དང་པོ། འཆད་པ་པོའི་ངོ་སྤྲོད་མདོར་བསྡུས།
བན་ཤུལ་དཔལ་མཁར་རྒྱལ་ནི་ཕྱི་ལོ་ ༡༩༨༢ ལོར་མདོ་སྨད་བན་ཤུལ་འབྲོག་སྡེ་རུ་དགེ་ལུགས་པའི་ཆོས་བརྒྱུད་ལ་དད་མོས་བྱེད་པའི་འབྲོག་ཁྱིམ་སྐྱོ་བོ་ཞིག་ཏུ་སྐྱེས། རང་ལོ་བརྒྱད་པ་ནས་བཟུང་བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱེད་པའི་འགོ་ཚུགས་ཤིང་དུས་ཡུན་གང་འཚམ་རིང་ནང་བའི་དགེ་བཤེས་དམ་པ་དག་གི་མདུན་ནས་སངས་རྒྱས་ཆོས་ལུགས་དང་བོན་པོའི་རིག་གཞུང་སོགས་གྲུབ་མཐའ་རིས་མེད་ལ་སློབ་སྦྱོང་བྱས་ཤིང་མོ་ཧན་མོ་ཏི་མ་ལིའི་མདུན་ནས་ཁ་ཆེ་ཆོས་ལུགས་ཀྱི་ཀོ་རན་གཞུང་ལུགས་དང་། རྒན་མེ་ལ་སྒྲིའི་མདུན་ཡེ་ཤུ་ཆོས་ལུགས་ཀྱི་གཞུང་ལུགས་གསར་རྙིང་གཉིས་ལའང་སློབ་སྦྱོང་བྱས།
ཕྱི་ལོ་ ༢༠༠༦ ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་མར་ལེ་རིང་ལུགས་སོགས་ཀྱིས་མཚོན་པའི་དེང་རབས་ཆབ་སྲིད་དང་རྒྱའི་ཁྲིམས་ལུགས་སོགས་རིག་གཞུང་གསར་བའི་སྐོར་ལ་སློབ་སྦྱོང་བྱས་ནས་སློབ་མཐར་ཕྱིན། ༢༠༡༠ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ཡིག་འབྲུ་ཁྲི་སུམ་ཅུ་སོ་དགུ་ཡོད་པའི་སློབ་མཐར་དཔྱད་རྩོམ་<<བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་གྱི་ཞིབ་འཇུག་>>ཅེས་པར་དམ་བཅའ་བཞག་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་གོ་མིང་ཐོབ།
བརྩམས་ཆོས་ལ་མཚོན་ན་<<དེབ་ཐེར་ནག་པོ་>>དང་<<བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ་>><<སྟོད་ལྷ་རབས་དུས་ཀྱི་སྤུ་རྒྱལ་ལོ་རྒྱུས་ལ་དཔྱད་པ་>><<རིག་གནས་ཀྱི་བཅིངས་འགྲོལ>><<བོད་ཀྱི་གནའ་རྫས་ཞིབ་འཇུག་>>བསྒྱུར་མ།<<སྙན་རྩོམ་འབྲོང་གི་མིག་ཆུ་>><<གངས་རིའི་ཁྲོད་ཀྱི་མི་དམངས་>>རྒྱ་ཡིག། <<བོད་ཀྱི་གནའ་རྫས་ཞིབ་འཇུག་>><<སྤུ་རྒྱལ་རིག་གནས་ལོ་རྒྱུས་ལ་དཔྱད་པའི་སྐོར་>>དང་<<བྱང་སྐར་སྨེ་བདུན་འཆར་བའི་བོད་ཡུལ་>>སོགས་པར་བསྐྲུན་བྱས་མིན་ཅི་རིགས་ཀྱི་དཔེ་ཆ་བཅུ་ཕྲག་ལྷག་ཡོད།
གཞན་ཡང་རིག་གཞུང་དཔྱད་རྩོམ་མང་པོ་ཞིག་རྒྱབ་ཁབ་ཕྱི་ནང་གི་དུས་དེབ་མང་པོར་བརྒྱུད་འགོད་བྱས་ཡོད་ཅིང་བརྩམས་ཆོས་ཁ་ཤས་ལ་ཀློག་མཁན་མང་པོས་དགག་སྒྲུབ་དང་བསྟོད་བསྔགས་བྱས་དང་བྱེད་མུས་སུ་ཡོད་ལ། གྲགས་སྐོམ་གྱི་ཆོ་ལོ་ཡང་གང་མང་བསྩལ་ཡོད་ཀྱང་རང་གཞན་གང་གི་ངོ་ལ་བལྟོས་ཀྱང་དགོས་མེད་དུ་མཐོང་བས་འདིར་མི་འགོད་ལ་ད་ལྟ་མུ་མཐུད་ནས་དབྱིན་ཇིའི་སྐད་ཡིག་སོགས་ལ་སློབ་གཉེར་བྱེད་བཞིན་གནས་ཡོད་དོ།།
གཉིས་པ། འཆད་བྱའི་གཞུང་གི་ས་བཅད།
གཅིག བོད་ཀྱི་དཔེ་རྙིང་ཞེས་པའི་གོ་དོན།
(༡) དུས་ལ་ལྟོས་པའི་དཔེ་རྙིང་གི་གོ་དོན།
(༢) བརྗོད་བྱ་ལ་ལྟོས་པའི་དཔེ་རྙིང་གི་གོ་དོན།
གཉིས། བོད་ཀྱི་དུས་རབས་རིམ་བྱུང་གི་དཔེ་རྙིང་དང་དེའི་ཆག་འཇིག།
(༡) བོད་ཀྱི་གནའ་བོའི་ཡིག་རྙིང་གི་ངོ་བོ་ཇི་ལྟར་གྲུབ་ཡོད་པ།
(༢) བཙན་པོའི་དུས་ཀྱི་རྒྱལ་རབས་གཞུང་གི་དཔེ་རྙིང་བསྟན་བཅོས།
(༣) བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་བའི་དཔེ་རྙིང་བསྟན་བཅོས།
གསུམ། བོད་ཀྱི་བཙན་པོའི་དུས་ཀྱི་དམིགས་བསལ་གྱི་དཔེ་རྙིང་མཐིང་ཤོག་གསེར་བྲིས་མ།
(༡) བཙན་པོའི་སྐུ་ཚེ་བརྟན་པའི་ཕྱིར་དུ་བཞེངས་པའི་བླ་འབུམ་མཐིང་ཤོག་གསེར་བྲིས་མ།
(༢) རྒྱལ་རབས་གཞུང་གི་རྩ་ཆེའི་བཀའ་ཤོག་དང་ཡིག་ཚངས་མཐིང་ཤོག་གསེར་བྲིས་མ།
བཞི། བོད་ཀྱི་བཙན་པོའི་དུས་ཀྱི་དཔེ་རྙིང་ཉར་ཚགས་ཀྱི་ཐབས་ལམ་བསེ་སྒྲོམ་དངུལ་སྤྲིས་མ།
(༡) བསེ་སྒྲོམ་དངུལ་སྤྲིས་མའི་གོ་དོན།
(༢) བསེ་སྒྲོམ་དངུལ་སྤྲིས་མའི་ཡིག་ཚངས་ཀྱི་ཁྱད་ཆོས།
ལྔ། ད་ལྟའི་དུས་སུ་དཔེ་རྙིང་དེ་དག་འཚོལ་ཞིབ་བྱེད་པའི་ལམ་བུ་དང་དེའི་དཔེ་མཚོན།
(༡) འཚོལ་ཞིབ་བྱེད་སའི་ལམ་ཐིག།
(༢) འཚོལ་ཞིབ་བྱས་པའི་དཔེ་མཚོན་གྱི་སྐོར་བཅས་སོ།།
འཆད་ཉན་དང་དཔེ་གཟིགས་གང་གི་སྐབས་སུ་ཡིན་ནའང་ས་བཅད་ནི་ཤིན་ཏུ་གལ་འགངས་ཆེ་བའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ཏེ། འཇམ་མགོན་མི་ཕམ་པའི་ཞལ་ནས། “ས་བཅད་ལ་ལ་ངེས་བགྲང་ཙམ་དུ་ཟད། །ས་བཅད་ལ་ལ་འགྲེལ་བ་ལྟ་བུ་སྣང་། །”ཞེས་གསུངས་ཡོད་པས་གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཤེས་རབ་ཀྱི་ལྡེ་མིག་ལྟ་བུ་ཡང་འགྱུར་མི་སྲིད་པ་མིན་པས། ས་བཅད་འདི་བཤུ་བའི་ངལ་བ་བྱས་པ་ཡིན་ཡང་། ཡན་ལག་གི་ས་བཅད་མང་མ་རྒྱས་པར་འདིར་བཀོད་མེད་པས་དེ་ལུགས་ཡིད་ལ་ངེས་དགོས་སོ།།
གསུམ་པ། འཆད་ཁྲིད་ཀྱི་ལུས་སྤྱིར་གླེང་བ།
དེ་རིང་ནི་བོད་ཡུལ་ན་མིང་དུ་གྲགས་པའི་ན་གཞོན་ཤེས་ལྡན་པ། མེས་པོའི་ལོ་རྒྱུས་ཞིབ་འཇུག་རིགས་གཅིག་རྐང་འཛིན་མཁན། ང་ཚོའི་མེས་པོ་དག་གི་རྣམ་ཤེས་ལ་བརྒྱུས་པའི་ལས་དབང་གི་བྱུང་བ་མངར་སྐྱུར་ཁ་གསུམ་རྣམས་ལ་རྒྱུས་མངའ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ། གཞན་གྱི་སྐད་ཡིག་གཉིས་ཡན་ལ་བྱུང་ཆ་ལྡན་པའི་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་(བོད་ཀྱི་དཔེ་རྙིང་གི་ལོ་རྒྱུས་དང་དེའི་འཚོལ་ཞིབ་ཀྱི་ལམ་བུའི་སྐོར་)ཞེས་པའི་ཐོག་ནས་ཁོག་ཕུབ་པ་དང་། ད་དུང་དམིགས་བསལ་བཙན་པོའི་ཐུན་མིན་གྱི་ཡིག་ཆ་རྩ་ཆེན་དག་བཀའ་ཡི་རྒྱས་བཏབ་ནས་(བསེ་སྒྲོམ་དངུལ་སྤྲིས་མ་)རུ་ཇི་ལྟར་བདག་ཉར་བྱེད་སྟངས་སོགས་(གསེར་ལས་ལྷག་པའི་འཆད་ཁྲིད་)དུས་ཡུན་ཆུ་ཚོད་ ༡ དང་སྐར་མ་ ༣༧ སྐར་ཆ་ ༢༨ ཀྱི་རིང་ལ་གནང་སོང་།
ངས་འདི་ལྟར་སྐར་མ་དང་སྐར་ཆ་དག་མ་ནོར་བ་གཙིགས་སུ་འཛིན་ནས་གླེང་དགོས་དོན་ནི་གོང་དུ་ཞུས་པ་བཞིན་འདི་ནི་དེང་དུས་ཀྱི་གནས་བབ་ལ་མཚོན་ན་(གསེར་ལས་ལྷག་པའི་འཆད་ཁྲིད་)ཅིག་ཡིན་ཏེ། དཔེར་ན། ༡ སྔོན་གྱི་ཡིག་ཆ་དག་གིས་དོར་ཟིན་པ། ༢ ད་ལྟའི་མཁས་རློམ་ཀུན་གྱིས་མི་ཤོད་པ། ༣ མ་འོངས་པ་ན་བག་ལ་ཞ་བར་འགྱུར་བའི་ཡབ་མེས་ཀྱི་ལོ་རྒྱུས་ཀྱི་གསང་བ་སྔོག་འདོན་དང་། ལེགས་ཆ་རྒྱུན་འཛིན། གནས་ལུགས་ཕྱིར་སྒྲོག་སོགས་ཀྱི་ནུས་པ་དམིགས་བསལ་བ་མང་པོ་ཞིག་ཡོད་པ་ཁོ་བོ་ལ་མྱོང་བ་མངོན་སུམ་གྱིས་ར་སྤྲོད་བྱས་བྱུང་ཞེས་ཚིག་ཐག་ཆད་པོའི་སྒོ་ནས་བཤད་ཐུབ་པ་དང་།
ད་དུང་ཆོས་ལུགས་དང་སྲོལ་རྒྱུན་གྱི་ཕྱི་ཤུན་མཐུག་པའི་འུ་ཚོའི་སྤྱི་ཚོགས་ཀྱི་སྟོང་ཆ་དམིགས་བསལ་བ་སྟེ། འདོད་པའི་བསྟན་བཅོས་ཀྱི་སྐོར་ནས་ཀྱང་གསུང་སོང་། འཆད་ཁྲིད་ཀྱི་རྩ་བའི་ས་བཅད་ལྔ་པ། ད་ལྟའི་དུས་སུ་དཔེ་རྙིང་དེ་དག་འཚོལ་ཞིབ་བྱེད་པའི་ལམ་བུ་དང་དེའི་དཔེ་མཚོན་གྱི་ཡན་ལག་གི་ས་བཅད་གཉིས་པ། འཚོལ་ཞིབ་བྱས་པའི་དཔེ་མཚོན་གྱི་སྐོར་ཞེས་པ་ལས་ཡིག་རྙིང་གི་པར་རིས་མང་པོའི་ནང་ནས་འདོད་པའི་བསྟན་བཅོས་དངོས་ནི་སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་བོད་རང་གི་ཁྱད་ཆོས་ལྡན་པའི་འདོད་པའི་བསྟན་བཅོས་<<རྒྱོ་འདོད་སྐྱེས་བུའི་གདུང་སེལ་>>དང་། ཁོང་གི་མི་ཚེའི་ནང་བུད་མེད་ཉིས་བརྒྱ་ལྷག་ཅིག་ལ་ལུས་འབྲེལ་བྱས་པ་དེ་དག་གི་མཚན་མ་དང་ནུ་མ་སོགས་ལ་དཔྱད་པའི་<<མཁའ་འགྲོ་རྒྱ་མཚོའི་རྟོགས་བརྗོད་>>བཅས་དཔེ་མཚོན་དུ་བཞག་འདུག་ལ། འདིའི་སྐོར་ནས་ཁོ་བོས་ཁ་གསབ་ཀྱི་ཚུལ་དུ་དྲི་བ་ཞིག་བཏོན་པས་དེ་ལ་ལན་ཡང་ཡག་པོ་གནང་སོང་།
བདག་གིས་འདོད་པའི་བསྟན་བཅོས་ལ་དབྱེ་ཞིབ་མདོར་བསྡུས་ཙམ་བྱས་ན། ༡) བོད་རང་གི་ཐུན་མོང་མ་ཡིན་པའི་འདོད་པའི་བསྟན་བཅོས། དཔེར་ན། སླེ་ལུང་བཞད་པའི་རྡོའི་<<རྒྱོ་འདོད་སྐྱེས་བུའི་གདུང་སེལ་>>ལྟ་བུ་དང་། ༢) མི་རིགས་གཞན་གྱི་ཤན་ཞུགས་པའི་འདོད་པའི་བསྟན་བཅོས། དཔེར་ན། དགེ་ཆོས་ཀྱི་<<འདོད་པའི་བསྟན་བཅོས་>>དང་། ༣) ནང་བསྟན་གསང་སྔགས་དང་འབྲེལ་བའི་འདོད་པའི་བསྟན་བཅོས། དཔེར་ན། འཇམ་མགོན་མི་ཕམ་གྱི་<<འདོད་པའི་བསྟན་བཅོས་>>དང་། ༤) གབ་སྦས་ཀྱི་ཚུལ་གྱིས་གནས་པའི་འདོད་པའི་བསྟན་བཅོས། དཔེར་ན། ཙེ་ལི་སྣ་ཚོགས་རང་གྲོལ་གྱི་<<གསུང་ཐོར་བུའི་སྐོར་>>དང་། ༥) དེང་རབས་སྤྱི་ཚོགས་དང་འཚམས་པའི་འདོད་པའི་བསྟན་བཅོས། དཔེར་ན། ཤེས་རབ་དར་རྒྱས་ཀྱི་<<ནུབ་ཕྱོགས་འགྲིམས་པའི་གཏམ་>>དང་། ༦) གཞན་ནས་བསྒྱུར་བའི་འདོད་པའི་བསྟན་བཅོས། དཔེར་ན། བྷར་བྷ་ར་ཁེ་སེ་ལིང་གིས་བརྩམས་ཤིང་དགེ་བསྙན་འཕྲིན་ལས་དང་འབོ་ར་ཤེས་རབ་གཉིས་ཀྱིས་བསྒྱུར་པའི་<<རོ་ཙའི་ལུས་སྦྱོང་>>ལྟ་བུ་དང་། བསྟན་འགྱུར་གྱི་ཁྲོད་ན་བཞུགས་པའི་མཐོང་བ་གཟུགས་བཟང་གི་<<འདོད་པའི་བསྟན་བཅོས་>>སོགས་གང་ལ་གང་འཚམས་ཡོད་ནའང་ད་དུང་ལག་ལེན་དང་སློབ་ཁྲིད་ཀྱི་ཆ་ནས་འདང་ངེས་པ་ཞིག་གཏན་ནས་མེད་པས་བདག་གིས་སྐབས་འདི་ནས་ཅུང་ཟད་གླེང་ཁུལ་བྱས་པ་ཡིན་ནོ།།
བཞི་པ། བདག་གིས་ཁོང་ཞལ་ཚོར་བའི་སྐོར།
སྤྱིར་བཏང་སྔོན་ཞིག་ནས་ཁོང་གི་མཚན་ཐོས་མྱང་ལ། དགག་སྒྲུབ་ཀྱི་རྩོམ་རིག་སྐོར་གྱི་རྩོམ་ཚན་འགའ་རེ་ལས་གསུང་རྩོམ་ཁྱོན་ཡོངས་ལ་ལྟ་ཞིབ་ཆེན་པོ་བྱས་མ་ཐུབ། ད་དུང་དམངས་ཕལ་བ་དག་གི་དྲང་ལྡོག་གཉིས་ཀ་ནས་རྣ་ལམ་དུ་བསྐྱལ་ཡོང་བའི་ཁོང་གི་ལོ་རྒྱུས་ཟུར་ཙམ་རེ་གོ་མྱོང་བ་ཙམ་ཡིན། བདག་གི་མི་གཤིས་ཀྱི་འགྲོ་ཕྱོགས་ཤིག་གིས་སྤྱི་ཚོགས་ཀྱི་བཤད་ཡམ་དག་ལ་ཆ་འཇོག་བྱེད་མཁན་ཞིག་མིན་ལ་ཁོང་ལ་ཐུན་མིན་གྱི་མི་གཤིས་དང་སྒེར་ཚུགས་ཡོད་པ་རྗེས་དཔག་གིས་མཇལ་ཐུབ་པ་བྱུང་བས་དངོས་སུ་མཇལ་འདོད་ཀྱི་ཀུན་རྟོག་ཅིག་རྒྱུན་དུ་མཆིས།
དོ་ཞག་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༦ ཉིན་བདག་གི་གྲོགས་པོ་གཉིས་ཀྱི་དཔེ་དེབ་གསར་སྤེལ་མཛད་སྒོའི་ཐོག་ལ་སོང་བ་ཡིན། མ་བསྒྲིགས་རང་འགྲིག་གིས་ཁོང་ནི་མཛད་སྒོ་དེའི་སྐུ་མགྲོན་གལ་ཆེ་བ་ཞིག་རེད་འདུག་པས་ཞལ་དངོས་སུ་མཇལ་བ་མ་ཟད་འཕྲིན་ཕྲན་སོགས་སྦྲེལ་ནས་དགའ་གུས་ཆེན་པོས་“ང་སྤྱིར་བཏང་ལྷ་སར་བོད་ལྗོངས་ཞིང་འབྲོག་སྤྱི་ཚོགས་ཚན་རིག་ཁང་ནང་ལས་ཀ་བྱེད་བཞིན་ཡོད། ད་ལྟ་ངལ་གསོ་ཡིན་པས་སྤོས་ལྡན་དབེན་འཇམ་ན་ཡོད་ལ། ཁྱེད་རྗེས་མ་ལྷ་སར་འོང་ན་ངེས་པར་ང་ལ་འབྲེལ་བ་བྱས་ཤོག་”ཅེས་དམན་པ་བདག་ལ་མཐོང་ཆེན་པོས་གུས་བརྩེ་བྱས་སོང་ལ། ཕྱི་དྲོ་ང་ཚོས་གནད་ཡོད་མི་སྣ་མང་པོ་ཞིག་དང་མཉམ་དུ་བོད་ཀྱི་བྲིམ་རྩོམ་ཚང་ནས་ཟ་མ་མཉམ་ཟ་བྱས་ཏེ་ཕན་ཚུན་བགྲོ་གླེང་ལྷུག་པོར་བྱུང་། ལྷག་ཏུ་ཁོང་གིས་མི་ཚེ་དང་འབྲེལ་བའི་གསུང་བཤད་གལ་ཆེན་མང་པོ་གནང་སོང་བས་ཆུ་ཚོད་གཉིས་གསུམ་ཞིག་གལ་སོང་མ་ཚོར།
དེ་རིང་རང་ཉིད་གང་དུ་ལས་ཞུགས་བྱ་སའི་ལས་ཁུངས་ཧི་མ་ལའི་རིག་མཛོད་ཁང་དུ་ཕེབས་ནས་༼བོད་ཀྱི་དཔེ་རྙིང་གི་ལོ་རྒྱུས་དང་དེའི་འཚོལ་ཞིབ་ཀྱི་ལམ་བུའི་སྐོར་༽ཞེས་པའི་བརྗོད་གཞིའི་ཐོག་ནས་གསེར་ལས་དཀོན་པའི་འཆད་ཁྲིད་ཅིག་གནང་སོང་། དུས་ཚོད་ཐུང་བའི་དབང་གིས་སྨད་ནས་མགྱོགས་ཙམ་འགྲོ་དགོས་ཐུག་པ་དང་། དྲི་བ་དྲིས་ལན་ཉུང་ཙམ་ལས་བྱ་མ་ཐུབ་པ། བགྲོ་གླེང་གི་སྐལ་བ་མེད་སོང་བ་རྣམས་ལ་བསམས་ན་སེམས་ལ་འགྱོད་པ་ཞིག་རེད་དེ། འདི་ནི་བགྲོ་གླེང་གཏོང་འཛིན་བྱེད་མཁན་གྱི་བྱ་སྤྱོད་ལ་ཐུག་ཡོད་པས་བྱ་ཐབས་གཞན་ནི་མེད།
འཆད་ཁྲིད་དེ་གྲོལ་རྗེས་ངས་ཁོང་ལ་འཕྲིན་ཕྲན་གྱི་ཐོག་ནས་“འཆད་ཁྲིད་དེ་ལ་བྲོ་བ་དཔེ་བྱུང་སོང་། ད་དུང་དུས་ཚོད་ཏོག་ཙམ་ཡོད་ན་བསམ་བསམ་འདྲ་བྱུང་། བཀའ་དྲིན་ཆེ།”ཞེས་ཞུས་པར་ཁོང་གིས་“ཡ་ཡ། བཀའ་དྲིན་ཆེ། ནང་ཀ་གནངས་ཉིན་ཁོམ་ན་ཤོག་ད་ཐུག་ལ། ད་གི་གླིང་རྒྱ་གི་ཞི་ལུ་ཞིག་ཡོད་ནོ་ཁྱེད་གཉིས་ཀ་ཤོག་ར། འུ་ཆོ་ཟ་ཁང་ཞིག་གི་ནང་ཟ་མ་བཟའ་རུ་སོང་ན་ཆོག་གི་”ཞེས་ཆེ་འགྱིང་ཁེངས་དྲེགས་ཀྱི་རྣམ་པ་ཙམ་ཡང་མེད་པར་ནང་མོལ་མཛད་པ་ནི་མི་དང་མིའི་བར་བརྩི་བཀུར་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་ཅི་ལ་མིན་བསམ་པའི་སེམས་ཚོར་བྱུང་བ་བཅས་གནས་ཚུལ་མདོར་བསྡུས་ཙམ་ཡིག་རིས་སུ་ཕབ་པའོ།། །།
ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ ཉིན་ཡིད་ལྷུང་ཚེ་རིང་ཡེ་ཤེས་སམ་དྲྭ་མིང་རྨོངས་རྟོལ་དུ་འབོད་པ་དེའི་སྤོས་ལྡན་གྲོང་གི་རང་ཤག་ཏུ་སྦྱར་པའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=770
དཔྱད་མཆན་སྤེལ།