དཔེ་ཀློག་པ་ཞིག་ལ་མཚོན་ན་དཔེ་ཆ་བདམ་གསེས་བྱེད་སྟངས་སྣ་ཚོགས་ཡོད་ངེས་ཤིང་། གུས་པ་རང་ཉིད་ལ་མཚོན་ན་མི་སྣའི་རྣམ་ཐར་དང་ལམ་ཡིག་སོགས་ལ་དམིགས་བསལ་དང་འདོད་ཆེ༑ བོད་པ་རང་གིས་བརྩམས་པའི་ལམ་ཡིག་དག་ལས་ཉེ་རབས་ལྟ་བུར་མཚོན་ན་དགེ་ཆོས་ཀྱི་«གཏམ་རྒྱུད་གསེར་གྱི་ཐང་མ་»དང་ནམ་མཁའི་ནོར་བུའི་«བྱང་འབྲོག་ལམ་ཡིག» སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་གི་«ལམ་ཡིག་གསལ་བའི་དམིགས་བུ།» ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གི་«སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་»སོགས་ནི་ཚིག་དོན་གཉིས་ཐད་ནས་མགུ་བའི་ཡོང་རྩེར་ཕྱིན་མྱོང་༑

འདིའི་བདུན་ཕྲག་གཅིག་གི་ནང་རྒྱ་ནག་གི་བཙུན་པ་གཉིས་ཀྱི་ལམ་ཡིག་ལ་ཞིབ་མཇལ་བྱས་ཤིང་། དེ་རིང་གཟའ་ཉི་མའི་ཞོགས་པར་«ལམ་ཡིག་གསལ་བའི་དམིགས་བུ་»སླར་ཡང་ཐེངས་གཅིག་ཞལ་མཇལ་ཞུས༑ ལམ་ཡིག་གོང་མ་གཉིས་ནི་ཡུན་རིང་མཇལ་འདོད་ཀྱི་སྤུ་ལོང་རབ་ཏུ་གཟེང་ཡང་ད་ལྟའི་དབར་ལེ་ལོ་དང་སྒྱིད་ལུགས་ཀྱི་ཆོམ་རྐུན་དང་འཕྲད་ནས་ལུས་སོང་༑ ལམ་ཡིག་དེ་གཉིས་ནི་རྒྱའི་བཙུན་པ་«ཧྥ་ཤཱན་ལམ་ཡིག»དང་«རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་»ཞེས་པ་སྟེ། སྡེ་སྣོད་འཛིན་པ་ཡཱེ་ཅིན་གྱི་ལམ་ཡིག་ཡིན༑

«ཧྥ་ཤཱན་ལམ་ཡིག»འདི་སོག་པོ་རྟ་དབྱངས་ཀྱིས་ཧོར་སྐད་ནས་བོད་བསྒྱུར་བྱས་པ་ཞིག་དང་བཀྲས་མཐོང་བ་ཚེ་དབང་ཆོས་རྒྱལ་གྱིས་དབྱིན་སྐད་ནས་བོད་བསྒྱུར་བྱས་པ་ཏེ། འགྱུར་མི་འདྲ་བ་གཉིས་འདུག་ཅིང་རང་ཉིད་ཀྱི་ཚོར་སྣང་དང་བསྟུན་ན་འགྱུར་སྔ་མ་ཅུང་ཙམ་ཡག་སྣང་ཤར་མོད་ཀྱི། ཚོར་སྣང་ནི་ཚོར་སྣང་ཙམ་སྟེ། མ་ཡིག་དངོས་ལ་མཇལ་བའི་བློ་མིག་དང་ཤ་མིག་གཉིས་ཀ་བྲལ་བས་འདི་ཡིན་དེ་མིན་གྱི་བཤད་པའི་སྒྲོབ་ཉམས་ཀྱང་སྟོན་ཐབས་ཡོད་རེ་སྐན༑ དེ་བཞིན་བཙུན་པ་ཧྥ་ཤཱན་ནི་སྤྱི་ལོ་374—462དབར་གྱི་རྒྱ་ནག་གི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཅིང་། ལོ་རྒྱུས་དུས་ཡུན་ཤིན་ཏུ་སྔ་དྲག་པས་བོད་འགྱུར་གྱི་ལམ་ཡིག་རང་ལ་ཡང་དེ་ཙམ་དཔྱོད་སྤོབས་མ་བྱུང་༑

སྡེ་སྣོད་འཛིན་པ་ཡཱེ་ཅིན་གྱི་ལམ་ཡིག«རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་»ཞེས་པ་ནི་སྐབས་དེར་རྒྱ་གར་ཡུལ་དུ་བགྲོད་པའི་བཙུན་པ་ལྔ་བཅུ་ང་དྲུག་གི་རྣམ་ཐར་འཁོད་འདུག་པས། བཙུན་པ་དེ་དག་གི་འཕྲལ་གྱི་དགའ་སྐྱོའི་རང་མདངས་དང་ཕུགས་ཀྱི་དགོངས་པ་ཟབ་མོ་ལ་མཇལ་ན། རང་ཉིད་ཀྱང་རང་དབང་མེད་པར་མིག་ནས་མཆི་མ་འདྲིལ་ཞིང་ཅི་ཞིག་བྱེད་འདོད་པ་དང་། ཡང་ན་ཅི་ཞིག་བརྩོན་འདོད་པ་སོགས་སྐད་ཅིག་མ་གཅིག་གི་ཡུན་ནི་སྡོད་མི་ཚུགས་བར་འགྱུར༑ དེ་བས་དེང་གི་ཅང་སུའུ་ནན་ཅིན་ནས་ཡིན་པའི་འདུལ་བ་པ་ཤཱན་ཀེ་ལྟ་བུ་མཚོན་ན་གཙང་ཁྲིམས་ལེགས་སྲུང་གི་མཛད་སྤྱོད་དང་ཤེས་ཡོན་རིག་གནས་ཀྱི་རྣམ་དཔྱོད་སོགས་ལ་བསམ་ན་ལྷག་ཏུ་ཡིད་ཀྱི་དང་བ་འདྲེན་པ་ཞིག་རེད༑

གུས་པས་ད་དུང་ལམ་ཡིག་འདི་ཉིད་ལས་དོགས་སློང་གཅིག་དང་བསམ་གཞིག་གཅིག་ཁོ་ན་བྱེད་དགོས་སྣང་ཤར་བ་ནི་འདི་ལྟར་ཏེ། ལམ་ཡིག་འདིར་བཙུན་པ་ལྔ་བཅུ་ང་དྲུག་ཙམ་ཤར་ནས་ནུབ་ཏུ་རྒྱ་གར་ལ་ཆས་ཤིང་དེའི་ཁྲོད་དུ་ཀོ་རི་ཡ་དང་ཨ་ཧྥུ་ག་ནི། ཁལ་མིག ཝེ་ཐི་ནཱམ་ཞེས་པ་སོགས་ནས་ཀྱང་འདུག་པས། རང་རེའི་ཐོན་མི་སཾ་བྷོ་ཊ་ཡང་དུས་སྐབས་འདིའི་ནང་ཡིན་པས་ཟུར་ཙམ་འཁོད་དགོས་པར་འདུག་ཀྱང་མེད་པ་དེ་ལ་དོགས་པ་ཞིག་མ་སྐྱེས་རང་སྐྱེས་ལགས༑ ཏུའུ་ཧོང་ཡིག་ཚགས་སུ་ཐོན་མིའི་སྐོར་ཚིག་གཅིག་ཀྱང་མ་འཁོད་པས་མེད་པར་འདོད་མཁན་ཡོད་མོད། ཏུའུ་ཧོང་ཡིག་ཚགས་སུ་མ་འཁོད་པ་ཙམ་གྱིས་མེད་པའི་ཁྱབ་པ་ཅི་ཡང་མ་གྲུབ་ནའང་། སྐབས་འདིར་ཟུར་ཙམ་ཞིག་འཁོད་དགོས་པར་སྣང་༑

རྒྱུ་མཚན་ནི་བཙུན་པ་ཡཱེ་ཅིན་སྤྱི་ལོ་671ལོར་མཚོ་ལམ་རྒྱུད་དེ་ནུབ་ཏུ་ཕེབས་ཤིང་695ལོར་འགྲུལ་བཞུད་མཇུག་བསྡུས་པས། གལ་ཏེ་ཐོན་མི་སོགས་བོད་ཕྲུག་ཁག་ཅིག་རྒྱ་གར་དུ་མངགས་ཡོད་པའི་དབང་གཏོང་ན་དུས་སྐབས་འདིར་ངེས་དགོས་ཤིང་། རྒྱ་ནག་ནས་ནུབ་ཏུ་ཕེབས་པའི་བཙུན་པ་ཁ་ཤས་རྒྱ་བཟའ་ཀོང་ཇོས་སྣེ་ལེན་དང་ཕེབས་སྐྱེལ་སོགས་བྱས་འདུག དེར་བརྟེན། རྒྱ་ནག་གི་བཙུན་པ་དེ་དག་བོད་དང་འབྲེལ་བ་ནི་འདུག་ཅིང་ལྷག་པར་སྐབས་དེར་རྒྱ་གར་དུ་ཕེབས་པའི་བཙུན་པ་ཤཱན་ཀྲོ་ཞེས་པ་ནི་དེང་གི་སཱན་ཤིའི་ཞིང་ཆེན་ཧཱ་ཡེན་རྫོང་ནས་(陕西华陰县)ཡིན་པར་གྲགས་ཤིང་། ཁོང་རྒྱ་བཟའ་ཀོང་ཇོས་རྟ་པ་མང་པོ་མངགས་ཏེ་རྒྱ་གར་བྱང་ཕྱོགས་སུ་བསྐྱལ་བ་དང་། སྦྱོང་པ་གྲུབ་སྟེ་ཕྱིར་ཕེབས་སྐབས་ཀྱང་བལ་ཡུལ་གྱི་རྒྱལ་པོས་བོད་བར་དུ་བསྐྱལ་བ་དང་བོད་ནས་ཀོང་ཇོས་སྣེ་ལེན་ཟབ་རྒྱས་བྱས་པ་མ་ཟད། ལམ་ཆས་དང་ཁལ་རྟ་སོགས་ཕུལ་ཏེ་ཐང་གི་ཕྱོགས་སུ་བསྐྱལ་བར་བཤད༑

ཐོན་མི་སཾ་བྷོ་ཊ་རྒྱ་བཟའ་ཀོང་ཇོ་མ་བསུས་སྔོན་ནས་རྒྱ་གར་དུ་བཏང་ཡོད་པར་སྒྲུབ་མཁན་ཡོད་ཀྱང་དེ་ལ་གཏན་ཚིགས་དེ་ཙམ་མེད་མོད་གལ་ཏེ་རྒྱ་གར་དུ་ཕེབས་ཡོད་པའི་དབང་དུ་གཏོང་ན། རྒྱ་བཟའ་བསུས་རྗེས་དེའི་ཤུགས་རྐྱེན་ལ་བརྟེན་ནས་མངགས་སྲིད་པ་སྐབས་དེའི་རྒྱ་ནག་གི་གནས་སྟངས་ལ་བལྟས་ན་གསལ་བར་རྟོགས་ཐུབ༑ དེར་བརྟེན། རྒྱ་ནག་གི་བཙུན་པ་འདི་ཀོང་ཇོ་དང་འབྲེལ་བ་ཆེ་ཙམ་འདུག་པས་བོད་ཡུལ་ནས་མངགས་པའི་བོད་ཕྲུག་དེ་ཚོའི་སྐོར་ནས་ཀྱང་བག་ཙམ་གསལ་དགོས་ངེས་ལ་ཚིག་གཅིག་མ་བྱུང་བ་ནི་ཤིན་ཏུ་མཚར༑

གུས་པས་བལྟས་ན་འདི་ནི་ལོ་རྒྱུས་ཀྱི་དོན་གནད་ཆེན་པོ་ཞིག་ཡིན་པར་སྙམ་ལ་གལ་ཏེ་སྐབས་འདིར་ཐོན་མི་སོགས་བོད་ཕྲུག་འགའ་ཡི་སྐོར་རོབ་ཙམ་འཁོད་ཡོད་ན། པོ་ཏི་ཕངས་ཆེན་བོད་འགྱུར་བྱས་ཟེར་བ་སོགས་ནི་མི་འགྲུབ་པ་དེ་ཙམ་མིན་པ་རྒྱ་ནག་གི་བཙུན་པ་དག་གི་འཕྲིན་ལས་ལ་བལྟས་ན་ངེས་ཐུབ༑ དཔེར་ན། ཐང་ཟིན་བླ་མས་ལེགས་སྦྱར་སྐད་ཀྱི་ཆོས་དཔེ་657ལྷག་གོང་མ་ལ་ཕུལ་བ་དང་ཡཱེ་ཅིན་གྱིས་ཆོས་དཔེ་པོ་ཏི་400ལྷག་རྒྱལ་མོར་ཕུལ་འདུག དེའི་ཁྲོད་དུ་ཐང་ཟིན་བླ་མ་ལ་འགྱུར་གཞུང་པོ་ཏི་75དང་བམ་པོ་1335། ཡཱེ་ཅིན་ལ་འགྱུར་གཞུང་པོ་ཏི་61དང་བམ་པོ་239ལྷག་ཡོད་སྐད༑ ཡིན་ན་ཡང་བོད་ལ་ཐོན་མིའི་སྔོན་ཡི་གེ་ཡེ་ནས་མེད་པར་འདོད་པ་སྨྲ་བའི་ལུགས་ལྟར་ན་འདི་ཡང་འགྲུབ་ཐབས་མེད་ཀྱང་། དུས་རབས་བདུན་པའི་སྔོན་བོད་ལ་ཡི་གེ་ཡོད་པ་བོད་རང་གི་ཡིག་ཚང་ཕལ་ཆེ་བར་གྲགས་ཤིང་། རིག་པས་ཀྱང་འགྲུབ་པ་མ་ཟད་རྒྱ་ནག་བཙུན་པ་ཐང་ཟིན་བླ་མའི་ལམ་ཡིག་རྒྱ་དཔེའི་གསལ་བོར་ཡོད་སྐད༑

གཞན་ཡང་བསམ་གཞིག་བྱེད་དགོས་པ་ཞིག་ནི་ནཱ་ལེནྡྲའི་དགོན་སྡེའི་ལམ་ལུགས་དེ་རེད༑ སྔར་སྒོ་ཤེར་ལགས་ཀྱིས་ནཱ་ལེནྡྲའི་དགོན་པ་ལ་མཚོན་ན་ཡོན་ཏན་མཐོ་དམན་འབའ་ཞིག་མ་གཏོགས། ལོ་རྒན་གཞོན་དང་རྒྱུ་ནོམ་པ། ཐོབ་གོ་ས་སོགས་གང་ཡང་མི་གཙོ་ཟེར་ནས་«ནཱ་ལེནྡྲའི་རིག་གནས་སྙིང་སྟོབས་»ཞེས་པ་བྲིས་ཤིང་གཏམ་བཤད་རབ་དང་རིམ་པ་སྤེལ་ཡང་། དེ་ལྟ་བུ་ཞིག་ནི་མིན་པར་འདུག་ཀྱང་སྤྱིར་བཏང་དགོན་སྡེའི་ལམ་ལུགས་ནི་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་ཏུ་སྣང་ངོ་།། འོན་ཀྱང་། འདིའི་སྐོར་ཕྱིས་སུ་དུས་ཚོད་དང་རྒྱུ་ཆ་མང་པོ་བཙལ་ནས་ཟུར་དུ་རྩོམ་ཡིག་རྒྱས་པ་ཤིག་བྲི་འདུན་སྔར་ནས་ཡོད་ལ་ཤོག་ངོས་ལྔ་བཅུ་ཡས་མས་བྲིས་ནས་ལོ་ཁ་ཤས་འགོར་མོད། གནས་སྐབས་འབྲི་མཚམས་བཞག་སྟེ་རྗེས་སུ་དལ་ཁོམ་དང་འོས་བབས། ཁོར་ཡུག་སོགས་ཆ་རྐྱེན་འཛོམས་ཕྱིན་འབྲི་འཆར་ཡོད་པས་དེ་རིང་འདིར་གླེང་བར་མི་བྱའོ།།

ཞེས་2018/11/25ཉིན་ཏཱ་དབེན་ཤེར་དབང་ནས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=769