགས།ངེད་གཉིས་དེ་རིང་གྲང་དམྱལ་ཡུལ་ལ་འགྲོ་དོན་ཞིག་ཡོད་ལགས།”ཞེས་བཤད་རྗེས་སྔོན་མར་གྲང་དམྱལ་ཡུལ་གྱི་འགྲོ་བ་འགའ་དང་དུས་བཅད་བྱས་ཡོད་པ་ཡིད་ལ་དྲན་པ་དང་མྱུར་བར་འགྲོ་འདོད་ཀྱི་འདུན་པ་ཞིག་ཀྱང་སྐྱེས།འོན་ཀྱང་། གཤིན་རྗེ་ཡིས་ཁོ་གཉིས་ལ་སྡང་མིག་ཅིག་བགྲད་དེ་གཞུང་ཡིག་ལ་ལྟ་བ་ལས་ཁོ་གཉིས་ལ་ཨ་ལན་ཅི་ཡང་མ་བྱིན།རྡེའུ་དཀར་པོས་རྡེའུ་ནག་པོ་ལ་ཁྱོས་ཀྱང་ཞུ་བ་བྱོས་དང་ཟེར་བའི་བརྡ་བསྟན་པར་རྡེའུ་ནག་པོས་ངུ་རྨུགས་ཤིག་བྱས་ཏེ“རྗེ་བོ་ལགས། དམྱལ་ཁམས་ཀྱི་སྤྲོ་ཚོགས་དུས་ཆེན་ནི་ལོ་བཅུའི་ནང་ཐེངས་གཅིག་ལས་མེད་པས་ངེད་གཉིས་ལ་གནང་བ་སྟེར་རོགས།”ཞེས་ལྕེ་བསྣར་བཞིན་བཤད་པར།གཤིན་རྗེའི་གདོང་ནི་དམར་ནག་ཏུ་གྱུར་ཏེ“ཁྱེད་གཉིས་ལ་ལོ་འདིའི་གླ་ཆ་མི་དགོས་ཟེར་ན་རང་གཉིས་སྡོད་ཅིག”ཅེས་ཧ་ཅང་ཁྲོ་བའི་གདངས་ཀྱིས་བཤད་པར།རྡེའུ་དཀར་པོས་ད་ནི་རེ་བ་མི་འདུག་སྙམ་སྟེ་ཨ་མ་གྲོ་གྲོའི་རྗེས་སུ་སོང་།
གསུམ།
ཨ་མ་གྲོ་གྲོ་གཉིད་ལས་སད་རྗེས།(མོས་རང་ཉིད་ཚེ་ལས་འདས་པ་ཤེས་མེད)ཁོང་ཚང་གི་ཁང་ཀླད་ནི་ཆུ་ཤེལ་གྱིས་བཟོས་པ་ལྟར་ཕྱིའི་ལྗོངས་རྣམ་མཐོང་ཐུབ་པ་དང་ནམ་མཁའི་མཐོངས་སུ་སྐར་མ་རྣམས་ཕྲ་ཆིལ་ལེར་ཤར་བ་ནི་ལག་པས་སྙོབ་ཐུབ་པ་ལྟར་འདུག་ལ།ཕྱོགས་བཞིའི་སྤྲིན་ཕུང་དག་ནི་མར་ཁུའི་མདོག་ལྟར་སེར་པོ་འོད་མདངས་ཅན་དང་།ཆུ་ཤེལ་ཟླ་བ་ནི་ཚེས་བཅོ་ལྔ་ལས་ཀྱང་ལྷག་ཏུ་ཆེར་སྣང་སྟེ་ནུབ་རིའི་རྩེ་ན་མར་འཕགས་པ་མཐོང་པས་ཨ་མ་གྲོ་གྲོས་ཧ་ཅང་ཡ་མཚན་ངང“བྱིས་པ་གཉིས་ཀཁྱེད་གཉིས་མྱུར་བར་ཤོག་དང་།”ཞེས་སྐད་བརྒྱབ་ཀྱང་བུ་བུ་མོའི་སྐད་ལན་ཅི་ཡང་ཐོས་མ་བྱུང་།
རེ་ཞིག བུ་ཆེ་བ་རྐུན་པོ་ཞིག་དང་འདྲ་བར་ཚབ་ཚུབ་ཀྱིས་ཁང་མིག་ནང་འཛུལ་འོང་སྟེ་སྒོ་དལ་མོར་གཏན་རྗེས་དྲ་ཟུར་ནས་ཕྱིའི་གནས་ཚུལ་ལ་བལྟས་པར།ཨ་མ་གྲོ་གྲོས“བུ་ཆེ་བ།དོན་ཅི་བྱུང་སོང་།” ཟེར་བར་བུ་ཆེ་བས་ཨ་ལན་ཅི་ཡང་མི་སྟེར་བར་རྐང་འཇབ་ལག་འཇབ་དང་བཅས་ཨ་མ་གྲོ་གྲོའི་གམ་གྱི་སྒྲོམ་བུ་དེའི་ཁ་ཕྱེས་ཏེ་མོའི་ཆོས་སྒྲུབ་བྱེད་དུ་གསོག་པའི་དངུལ་སྒོར་དག་སྨྱོ་ཧམ་གྱིས་རུམ་ཏུ་བཅུག་པར།ཨ་མ་གྲོ་གྲོས“འདིས་ཅི་བྱེད་དམ”ཟེར་བཞིན་བུ་ཆེ་བ་ཤུགས་ཀྱིས་ཕར་འདེད་བྱས་ཀྱང་ཁོ་ལ་སྣང་དོགས་ཙམ་ཡང་མེད་པར་ཨ་མ་གྲོ་གྲོའི་གནས་ལ་ཡོང་སྐབས་བཏགས་མྱོང་པའི་གནའ་བྱུར་དེའང་རུམ་ཏུ་བཅུག་རྗེས་མྱུར་བར་སྒོར་སོང་།ཨ་མ་གྲོ་གྲོའི་སེམས་སུ་རང་གི་བུ་འདི་ཕོ་ལོ་སུམ་བཅུར་བུད་ཀྱང་ད་རུང་བྱིས་པ་བསམ་མེད་ཅིག་དང་འདྲ་བར་རང་དང་རྩེད་མོ་འདི་འདྲ་རྩེད་ནས་ཅི་བྱེད་སྙམ།གློ་བུར། བུ་མོ་ཆུང་བས་ངུ་སྐད་བར་ཁྱམས་སུ་གྲགས་འོང་བ་ན་ཨ་མ་གྲོ་གྲོ་མོའི་གམ་ཏུ་བཅར་བཞིན“ཁྱོད་ལ་དོན་ཅི་བྱུང་སོང་།”ཞེས་མགོ་བོར་བྱིལ་བྱིལ་བྱས་ཀྱང་བུ་མོ་ཆུང་བའི་ངུ་སྐད་ལྷག་ཏུ་ཇེ་ཆེར་སོང་བ་ལས་མོ་ལ་སྐད་ཅི་ཡང་མ་བཤད།
དུས་དེར།སྒོ་ཆེན་ཕྱི་རོལ་ཏུ་སྔགས་པ་ཁྲོ་ཁྲོས་བུ་ཆེ་བ་ལ“འདས་པོར་མཆོད་སྒྲུབ་ཅིག་ཀྱང་མ་བྱས་པར་ཁྱོས་ཅི་བྱེད་ནས་བསྡད།ཁྱོད་རང་སྔགས་པ་མིན་ནམ”ཞེས་སྡིགས་མོ་བྱེད་བཞིན་སྒོ་འགྲམ་གྱི་ཁང་མིག་ནང་སོང་བར། ཨ་མ་གྲོ་གྲོས“ཁྲོ་ཁྲོ། ངའི་བྱིས་པ་འདི་གཉིས་ལ་ནད་ཅི་ཕོགས་སོང་།”ཟེར་བཞིན་ཁོང་གཉིས་ཀྱི་གམ་ཏུ་བཅར་བར་མོ་རང་དངངས་སྐྲག་དང་བཅས་ཕྱིར་བསྣུར་བྱས་པ་ནི་མོས་རང་ཉིད་ཀྱི་ལུས་པོ་དེ་གར་ཉལ་ཡོད་པ་མཐོང་བ་རེད། སྔགས་པ་ཁྲོ་ཁྲོས་མོའི་བེམ་པོའི་སྟེང་དར་གོས་དཀར་བོ་ཞིག་གིས་གཡོགས་ཤིང་ལོགས་ཀྱི་ཅོག་ཙེ་ཆུང་ཆུང་དེའི་སྟེང་མར་མེ་རྐང་གཅིག་སྒྲོན་རྗེས། བུ་ཆེ་བ་ལ་མྱུར་བར་ཚ་གསུར་ཞོག་ཅེས་སྐད་བཤད། ཨ་མ་གྲོ་གྲོས་དེ་དག་མཐོང་རྗེས་ཐོག་མར་འདི་ཡོད་ཚད་རྨི་ལམ་རེད་བསམས་བཞིན་ཡིད་མ་ཆེས་ཤིང་བུ་ཆེ་བའི་རྗེས་སུ་སྙེག་ཏེ་ངུ་འབོད་བྱས་པ་དང་ཡང་བུ་མོ་ཆུང་བའི་གམ་དུ་བཅར་ཏེ“བུ་མོ།”ཞེས་མིག་ཆུ་ཤམ་ཤམ་དུ་བཞུར་ཡང་བྱིས་པ་གཉིས་ཀས་རང་སོ་ནས་བྱ་བ་རེ་བསྒྲུབ་པ་ལས་ཁོ་མོ་མཐོང་མི་འདུག
སྔགས་པ་ཁྲོ་ཁྲོས་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་སྒྲུབ་རྗེས་བུ་ཆེ་བ་ལ་ནན་བཤད་ཀྱིས“སྐྱབས་མགོན་རིན་པོ་ཆེ་ཚང་ངེས་པར་ཞུ་དགོས”ཞེས་བཤད་པར། བུ་ཆེ་བས “ཨ་ཁུ་ཁྲོ་ཁྲོ སྐྱབས་མགོན་རིན་པོ་ཆེ་ཚང་ཞུ་ན་འབུལ་བ་ཆེ་ཙམ་སྟེར་དགོས་རྒྱུ་རེད། ངེད་ཚང་ལ་འབུལ་བ་ཞིག་གང་ན་ཡོད།ཨ་མ་འགྲོ་སྐབས་དངུལ་སྒོར་གཅིག་ཀྱང་མེད་པས་་་”ཞེས་སྐད་ཆ་ཤོད་མ་ཐག་ཅུང་དོགས་མི་བདེ་བར་གྱུར་བ་དང་རང་གིས་ཨ་མའི་གསོག་དངུལ་ཡོད་ཚད་ཚལ་ཞིང་གི་དཀྱིལ་ན་འགྱིག་ཤོག་སྔོན་པོ་ཞིག་ནང་སྤས་ཡོད་པ་གཏིང་ནས་བརྗེད་པ་དང་འདྲ་པས། ཨ་མ་གྲོ་གྲོས་ཐོས་ཏེ་ཞེ་སྤོ་གཏིང་ནས་ལངས་ཤིང་དེ་གར་བཞག་པའི་དབྱུག་པ་ལེན་བརྩིས་བྱས་ཀྱང་ད་ནི་མི་ཡུལ་འདིའི་དངོས་པོ་གང་ཡང་རེག་འཛིན་བྱ་མི་ཐུབ་པ་ཤེས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར།རིམ་གྱིས་ཚ་གསུར་གྱི་དྲི་མ་ཐུལ་འོང་བ་ན་མོས་ཟས་རྒྱགས་ད་པ་ཞིག་བཟས་པ་ལྟར་བཀྲེས་ལྟོགས་ཀྱི་ཚོར་སྣང་མེད་པ་གྱུར་པས་མོས་རང་ཉིད་འདས་པའི་ལས་དབང་འདི་ཁས་མི་ལེན་ཀ་མེད་བྱུང་། ཡང་སྔགས་པ་ཁྲོ་ཁྲོས་བུ་ཆེ་བ་ལ“སྔོན་ལ་སྐྱབས་མགོན་ཚང་དང་གྲྭ་བ་རྣམས་གདན་ཞུ་བྱེད་དུ་སོང་།དེ་ནས་བུ་མོ་འབྲིང་བ་དང་བུ་ཆུང་བ་གཉིས་ལའང་བརྡ་ཐོངས། ཁོང་གཉིས་ཡོང་སྐབས་འབུལ་བ་གྲ་སྒྲིག་བྱེད་དགོས་ཞེས་ཤོད་དང”ཞེས་བཤད་མ་ཐག བུ་ཆེ་བའི་གདོང་དུ་དགའ་ཉམས་ཅི་ཡང་མེད་ཀྱང་སེམས་སུ་ཁོའི་འདོད་མོས་ལྟར་རང་གིས་དངུལ་སྒོར་གཅིག་ཀྱང་གཏོང་མི་དགོས་སྙམ་ཏེ་མགོ་བོ་ལྕོག་ལྕོག་བྱས།ཡང་ནུ་བོ་དང་ནུ་མོ་གཉིས་ལ་ངུ་སྐད་དང་བཅས་ཨ་མ་འདས་པའི་གནས་ཚུལ་བཤད་རྗེས་དགོན་པའི་ཕྱོགས་སུ་རྒྱུགས།
བཞི།
ནངས་མའི་ཉི་ཟེར་དུ་བ་ལྷོག་ལྷོག་འཕྱུར་བའི་དུད་ཁུང་ལ་འཕྲོས་འོང་དུས་སྡེ་བའི་མི་རྣམས་ཀྱིས་ཨ་མ་གྲོ་གྲོ་ཚང་གི་སྒོ་ཁ་ན་འདས་མཆོད་སྒྲུབ་པའི་ལས་ལ་འབད་དེ་གྲོག་ཚང་གི་གྲོག་མ་ལྟར་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་འདུག
བུ་མོ་འབྲིང་བ་ཁྱིམ་དུ་འཛུལ་མ་ཐག་སྡེ་མི་མང་པོ་ཡོད་པ་མཐོང་སྟེ་གློ་བུར་སར་འགྱེལ་ཅིང་སྐད་ཆེན་པོས་“ཨ་མ”ཞེས་ངུ་འབོད་བྱས་པར་གམ་གྱི་མོའི་བཟའ་ཟླ་དང་སྐྱེས་མ་འགས་གཡས་གཡོན་ནས་བཟུང་སྟེ་ཁྱིམ་དུ་ཁྲིད་པར་མོས་ངུ་སྐད་ལྷག་ཏུ་ཇེ་མཐོར་སོང་། ཨ་མ་གྲོ་གྲོས་བུ་མོ་འབྲིང་པའི་ཚུལ་དེ་མཐོང་བས་སེམས་སུ་ཡར་སྔོན་བུ་མོ་འདིས་ང་རང་དྲིན་ཆེན་ཞིག་ཏུ་མི་བསམས་པར་ནམ་རྒྱུན་ཁ་ལོག་ཚིག་ལོག་དང་གཞན་ཁྱིམ་ནས་ངའི་མཚང་འབྱིན་རྒྱུར་དགའ་བ།གནས་སོང་བ་ནས་བཟུང་ང་དང་འབྲེལ་བ་བཅད་པ་ལྟར་ཕྱིར་ཡུལ་ལ་ཐེངས་གཅིག་ཀྱང་ལོག་མ་མྱོང་ཡང་ད་ནི་འདི་ལྟར་ངུ་འབོད་བྱེད་པ་ནི་ངའི་དོན་དུ་མིན་ནམ་བསམས་ཏེ་སྔོན་ཆད་རང་གིས་བུ་མོ་འདི་འདྲ་ཞིག་མེད་སྙམ་པའི་བློ་ལ་འགྱོད་གདུང་དྲག་པོ་སྐྱེས།
ས་སྲོད་ཀྱི་དུས་ལ། སྐྱབས་མགོན་རིན་པོ་ཆེ་ཚང་གིས་འདས་མཆོད་ཀྱི་ཆོ་ག་བསྒྲུབས་ཚར་ཏེ་དོ་དགོང་ཕྱིར་དགོན་པར་མི་ལོག་པའི་སྐད་བཤད་རྗེས་དགོང་ཇ་བཞེས། བུ་ཆེ་བས་བུ་མོ་འབྲིང་བ་དང་བུ་མོ་ཆུང་བ་གཉིས་རང་གི་གམ་དུ་བོས་ཏེ་སྐྱབས་མགོན་ཚང་ལ་འབུལ་བ་ག་ཚོད་འབུལ་བརྩིས་དང་བུ་མོ་འབྲིང་པས་ག་ཙམ་སྟེར་ནུས་པ།བུ་ཆུང་བའི་ལག་ནས་ག་ཙམ་ལེན་བརྩིས་སོགས་ཀྱི་གཏམ་མང་པོ་དྲིས་པར།བུ་མོ་འབྲིང་པས་གནས་སོང་བུ་མོ་ཞིག་ལ་ཁྱིམ་ཚང་གི་མགོ་བདག་གང་ལ་ནུས་ཚོད་དང་། གནས་ལ་སོང་སྟེ་ལོ་གསུམ་འགོར་ཡང་མོར་བྱིས་པ་མ་ཆགས་པས་སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱིས་མོ་ལ་ལྟ་ཚུལ་ཞན་པ་སོགས་གནས་ལུགས་གང་མང་ཞིག་དྲངས་ཏེ་དངུལ་སྒོར་གཅིག་ཀྱང་འདོན་མི་ནུས་པ་བཤད་རྗེས་ངུ་ངག་དང་བཅས་རང་གི་བཟའ་ཟླ་ཉལ་སའི་ཁང་མིག་ཏུ་སོང་བར་ཨ་མ་གྲོ་གྲོས་སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས་ཏེ།“བུ་མོ་དགའ་བོ།”ཞེས་བུ་མོའི་རྗེས་འདེད་བཞིན་ཁང་མིག་ཏུ་ཕྱིན་པར།བུ་མོ་འབྲིང་པོས་ངུ་ངག་གློ་བུར་ཆད་དེ་སྒོ་དམ་པོར་གཏན་པ་དང་ལུས་ཀྱི་གྱོན་པ་ཕུད་བཞིན“ཁྱོད་སང་ཉིན་སྔ་མོ་ནས་ཕྱིར་ལོག་དགོས་སམ”ཞེས་བཟའ་ཟླར་དྲིས་པ། བཟའ་ཟླས“ཡིན། སང་ཉིན་སྔ་མོ་ནས་ཕྱིར་འགྲོ་དགོས་འདུག”ཅེས་བཤད་པ་དང་ཡང“ད་ནངས་ངའི་ཨ་ཕས་ཁྱོད་ལ་འདས་མཆོད་སྒྲུབ་བྱེད་སྒོར་ག་ཚོད་བྱིན་སོང”ཟེར་བར། མོས“སྐྱབས་མགོན་ཚང་ལ་འབུལ་རྒྱུ་འདང་ངེས་ཡིན”ཞེས་བཤད་རྗེས་ཅུང་དོགས་མི་བདེ་བར་གྱུར། ཡང་བཟའ་ཟླས“དེ་ན་ཚང་མ་ཕུ་བོར་བྱིན་ནམ”ཟེར་བར། མོས“བྱིན་དང་། ཁྱོའི་ཨ་ཕའི་བཀའ་དྲིན་ལས་ངའི་ཨ་མར་འདས་མཆོད་ཡག་པོ་ཞིག་སྒྲུབ་ཐུབ་སོང”ཞེས་སྐད་ཆ་བཤད་མ་ཐག ཨ་མ་གྲོ་གྲོ་ཧ་ལས་ཤིང་འདི་ཡོད་ཚད་བདེན་ནམ་སྙམ་བཞིན་ཁ་གདངས་ཙམ་བྱས་ཏེ་བུ་མོར་བལྟས་པར། བུ་མོས་རང་གི་བཟའ་ཟླའི་སྟེང་ལ་བུད་དེ་གོན་པ་དག་ཕུད་བརྩིས་བྱས་པར་བཟའ་ཟླས་དེ་མ་ཉིད་མོ་ཕར་གཡུགས་ཏེ“སྐབས་འདི་འདྲ་ཞིག་ལ་དེ་ཡག་པོ་འདུག་གམ”ཞེས་བཤད་པར་བུ་མོ་འབྲིང་བས་ཧ་ཅང་མི་དགའ་བའི་རྣམ་འགྱུར་སྟོན་བཞིན“དེ་ན་རྗེས་མར་ཁྱོད་ཀྱིས་ངའི་གཡས་གཡོན་དུ་བྱིས་པ། བྱིས་པ་ཟེར་བའི་སྐད་ཆ་མ་གླེང”ཟེར་བར་བཟའ་ཟླས་ཀྱང་ཅུང་མི་བདེ་བར་གྱུར་ཏེ་རིམ་བཞིན་མོའི་ནུ་མ་དང་རྐུབ་འཕོངས་དག་ཕུར་བར་ཨ་མ་གྲོ་གྲོས་ལྟ་མ་བཟོད་པར་མྱུར་མོར་སྒོར་སོང།
ལྔ།
བུ་ཆེ་བའི་གཡོ་ཟོལ་གྱི་རྣམ་འགྱུར་དང་བུ་མོ་འབྲིང་པའི་ཁྲམ་རྟགས་དེ་དག་མིག་ལམ་ལ་བརྒྱུད་ཐེངས་རེར་ཨ་མ་གྲོ་གྲོ་ལ་ཞེ་སྡང་དང་སུན་སྣང་འགོག་མེད་ཅིག་སྐྱེས་ཏེ་མིག་མཐའི་མཆི་མ་ནི་རྒྱུན་ཐག་ཆད་པའི་ཕྲེང་བ་ལྟར་མར་འཐོར་བྱུང་།
མཚམས་ཤིག་བུ་མོ་ཆུང་བས་སྐྱབས་མགོན་ཚང་དང་གྲྭ་བཙུན་རྣམས་ལ་གསོལ་ཇ་དྲངས་རྗེས།དེའི་ནང་གི་གྲྭ་བཙུན་གདོང་ན་སྨེ་བ་ཅན་ཞིག་ཡོད་པ་ལ་ཁྱོད་སྒོར་ཤོག་ཟེར་བའི་རྣམ་འགྱུར་བསྟན་ཏེ་ཕྱིར་སོང། གྲྭ་བཙུན་དེས་ཀྱང་ཆབ་གསང་ལ་འགྲོ་དགོས་ཞེས་མོའི་རྗེས་སུ་སོང་པར་ཨ་མ་གྲོ་གྲོས་མཐོང་སྟེ་འདི་གཉིས་བར་ལ་དོན་ཅི་ཡོད་སྙམ་བཞིན་རྗེས་སྙེགཕྱིའི་གྱང་ཆག་གི་རྒྱབ་ལོག་ཏུ་མོས་རང་གི་ཡ་ཆུང་མིག་གཉིས་ལོང་བར་གྱུར་ན་དགའ་བར་འདོད་པ་ནི་བུ་མོ་ཆུང་བས་གྲྭ་བཙུན་དེའི་བྲང་ལ་སྙེས་ཏེ་ངུ་བཞིན་འདུག གྲྭ་བཙུན་དེས་ཀྱང་མོ་དམ་པོར་འཁྱུད་དེ“འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སེམས་སྡུག་མ་བྱེད”ཅེས་བཤད་པར་བུ་མོ་ཆུང་བས་ཁོ་ཕར་འདེད་བཞིན“ངས་ཨ་མའི་དོན་དུ་མིག་ཆུ་ཤོར་བ་མིན”ཟེར་བར། གྲྭ་བཙུན་དེས་ཁ་གདངས་ཙམ་བྱས་ཏེ“དེ་ན”ཞེས་ཧ་ལས་པའི་ཉམས་ཀྱིས་དྲིས་པར།བུ་མོ་ཆུང་བས་མིག་མཐའི་མཆི་མ་ཕྱི་བཞིན“ང་ལ་མངལ་ཆགས་འདུག”ཅེས་བཤད་མ་ཐག གྲྭ་བཙུན་དེའི་གདོང་གི་རྣམ་འགྱུར་ནི་ནག་པོ་ནས་དཀར་བོར་གྱུར་ཅིང་དཀར་བོ་ནས་ནག་པོར་གྱུར་ཏེ“ནམ་ཚོད་ཤེས་བ་ཡིན།”ཞེས་ཚབ་ཚུབ་ངང་བཤད། བུ་མོ་ཆུང་བས“ཉིན་འགའི་སྔོན་དུ་སྨན་ཁང་ནས་བརྟག་དཔྱད་བྱས་པ་ཡིན།”ཞེས་བཤད་པར། ཁོས་གདོང་གི་སྨེ་བར་ཕུར་ཕུར་བྱས་ཏེ་ཡུད་ཙམ་ལ་བསམ་བློ་བཏང་མཐར་བུ་མོ་ཆུང་བའི་བློ་ངོ་ལའང་མ་ཤར་བ་ནི་གྲྭ་བཙུན་དེས་མངལ་འབྱིན་དགོས་ཞེས་བཤད་པ་རེད། བུ་མོ་ཆུང་བས“ངས་ཁྱོད་ཀྱིས་འདི་ལྟར་བཤད་པ་སྔ་མོ་ནས་ཤེས་ན་འགྲིག”ཅེས་དེ་གར་ཙོག་པུར་བསྡད་ཅིང་ངུ་སྐད་ལྷག་ཏུ་ཇེ་མཐོར་གྱུར་བར།གྲྭ་བཙུན་དེས་མོ་དམ་པོར་འཁྱུད་དེ“ང་གྲྭ་ཚོགས་ནས་བུད་དེ་ཁྱོད་དང་གཉེན་སྒྲིག་རྒྱུ་སླ་མོ་རེད།འོན་ཀྱང་། ད་ལྟ་འུ་གཉིས་ལ་དངུལ་སྒོར་གཅིག་ཀྱང་མེད་པས་རྗེས་ཕྱོགས་ཀྱི་འཚོ་བར་ཁག་པོར་བསམས་པ་ལས་ཁྱོད་ལ་བཅངས་པའི་དམ་བཅའ་ནི་ནམ་ཡང་མི་འགྱུར་རྡོ་རྗེ་བཞིན་དུ་གནས”ཞེས་ལོས་བདེན་སྙམ་པའི་སྐད་ཆ་བཤད་པར། བུ་མོ་ཆུང་བ་དེ་མ་ཐག་རང་ཁྱིམ་དུ་ལོག་སྟེ་རས་ཁུག་རྙིང་ཧྲུལ་ཅན་ཞིག་ཁྱེར་འོང་ནས་ཁོ་ལ་སྤྲད།གྲྭ་བཙུན་གྱིས“འདི་ཅི་ཡིན”ཟེར་བར། “འདི་ངས་ཨ་མའི་དངུལ་སྒམ་ལས་ལོ་མང་པོར་ཉུང་ཙམ་ཉུང་ཙམ་བྱས་ཏེ་གསང་བར་བླངས་པ་ཡིན”ཞེས་བུ་མོ་ཆུང་བས་བཤད་མ་ཐག གྲྭ་བཙུན་གྱིས་རས་ཁུག་ཁྲོད་ཀྱི་སྒོར་མོའི་ཁ་གྲངས་ཞིབ་མོར་བརྩིས་རྗེས་གདོང་གི་རྣམ་འགྱུར་ནི་ནག་པོ་ནས་དཀར་བོར་གྱུར་ཏེ་ཧ་ཅང་དགའ་བའི་ཉམས་ཀྱིས་བུ་མོ་ཆུང་བར་འཁྱུད་ཙམ་བྱེད་སྐབས།བུ་མོ་ཆུང་བས་སྒོ་ཆེན་ཕྱི་རོལ་ཏུ་མི་ཡོད་མེད་ལ་བལྟས་རྗེས་གོམ་སྟབས་མྱུར་མོས་ཚལ་ཞིང་དུ་སོང་བ་དང་ཕུ་བོ་ཆེ་བས་བསྐུངས་པའི་འགྱིག་ཤོག་སྔོན་པོ་ཅན་དེའང་གྲྭ་བཙུན་ལ་བྱིན་པར་ཁོའི་གདོང་ནི་དཀར་བོ་འོད་མདངས་ཅན་ཞིག་ཏུ་གྱུར་ཏེ་བུ་མོ་ཆུང་བར་དམ་པོར་འཁྱུད། གམ་གྱི་ཨ་མ་གྲོ་གྲོ་ནི་ཡིད་ཙམ་ལ་ཁ་གདངས་ཤིང་མིག་ཅེར་རེར་བུ་མོ་ཆུང་བ་དང་གྲྭ་བཙུན་འདི་གཉིས་ལ་བལྟས་ཏེ་རང་གི་མཐོང་བ་ཡོད་ཚད་སྒྱུ་འཕྲུལ་ལམ་རྨི་ལམ་ཡིན་པ་ཁོ་ཐག་རེད་བསམ་པ་ལས་དངོས་དོན་ཞིག་ཏུ་སེམས་མ་ཐུབ།
བུ་མོ་ཆུང་བ་དང་གྲྭ་བཙུན་གཉིས་ཀྱིས་ཤབ་ཤུབ་མང་པོ་ཞིག་བཤད་རྗེས་འཆར་གཞི་ཞིག་ལ་མོས་མཐུན་བྱུང་བ་ལྟར་རང་སོ་ནས་ཁྱིམ་ལ་ལོག ཨ་མ་གྲོ་གྲོའི་མགྲིན་པ་བརྣངས་ཤིང་མིག་མཐའི་མཆི་མ་ནི་མཁུར་མགོ་ནས་རེ་རེ་བཞིན་མར་ལྷུང་པར་མཁའ་ཡི་ཟླ་བས་མོ་ལ་སྙིང་རྗེ་སྐྱེས་བ་ཇི་བཞིན་མཐའ་སྐོར་གྱི་ས་ཞིང་དཀར་ལམ་ལམ་བྱས།དུས་དེར། མི་རིང་བའི་ས་ནས་མི་ཞིག་ཚུར་འོང་པའི་གོམ་སྒྲ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་མོའི་གམ་ཏུ་སླེབས་དུས་མོས་དེ་བུ་ཆུང་བ་ཡིན་པ་མཐོང་སྟེ་རེ་ལྟོས་དང་བཅས“བུ་ཆུང”ཞེས་མདུན་དུ་གོམ་གང་སྤོས་པར། གློ་བུར་ཁ་པར་གྱི་སྒྲ་ཞིག་གྲགས་འོང་པ་ན་བུ་ཆུང་བས་གོམ་མཚམས་བཞག་ཏེ་ཁ་པར་ཕ་རོལ་གྱི་མི་དེའི་སྐད་ཆར་ཞིབ་མོར་ཉན་རྗེས“ཁེ་ཕོགས་དེ་འདྲ་ཞིག་ལེན་ཐུབ་པ་ཁོ་ཐག་ཡིན་ནམ།”ཞེས་ཤིན་ཏུ་དགའ་ཉམས་བསྟན་ཏེ་བཤད་པར།ཁ་པར་ཕ་རོལ་གྱི་མི་དེས་ཁོ་ཐག་ཡིན་ཟེར་བའི་སྐད་ཐོས་མ་ཐག “དེ་ན་ང་མྱུར་བར་ཐོན་ངེས”ཟེར་བཞིན་ཁང་ཁྱིམ་གྱི་ཕྱོགས་སུ་མིག་གིས་ལྟ་ཙམ་ཡང་མ་བྱས་པར་ཕྱིར་ལོག
ཨ་མ་གྲོ་གྲོའི་གདོང་ནི་དགུན་ཟླ་རིང་མོའི་གྲང་རེག་གིས་བསྡམས་པ་ཇི་བཞིན་གསོན་ཤུགས་ཕྲན་ཙམ་ཡང་མེད་པར་བུ་ཆུང་གི་རྒྱབ་གཟུགས་ལ་ཅེར་ཏེ་ཁོའི་ཕྱིར་མིག་ལ་རེ་ལྟོས་བྱས་ཀྱང་བུ་ཆུང་བ་ནི་རྫ་རིའི་སྤྱང་ཀི་དང་འདྲ་བར་དཀྱོགས་མཚམས་ཞིག་ནས་མི་སྣང་བར་གྱུར་བས་ཨ་མ་གྲོ་གྲོ་ས་ལ་འགྱེལ་ཅིང་སྐད་ཆེན་པོས་ངུས་བྱུང་།མོའི་ངུ་སྐད་ཞིང་ཐང་འདིའི་གྲུ་ཟུར་རེ་རེར་ཁྱབ་ཀྱང་མོ་དང་ལྷན་དུ་སྡོད་མཁན་ནི་ལན་རེར་རྒྱུད་པའི་རླུང་བུ་ལྡོམ་པོ་ཞིག་ལས་ཅི་ཡང་མེད།
དྲུག
རིམ་གྱིས་ཨ་མ་གྲོ་གྲོའི་ངུ་སྐད་ཆད་ཀྱང་བུ་བུ་མོའི་གཡོ་ཟོལ་དང་ཁྲམ་རྟགས།ཁྲེལ་མེད་བཅས་ཡིད་ལ་འཆར་ཐེངས་རེར་མིག་མཐའི་མཆུ་མ་ནི་ས་ཁུང་ལས་ཆུ་མིག་བརྡོལ་བ་ལྟར་བཞུར་བཞིན་འདུག ཡང་མོའི་སེམས་སུ་སྔོན་ཆད་རང་གིས་སྐྱེས་བ་རྗེས་མར་མི་ལུས་ཤིག་ཐོབ་ཤོག་ཅེས་གསོལ་བ་བཏབ་པ་དང་ལྷ་སར་ཕྱག་འཇལ་བྱས་པའང་གཙོ་བོ་སྐྱབས་མགོན་ཚང་གིས་གསུངས་པ་ལྟར་རང་གི་བུ་བུ་མོ་འདི་དག་དང་ཡང་བསྐྱར་ཐེངས་གཅིག་འཕྲད་པའི་བསྐལ་བ་དེའི་ཆེད་ཡིན་ཡང་ད་ནི་འདི་ཚོ་དང་རྒྱང་གྱེས་ཐུབ་ཚེ་བར་དོའི་ཀློང་དུ་ཕྱོགས་ངེས་མེད་འཁྱམ་པའི་རྣམ་ཤེས་ལྡོམ་པོ་ཞིག་ཡིན་ཡང་འགྱོད་པ་སྤུ་ཙམ་ཡང་མེད་བསམས།
དུས་དེར། རྡེའུ་དཀར་ནག་གཉིས་ཀ་ཨ་མ་གྲོ་གྲོ་ཚང་གི་སྒོ་ཁར་སླེབས་ཏེ་བྲེལ་མྱུར་ངང་རླངས་འཁོར་གྱི་དུང་སྒྲ་ཡང་ཡང་རྒྱབ་ཀྱང་། ཨ་མ་གྲོ་གྲོས་ཞིང་ས་དེའི་ལོགས་ན་མིག་ཆུ་འདོན་པ་ལས་གཤིན་རྗེའི་ཕོ་ཉ་གཉིས་ཀྱི་དུང་སྒྲ་མ་ཐོས་ལ་ཡང་ན་མོས་གཤིན་རྗེའི་ཕོ་ཉ་གཉིས་ཀྱིས་རླངས་འཁོར་བསྐོར་ཡོང་པ་བསམ་ཡུལ་ལའང་དྲན་མྱོང་མེད།རྡེའུ་ནག་པོས་ས་ལ་བསྣོམས་ཙམ་བྱས་རྗེས་ཨ་མ་གྲོ་གྲོའི་དྲི་རྙེད་དེ་མོའི་གམ་ཏུ་རྒྱུག་པར་ཨ་མ་གྲོ་གྲོ་ནི་དངངས་སྐྲག་དང་བཅས་བྲོས་བསྣུར་བྱས་མོད།ཡང་རང་ཉིད་ཆུང་དུས་སུ་གཤིན་རྗེའི་ཕོ་ཉ་གཉིས་ནི་རྡེའུ་དཀར་ནག་གཉིས་ཡིན་ཟེར་བའི་གཏམ་རྒྱུད་དེ་ཡིད་ལ་དྲན།ཨ་མ་གྲོ་གྲོ་རླངས་འཁོར་ནང་བསྡད་རྗེས་རྡེའུ་ནག་པོས་མེ་ལོང་ཞིག་བླངས་ཏེ་དེའི་ནང་ལྟ་རུ་བཅུག་པར།མེ་ལོང་ངོས་སུ་ཨ་མ་གྲོ་གྲོ་ནམ་ཚོད་སྐྱེས་བ་དང་ནམ་ཚོད་འདས་བ། ཕ་མའི་མིང་ལ་ཅི་ཟེར་བ།ལས་དགེ་སྡིག་གི་བསྡུར་ཚད་ག་འདྲ་ཡིན་པ་སོགས་ཁ་བྱང་ལ“གྲོ་གྲོའི་རྒྱུ་འབྲས་རེའུ་མིག”ཅེས་པའི་ཤོག་བུ་ངོས་གཙང་ཅན་ཞིག་གི་ཁྲོད་དུ་མོའི་རྒྱུ་འབྲས་གསལ་བོར་འཁོད་རྗེས་མཇུག་གི་ཐོབ་བྱའི་རེའུ་མིག་གི་རྣམ་གྲངས་སུ“མི་ལུས”ཟེར་བའི་ཡིག་འབྲུ་ཆེན་པོ་གཉིས་ཤར་པ་ན།ཨ་མ་གྲོ་གྲོ་དངངས་ཏེ“ཨ་ཙི” ཞེས་སྐད་ཤོར་བ་དང་རྡེའུ་དཀར་ནག་གཉིས་ལ“འདིའི་དོན་ནི་སྐྱེས་བ་རྗེས་མ་ལའང་ང་ལ་མི་ལུས་ཐོབ་སོང་ཟེར་བའི་དོན་ཡིན་ནམ”ཞེས་དྲིས་པར།གཤིན་རྗེའི་ཕོ་ཉ་གཉིས་ནི་དམྱལ་ཁམས་ཀྱི་སྤྲོ་ཚོགས་དུས་ཆེན་ལ་བྲེལ་བ་ལས་ཨ་ལན་ཅི་ཡང་མི་སྟེར་པར་གཤིན་རྗེའི་ཡུལ་དུ་རྒྱུགས།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=782
ཉེ་མཆན།