ངའི་ཐག་ཉེ་ནའང་མི་རིགས་ཤིག་གི་གནས་བབས་གླེང་དུས། ཁུ་ཚུར་གྱིས་ཅོག་ཙེ་རྡུང་མཁན་མང་ལ། མནའ་ཆེན་འགའ་ཁྱུར་མེད་གནང་མཁན་དེ་བས་ཀྱང་མང་མོད། སྐར་མ་འགའ་རེའི་རྗེས་སུ་ཆུ་ཁའི་ལྦི་བ་བཞིན། ངང་གིས་ཡལ་ཏེ། ལྷོད་ཆགས་ཀྱིས་རང་དོན་གཉེར་བ་ལས། རྒྱུན་འཁྱོངས་ཀྱིས་ལས་ཀ་གཉེར་མཁན་ཤིན་ཏུ་དཀོན་པོ་རེད། དེ་དག་མཐོང་ཡོང་དུས། ང་ངོ་མ་དགོད་སྤྲོ་ལ་ངུ་ཡང་ཤོར་འགྲོ་བ་ཞིག་གོ།དོན་དངོས་ཁོ་ཚོ་གང་གི་ཐད་ནས་ཤེས་འཇོན་ཆེན་པོ་ཡོད་མཁན་དག་ཡིན་པ་ལས། རང་ལྟ་བུའི་ནུས་མེད་འུག་སྒྲོག་མཁན་ཞིག་གཏན་ནས་མ་ཡིན་ནོ།། ཡིན་ནའང་། འདི་ལྟར་བལྟས་ཡོང་ན་དོན་དངོས་མི་རིགས་འདིའི་དར་རྒུད་ཀྱི་ཆེད་ཤ་གསེང་རུས་གསེང་དུ་ན་ཟུག་ཡོད་མཁན་ག་ཚོད་ཡོད་པ་རེད་དམ།་ངའི་མི་རིགས་འདི་་་་་་
འདི་ལྟར་མར་མར་སོང་ན།རྒུད་པ་ལས། རྒྱལ་བའི་དུས་ཞིག་ག་ལ་ཡོད་སྙམ།
གོང་གི་ཆེན་པོར་རློམ་པ་དག་གིས་དབུ་ཁྲིད་བྱས་པ་ཡིན་ན། གཞན་དག་གིས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱས་ཆོག་པ་རེད་མ་གཏོགས། དབུ་ཁྲིད་པའི་སྡེར་རློམ་པ་དག་གིས་ཁ་ནས་སྐྱིད་པོ་རེ་བཤད་ནས། གང་ཞིམ་པོ་ཟས། གང་འཇམ་པོ་གྱོན། གང་སྐྱིད་སར་སོང་བསྡད་པ་ཡིན་ན། ཤུལ་ཏུ་ལྷག་པ་དག་གིས་མཛུབ་མོ་གཅིག་གིས་གནམ་མི་ཐེགས་པ་དང་། གྲོག་མའི་གཅིན་གྱིས་ས་མི་བརླན་པའི་དཔེར་འགྱུར་བ་ནི་མཐོང་བ་མངོན་འགྱུར་རེད་བསམ་བྱུང་། འདི་ལྟར་བལྟས་ཡོང་ན། ཉེ་ལམ་བཤད་མཁན་དང་སྒྲུབ་མཁན་གཉིས་ལས་བཤད་མཁན་མང་ལ། སྒྲུབ་མཁན་གྱི་བརྒྱ་ཆའི་ཉི་ཤུ་ཙམ་མ་གཏོགས་ཟིན་གྱི་མེད་པ་འདྲ། དེ་ལྟར་གྱུར་བ་ཡིན་ན། ཁ་ནས་མི་རིགས་དང་རིག་གཞུང་ལབ་པ་ཙམ་གྱིས་ཅི་ལ་ཕན་ནམ། ངོ་མ་སེམས་སྡུག་གི། ངས་ནམ་རྒྱུན་སློབ་ཆེན་སློབ་མ་འགའ་དང་། ཞེ་སེམས་མཐུན་པའི་ཆོས་གྲོགས་འགར་དེའི་སྐོར་ནས་ལབ་གླེང་མང་པོ་བྱེད་མྱོང་། ཡིན་ནའང་། ང་ཚོར་གང་ཅིའི་ཐད་མ་འདང་ས་མང་བས། ལྷག་བསམ་རྐྱང་བ་ཞིག་གིས་ཆེན་པོ་སྒྲུབ་ཐུབ་ཟེར་བ་དཀའ་མོ་རེད་འདུག
ང་ཚོས་དེ་ལྟར་ལབ་གླེང་བྱེད་དུས། ཉན་རྣ་མཁན་མང་པོ་ཞིག་གིས་ཁོང་དགོད་རྒྱག་ཞོར། གན་ཚོ་ལབ་ཆེ་གཱ རང་མགོ་ཐོན་གྱིན་མེད་དུས་ཤིག་ལ། ད་དུང་མི་རིགས་ཀྱི་དར་རྒུད་གླེང་ཁུལ་བྱས། ངོ་མ་སྙིང་རྗེ་བསམ་མཁན་མང་པོ་འདུག རེད་དེ། དེ་ཡང་གནས་ལུགས་མེད་པ་ཞིག་གཏན་ནས་མ་རེད། འོན་ཀྱང་།ཞིབ་ཏུ་བལྟས་པ་ཡིན་ན། ང་ཚོ་ད་ལ་མ་ཐུགས་ཀྱི་བར་དུ་དེ་ལྟར་བསམ་མཁན་མང་སོང་བའི་རྐྱེན་གྱིས་འདི་ལྟར་མར་རྒུད་པ་ལས། གོང་འཕེལ་གྱི་ཆ་མེད་པ་མ་ཡིན་ནམ་སྙམ་བྱུང་། གང་ལྟར། བརྒྱ་བཤད་ཚིག་གི་རྩ་བ།། སྟོང་བྱུག་འོ་མའི་མར་ལོ།། གང་ཞེ་ན། ང་ཚོ་མཐོ་དམན་སུ་ཡིན་རུང་། རང་ཉིད་ནས་མགོ་བརྩམས་ཏེ་མི་རིགས་སྤྱི་ལ་བྱ་བ་རེ་སྒྲུབ་ཨེ་ཐུབ་ལྟ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་སྙམ། དངོས་གནས་དེ་ལྟར་མ་བྱས་པར། སྔར་བཞིན་རང་དོན་ཏག་ཏག་གི་ཆེད་དུ་མི་ཚེ་གཟད་པ་ཡིན་ན། མི་རིགས་འདི་ལ་སུ་ཞིག་གིས་བདག་པོ་བྱེད་པ་རེད། ཞིབ་ཏུ་བསམ་གཞིགས་རེ་གཏོང་རྒྱུ་གལ་ཆེ་བར་སྙམ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=767
ཉེ་མཆན།