ཁ་སང་འཛམ་བུ་གླིང་བཀད་ལ་ཁད་བྱེད་པའི་གསར་འགྱུར་ཞིག་བྱུང་། དེ་ནི་ཀྲུང་གོའི་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཧི་ཅན་ཁིས་ཟེར་བ་ཞིག་གིས། འཛམ་བུ་གླིང་གི་ཆེས་ཐོག་མའི་རྨང་རྒྱུ་འཆོས་སྒྲིག་བྱས་པའི་བྱིས་པ་མཚེ་མ་ཞིག “གསར་གཏོད” བྱས་པ་དེ་རེད།

རྨང་རྒྱུ་འཆོས་སྒྲིག་གི་ལག་རྩལ་ཟེར་བ་གོ་སླ་བར་བཤད་ན། མ་གཞི་ང་ཚོའི་ལུས་ཕུང་གི་གྲུབ་ཚུལ་སྐྱེས་པ་ནས་གཞན་དབང་གིས་ཐག་བཅད་པ་ཞིག་ཡིན་མོད། ལག་རྩལ་འདིས་རང་དབང་གིས་སོ་སོའི་ལུས་ཕུང་གི་གྲུབ་ཚུལ་འཆོས་སྒྲིག་བྱེད་ཆོག་པ་ཞིག་རེད། དཔེར་ན། ང་ཚོའི་ལུས་སྟེང་དུ་ཨེ་ཛིའི་ནད་འགོག་པའི་ནུས་པ་རང་བཞིན་གྱིས་མེད་མོད། རྨང་རྒྱུ་འཆོས་སྒྲིག་གི་ལག་རྩལ་བརྟེན་ནས་ང་ཚོའི་ལུས་སྟེང་དུ་དེའི་ནད་འགོག་གི་ནུས་པ་འཇོག་ཐུབ་བཞིན་ཡོད།

འདི་ལྟར་བཤད་ན་དོན་དག་ཡག་པོ་ཞིག་ཡིན་པ་འདྲ་མོད། དོན་དུ་དེ་ནི་ངན་པའི་མཐར་ཐུག་པ་ཞིག་ཡིན། ལག་རྩལ་དེ་འཛམ་བུ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཀྱི་མཁས་པ་ཚོས་སྔར་ནས་ཤེས་མོད། དེའི་ཚབ་ཆེ་བའི་གནོད་འཚེའི་བསྐྱེད་འབྲས་ལ་གཞིག་ནས། ལག་ལེན་དུ་འདེབས་པར་ཁྲིམས་དང་བཅས་པས་གཏན་འགོག་བྱས་ཡོད། དེ་བས། འདི་ནི་ཧི་ཅན་ཁིས་ཀྱི་གསར་གཏོད་ཅིག་གཏན་ནས་མིན་པར་མ་ཟད། ཁོའི་བྱ་སྤྱོད་ནི་མིའི་རིགས་ལ་ཉེན་ཁ་འཁྱེར་ཞིང་འཛམ་བུ་གླིང་གི་ཡུལ་གྲུ་གཞན་དུ་བཟང་སྤྱོད་ཀྱིས་འཚོ་བའི་སྐྱེ་ཁམས་ཞིབ་འཇུག་པ་དག་ཧང་སང་བར་བྱེད་པའི་སྨྱོ་ལས་ཁོ་ན་ཡིན།

སྨྱོ་ལས་འདི་ཚབ་ཆེ་བའི་གནད་ཀྱི་དོད་པོ་གཅིག་ནི། ཧི་ཅན་ཁིས་ཀྱིས་མི་མ་ཡིན་གྱི་མི་ཞིག་བཟོས་པ་དེ་རེད།  ཡང་ན་མིས་མི་བཟོས་པ་དེ་རེད། ད་ཕན་མི་ནི་རང་བཞིན་དུ་སྐྱེ་བ་ལས་བཟོས་པ་མེད།  བཟོ་ཡང་མི་རུང་། ལ་ལས་བྱིས་པ་འདི་གཉིས་མི་མིན། ཐོན་རྫས་ཤིག་ཡིན་ཟེར།   ལ་ལས་མི་བཅོས་མ་འདི་ལ་སྤྱི་དམངས་ཀྱི་ཐོབ་ཐང་ཇི་ལྟར་སྩོལ་ཟེར།

“མི་མ་ཡིན”མིའི་གྲལ་དུ་བསླེབས་པ་དེས་ང་ཚོའི་འཇིག་རྟེན་གྱི་སྒྲིག་གཞི་རྩ་བ་ནས་འགྱུར་འགོ་བརྩམ་པ་རེད། མིའི་རིགས་ལ་རང་ཉིད་སྐྱེད་བྱེད་དུ་རྨང་གཞིར་གྱུར་པའི་སྐྱེད་རྒྱུའམ་རྨང་རྒྱུའི་ཚོགས་ཤིག་ཡོད་པ་རེད། དེའི་མིང་ལ་རྨང་རྒྱུའི་མཚེའུ་ཟེར། འདི་རང་བཞིན་གྱིས་བྱུང་བ་ཞིག་ཡིན།  ད་ནི་མིས་བཟོས་རྨང་རྒྱུ་དེ་མཚེའུ་འདིའི་ནང་འདྲེ་བའི་ཉེན་ཁ་ཐོན་པ་རེད།  འདིའི་མཇུག་འབྲས་ཚན་རིག་པ་ཚོས་རྩ་བ་ནས་ཚོད་འཛིན་བྱེད་ཐབས་ཡོད་པ་མ་རེད།

རང་རེའི་མཁས་པ་དག་གིས་མིའི་རིགས་ཀྱི་ཉེན་ཁ་དང་ཏན་ཏན་འབྲེལ་བ་དག་ལ་གཏན་ནས་དོ་སྣང་མེད། ཕྲན་གྱིས་བལྟས་ན། དུས་རབས་འདི་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་དུས་རབས་ཤིག་ཡིན། ཉེན་ཁ་དེ་ཚོའང་གཙོ་བོ་སྐྱེ་ཁམས་དང་རྫས་འགྱུར་གྱི་ལག་རྩལ་ཁྲོད་ནས་ཡོང་། ད་ལྟ་མི་རླག་པའི་ལག་རྩལ་ཤེས་པའི་ཚན་རིག་པ་ཁྲི་སྟོང་མང་པོ་ཡོད་ངེས། དོན་དུ་བརླག་དང་མི་བརླགས་ནི་ཁོ་རང་ཚོའི་ཀུན་སྤྱོད་ཁོ་ནར་ཐུག་འདུག

དེ་བས། ཀུན་སྤྱོད་རིག་པའམ་མི་ཆོས་རིག་པ་ནི་ཉེ་ཆར་ཚན་རིག་གི་ཁྲོད་དུ་གླེང་ཐེངས་ཇེ་མང་ཇེ་དྲག་ཏུ་སོང་བའི་ཁྱབ་ཁོངས་ཆེན་པོ་ཞིག་ཏུ་གྱུར། འདི་ལ་རང་རེའི་དམ་པའི་ཆོས་འདུལ་བ་གཞི་རྩར་བྱས་པའི་མི་ཆོས་རིག་པས་རྔོ་ཅུང་ཟད་ཐོགས་སམ། དགེ་བཤེས་ཚོས་འདི་ལ་ཞིབ་འཇུག་རེ་བྱས་ན་ཅི་འདྲ།

ཉེན་ཁ་དངོས་སུ་འབྱུང་མིན་ནི་བྱིས་པ་དེ་གཉིས་ཀྱི་ལས་དབང་ལ་ཐུག་འདུག  ལ་ལས་དེ་གཉིས་སོད་ཅིག་ཟེར། ལ་ལས་དེ་གཉིས་ལ་རྒྱུད་ཕྱི་མ་སྤེལ་དུ་མ་འཇུག་ཟེར།  ལ་ལས་མི་ཚེ་གང་བོར་ལྟ་རྟོག་སྟངས་འཛིན་བྱས་ནས་སྡོད་ཟེར། འདི་དག་ལས་གང་བྱས་ཀྱང་མི་གཤིས་དང་རྒྱབ་གཏོད་ཀྱི་བྱ་བ་ཁོ་ན་རེད། བྱིས་པ་དེ་གཉིས་ལ་ནོར་འཁྲུལ་མེད། ད་ཅི་བྱ།

<<མ་འོངས་པའི་ལོ་རྒྱུས་རགས་བསྡུས>>སོགས་འཛམ་གླིང་རང་བཞིན་གྱི་བྲིན་རྩོམ་འབྲི་མཁན་དེས་མ་འོངས་པར་མིའི་རིགས་སྔོན་བྱུང་མ་མྱོང་བའི་ངེས་པ་དོན་གྱི་འདྲ་མཉམ་མིན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ངེས། དེའི་འགྱུར་ཚུལ་ནི། ཕྱུག་པོ་དག་གིས་རྨང་རྒྱུ་འཆོས་སྒྲིག་གི་ལག་རྩལ་ལ་བརྟེན་ནས་རང་གི་བྱིས་པ་དག་རྣམ་དཔྱོད་ཕུལ་ཏུ་བྱུང་བ། དྲན་འཛིན་བླ་ན་མེད་པ། ན་རྒྱུ་ཚ་རྒྱུ་མེད་པའི་རྡོ་འདྲ་བ་ཞིག་ཏུ “བཟོ”ངེས། དབུལ་བོ་དག་གིས་དེ་མ་ཐུབ་པས་ངེས་དོན་གྱི་འདྲ་མཉམ་མིན་པ་དེ་ནས་བྱུང་ཞེས་ཧ་ལམ་དེ་འདྲ་ཞིག་བཤད་ཡོད། ཁོའི་བཤད་ཡུལ་དངོས་ཀྱང་རྨང་རྒྱུ་འཆོས་སྒྲིག་གི་ཉེན་ཚབ་ཡིན། རྩོམ་དེ་ཕྲན་གྱིས་འགངས་ཆེ་བར་མཐོང་ནས་སྐད་འཕྲིན་བར་སྟོང་དུ་སྤེལ་མོད། དོ་སྣང་བྱེད་མཁན་གཅིག་ཀྱང་མ་བྱུང་།

དུས་འདིར་ཚན་རིག་པ་ཚོས་སྡོམ་པ་ཇི་ལྟར་སྲུང་རྒྱུ་ནི་འུ་ཚོས་གླེང་རིན་ཤིན་ཏུ་ཆེ་བ་ཞིག་རེད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=780