མདོ་དབུས་མཐོ་སྒང་འདི་ཉིད་འཇིག་རྟེན་དང་ཁ་གྱེས་ནས་ལོ་འཁོར་སྟོང་དང་དགུ་བརྒྱ་ང་བརྒྱད་ཙམ་དུ་ཁུ་སིམ་དང་སྦས་པའི་ཞིང་ཁམས་ཤིག་ཏུ་གནས་ཤིང་། དུས་ཡུན་དེ་དག་གི་ནང་ནས་རང་ཉིད་ཁོ་ན་ལ་དབང་བའི་བསམ་བློ། འདུ་ཤེས། རིག་གནས། ཡུལ་སྲོལ། དད་མོས་སོགས་སྤེལ་ཞིང་དར་ནས་ནར་སོན་པ་ལས་སླར་ཡང་ལོ་འཁོར་དྲུག་ཅུའི་སྔོན་ནས་འཛམ་གླིང་ལ་སྒོ་མོ་ཕྱེས་ཏེ་ཕྱིའི་མཉམ་འདྲེས་སྣ་མང་ཅན་གྱི་རིག་གནས་དང་འདུ་ཤེས། ཡུལ་སྲོལ་དང་དད་མོས་དག་ལ་གདོང་སྤྲད་ཅིང་། ད་ལྟ་རིག་གནས་དེ་དག་དང་མཐུན་འགྲིག་དང་མཉམ་བསྲེས། གཅིག་གྱུར་དང་འགལ་འདུ་སྣ་ཚོགས་པས་སྐྱོན་ཡོན་དང་དར་གུད་ངོས་ཟིན་དཀའ་ཞིང་ངོ་འཕྲོད་ཐབས་བྲལ་བའི་ཚོད་དུ་གནས་ཡོད། དུས་ཀྱི་འགྱུར་ལྡོག་ཧ་ཅང་རྐྱེན་པས་ལོ་ངོ་དྲུག་ཅུའི་འགྱུར་བའི་ཁྲོད་ནས་ད་ལྟ་གནའ་བོའི་བོད་པའི་ལྟ་གྲུབ་དང་འདུ་ཤེས། རིག་གནས་དང་དད་མོས་གསོན་པོ་ཞིག་འཚོལ་དགོས་ཚེ་རི་ཁུག་དང་ལུང་ཀྱོག་གི་དགོན་སྡེ་དག་ལས་གཞན་གང་དུ་ཡང་རྙེད་མི་སྲིད་པའི་ཚོད་དུ་སྣང་། དེས་མཚོན་ཏེ་བོད་ཀྱི་རིག་གཞུང་དང་བཟང་སྤྱོད་སོགས་ཀྱང་སེར་མོ་བའི་འཇིག་རྟེན་ཁོ་ན་ལ་ཡོད་ཅེས་བཤད་ཀྱང་ཐལ་མི་ཆེ་བའི་ཚོད་དུ་གནས།དེའི་ཕྱིར་སེར་མོ་བའི་འཇིག་རྟེན་ནི་བོད་པའི་འཇིག་རྟེན་དངོས་དང་བོད་པའི་དཀྱིལ་སྙིང་དངོས་དེ་ཡིན་མོད་ཀྱང་། ང་ཚོའི་སྤྱི་ཚོགས་ཀྱིས་ནི་སེར་མོ་བ་དག་སྤྱི་ཚོགས་དང་འཇིག་རྟེན་གྱི་གྲལ་མཐའ་དང་ཁེ་ཕན་གྱི་ཟུར་ཁ་ཁོ་ནར་ཕུད་དེ་གནས་ཡོད། འདི་ལྟར་བཤད་ན་མི་མང་པོའི་དང་ལེན་བྱེད་དཀའ་བ་ཡིན་ཏེ། མི་ཚོས་སེམས་ནང་ནས་སེར་མོ་བ་རྣམས་ནི་བཞུགས་ས་སྐྱིད་པོའི་ནང་དུ་ཟས་གང་ཞིམ་དང་གོས་གང་དྲོ་གྱོན་མཁན་དེ་ཡིན་པས་ཁོང་ཚོ་ནི་ནམ་ཡང་ཁེ་ཕན་གྱི་དཀྱིལ་སྙིང་དང་སྤྱི་ཚོགས་ཀྱི་སྣུམ་ས་ཞིག་ཏུ་གནས་ཡོད་སྙམ་གྱི་ཡོད་པས་སོ། །ཡིན་ནའང་དོན་དངོས་ནི་དེ་ལས་ལྡོག་པ་ཞིག་སྟེ། སེར་མོ་བའི་འཚོ་བ་དང་གནས་བབས་ནི་ཧ་ཅང་སྟབས་བདེ་དང་སྤྱིར་བཏང་ཞིག་ལས་ཅི་ཡང་མེད། དེ་ཡང་དཔེར་མཚོན་ལྟ་བུས་བཤད་ན། སེར་མོ་བས་སློབ་སྦྱོང་བྱས་ཚེ་སློབ་ཡོན་སྤྲོད་མཁན་མེད་པ་མ་ཟད་འགྲོ་གྲོན་ཡང་ཟླ་བ་རེ་བཞིན་སྟོང་དང་སྟོང་བྱས་ཏེ་སྤྲོད་མཁན་མེད་ཅིང་། སྐྱ་བོ་དག་སློབ་གྲྭར་སོང་ན་འབོར་ཆེ་བའི་སློབ་ཡོན་སྤྲད་པ་དང་ད་རུང་ལམ་གྲོན། ཟླ་བ་རེ་རེ་བཞིན་ཟ་ཆས་དང་གྱོན་ཆས། དེ་བཞིན་བསླབ་དེབ་སོགས་དགོས་ངེས་དག་དུས་ལས་མི་གཡོལ་བར་སྤྲོད་པ་དང་། ཤེས་ནུས་ཁ་པར། ལག་ཁྱེར་རྩིས་འཕྲུལ། བུ་ཡིན་ན་སློབ་གྲོགས་དང་ལྷན་དུ་ཆང་འཐུང་བྱེད། དྲྭ་ཁང་ན་རོལ་རྩེད་བྱེད་ཆས། བུ་མོ་ཡིན་ཚེ་གོས་ཡག་པོ་དང་བྱུག་རྫས་སྣ་ཚོགས་སོགས་འདང་ངེས་གཅིག་དང་གཉིས་བྱས་ཏེ་ལོ་གྲངས་ཉི་ཤུ་མ་ཟིན་ཙམ་དུ་སྤྲད་ནས་ཆེས་དེང་རབས་ཅན་དང་སྔོན་ཐོན་ཅན་གྱི་སློབ་གསོ་མྱོང་དུ་འཇུག །དེ་བཞིན་དུ་སློབ་མཐར་ཕྱིན་རྗེས་སུ་ཡང་ཕ་ནོར་ཕུག་ཟོག་ཚང་མ་ཡོངས་རྫོགས་ནས་ཡོངས་རྫོགས་ཁོ་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་ནོད་བཞིན་ཡོད་པས་ཁྱིམ་ཚང་གཅིག་གི་ནང་ནས་ཆེས་ཐོབ་བྱ་ཉུང་ཤོས་ནི་སེར་མོ་བ་དག་ཡིན།
དཔེར་མཚོན་འདི་དྲངས་ཚེ་མི་ཚོའི་སེམས་ན་དེ་འདྲ་ལོས་ཡིན། སེར་མོ་བ་ཚོ་ནི་ཁ་ནས་མ་སེམས་ཅན་ཐམས་ཅད་ཟེར་བཞིན་དུ་ཉལ་ས་དྲོན་པོའི་ནང་དུ་ཉལ་འདུག་མཁན་རྐྱང་པ་ཡིན་ཞིང་། སྐྱ་བོ་ཚོ་ནི་ཁྱིམ་ཚང་ཁ་གསོ་ནམ་ལངས་དང་ཕ་མ་ན་གཡོག་རྒས་གཡོག་བྱེད་མཁན་ཡིན་པས་སོ་བསམ་མཁན་རྐྱང་བ་རེད་འདུག་མོད་ཀྱི།

འདི་ལ་དཔེ་མཚོན་གསོན་པོ་འགའ་དྲངས་ན་གོ་རྒྱུ་འདུག་སྟེ། ཁྱིམ་ཚང་༼ཀ༽་པ་ཚང་ལ་བུ་གསུམ་དང་བུ་མོ་གཉིས་ཡོད། དེ་ལས་བུ་དང་པོས་ཚོང་ལས་དང་། ཆུང་བ་གཉིས་སློབ་གྲྭར་བཏང་། བུ་མོ་ཆེ་བ་གནས་ལ་སོང་ཞིང་བུ་མོ་ཆུང་བ་བཙུན་མ་བྱས་ནས་དགོན་པར་ཕྱིན། ནམ་རྒྱུན་བུ་ཆེ་བས་ཚོང་ལས་བྱེད་པ་དང་། ཕ་མ་གཉིས་ཀྱིས་འབྲོག་ལས་གཉེར་ནས་འཚོ་བ་རོལ་བཞིན་ཡོད། ཉིན་ཞིག་ཕ་རྒན་པོར་གློ་བུར་དུ་ནད་ཚབ་ཆེན་པོ་ཞིག་ཕོག་ནས་སྨན་ཁང་དུ་སྡོད་བཅོས་བྱས་པས་བུ་ཆུང་བ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་། ཕུ་བོས་ཚོང་ལས་གཉེར་བ་དང་། བུ་མོ་ཆེ་བ་མོ་རང་ལ་ཡང་འཁོར་བ་བུ་ཕྲུག་ཡོད་པས་ནད་གཡོག་ཏུ་བཙུན་མ་གཅིག་པུ་ལས་སུ་ཡང་ཁོམ་པ་མི་འདུག །བཙུན་མ་སྐབས་དེ་དུས་མཚམས་དམ་པོར་བསྡད་ཡོད་ཀྱང་དེ་མ་ཐག་གྲོལ་ཏེ་ཁ་བྱམས་དང་ལག་བྱམས་ཀྱིས་ཕ་རྒན་པོར་ཟས་ཁ་རུ་བླུག །མི་གཙང་བ་ལག་གིས་ཕྱིས་ཏེ་ལོ་གཅིག་ཙམ་གྱི་རིང་ལ་ནད་གཡོག་བྱས། དུས་ཡུན་དེ་དག་གི་རིང་ལ་ཕུ་བོ་ཟླ་བ་རེར་ཐེངས་གཅིག་གཉིས་ཙམ་དང་། ནུ་བོ་གཉིས་སློབ་གྲྭའི་ངལ་གསོ་དང་བསྟུན་ནས་ཐེངས་གཉིས་བུ་མོ་ཆེ་བ་ཐེངས་གཅིག་ཐོན་ཏེ་ནད་འདྲི་བྱས་པ་ཙམ་ཡིན། ཡིན་ནའང་ཕ་རྒན་པོས་ནམ་རྒྱུན་ཁོང་ཚོ་ལ་ཁག་མེད་རབས་དང་། ནད་གཡོག་བཙུན་མར་གཡོག་ལུགས་མི་བཟང་བའི་ཁ་རྡུང་སྐྱོན་བརྗོད་བྱེད་པར་མ་ཟད། ཁྱིམ་མི་ཀུན་གྱིས་ཀྱང་བཙུན་མར་ནད་གཡོག་བབས་འོས་ལོས་ཡོད་སྙམ་པ་དང་། གཞན་པ་རྣམས་མི་ཁོམ་པར་ཁག་ཅི་ཡོད་སྙམ་པ་ལས་དེ་ལ་བསམ་གཞིག་བྱེད་མཁན་མ་བྱུང་།

ཡང་ཁྱིམ་ཚང་༼ཁ༽་པ་ཚང་ལ་བུ་གསུམ་དང་བུ་མོ་གཉིས་ཡོད་ཅིང་། བུ་ཆུང་བ་དགོན་པར་བསྐྱལ་ནས་གྲྭ་བ་བྱས་པ་དང་། ཆེ་བ་གཉིས་ཆུང་ངུ་ནས་སློབ་གྲྭར་བསྐྱལ་ནས་ད་ལྟ་གཞུང་ཞབས་ཡིན་པ་དང་། བུ་མོ་གཉིས་གཞན་དུ་གནས་ལ་སོང་བར་འཚོ་བ་ཡང་ཡག་པོ་ཡོད་པས་སྤྱིར་བཤད་ན་ཁྱིམ་ཚང་འདི་ཡུལ་དེའི་འཚོ་བའི་ཆ་རྐྱེན་ཡག་ཤོས་དང་མི་མང་ཆེ་ཤོས་ཀྱིས་སྨོན་གནས་ཤིག་ཏུ་གྱུར་ཡོད། ལོ་འགའི་སྔོན་ནས་བུ་ཆེ་བས་ཁྱིམ་དུ་མནའ་མ་ཁྲིད་ནས་དེ་ལ་ཡང་བྱིས་པ་གཅིག་སྐྱེས་པ་ད་ལྟ་ཨ་མས་གཉོར་བཞིན་ཡོད་ཅིང་། ཨ་མ་ནི་ཁ་མང་ཞིང་སེམས་ཆུང་བ་ཐག་ཆོད་དང་མི་ཆོད་དོན་ཡོད་དང་མེད་ཚང་མར་སེམས་ཁྲལ་དང་ཁུར་ལེན་བྱེད་རྐྱང་བྱེད་མཁན་ཞིག་ཡིན་གཤིས། བུ་དང་མནའ་མ་གཉིས་ཀྱིས་ནམ་རྒྱུན། ཁྱོས་ཅི་ཤེས་རེད་་་་་་་་ དོན་དག་བལྟ་དགོས་མ་རེད་་་་་་་་་ བཤད་རྒྱུ་མང་བ་ལ་་་་་་་་ སོགས་ཅུང་སུན་སྣང་གི་རྣམ་འགྱུར་བཅས་བཤད་ཀྱི་ཡོད་པས་ཨ་མས་ནི་ད་མི་རྒས་ན་ཁྱིམ་གྱི་བུ་བརྒྱུད་ཀྱིས་ཀྱང་མཐོང་ཆུང་བྱེད་ཀྱི་འདུག་སྙམ་པའི་ཡིད་ཆད་ཀྱང་ཡོང་གི་ཡོད། ན་ལོ་ཨ་མ་དང་ཕ་རྒན་གཉིས་ཀ་དགོན་པའི་ནང་དུ་ཆོས་ཚོགས་ཆེན་པོ་འཚོགས་པ་དེ་དང་སྟབས་བསྟུན་གྱིས་བུ་ཆུང་བའི་ཟུར་དུ་ཟླ་བ་གཅིག་ཙམ་བསྡད་རྗེས་འཆི་ཆོས་བསྒྲུབ་རྒྱུ་དང་རང་ཉིད་སོས་དལ་གྱིས་ཚེ་ལྷག་བསྐྱལ་རྒྱུའི་བློ་གསར་པ་བརྙེད་ནས་བུ་ཆུང་བའི་ཟུར་དུ་གཏན་སྡོད་བྱས། ད་ལོའི་ལོ་སར་སྐབས་སུ་ཁྱིམ་དུ་ཞག་ལྔ་ཙམ་བསྡད་སྐབས་བུ་ཆེ་བ་དང་མནའ་མས་ཀྱང་དགའ་དགའ་དང་བྱམས་བྱམས་བྱས་ཏེ་ཁོ་ཚོའི་འབྲེལ་བ་ཡང་བཟང་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་། ད་ནས་བཟུང་སྟེ་ཁོང་ཚང་གི་ཕ་མ་གཉིས་ལ་ཉིན་ཚེ་ལས་མེད་ཀྱང་དགོོན་པའི་ནང་དུ་འདུག་རྒྱུ་ཐག་གཅོད་བྱས་འདུག་ཅིང་ཆེས་ཐ་མའི་ན་གཡོག་དང་རྒས་གཡོག་ཐམས་ཅད་བུ་ཆུང་བས་དགའ་བཞིན་དང་ལེན་བྱས་འདུག །

ཡང་ཁྱིམ་ཚང་༼ག༽་པ་ཚང་གི་ཕ་མ་གཉིས་ཀ་གཞུང་ཞབས་ལས་ཁྱུར་ངལ་གསོ་བྱས་ཟིན་པ་ཡིན་ཞིང་བུ་གཅིག་དང་བུ་མོ་གཅིག་ཡོད་པ་ཡང་གཞུང་ཞབས་ཀྱི་ལས་ཀ་རགས་ཡོད། ཁོང་ཚོར་ཟི་ལིང་དུ་ཁང་པ་ཡོད་ཅིང་བུའི་ཕྲུ་གུ་ཡང་ཟི་ལིང་དུ་སློབ་གྲྭར་བཞག་ཡོད། བུ་དང་མནའ་མ་གཉིས་ཕ་ཡུལ་དུ་ལས་ཀ་ཡོད་པས་ནམ་རྒྱུན་ཟི་ལིང་དུ་ཡོང་ཁོམ་མེད་ཅིང་། ཕ་མ་གཉིས་ཀྱིས་བུའི་ཕྲུ་གུ་སློབ་གྲར་བསྐྱལ་བསུ་བྱེད་པ་དང་སྟབས་བསྟུན་ཏེ་ཕ་ནི་ཉིན་བཞིན་རང་དང་རིགས་མཐུན་པ་འགའ་དང་མཉམ་དུ་འགྲིག་ཤོ་ཁོ་ནར་གཡེང་སྟེ་མི་ཚེ་འཆོལ་ཐབས་བྱེད་ཅིང་། ལོ་རེའི་ལོ་སར་ཉིན་གཅིག་གཉིས་ཙམ་ལ་ཁྱིམ་མི་མཉམ་འཛོམས་ཀྱིས་ཟ་ཁང་དུ་ཟ་མ་ཐེངས་འགའ་མཉམ་ཟ་བྱེད་པ་ལས་གཞན་རང་གི་ཕ་ཡུལ་གྱི་མི་དང་གཉེན་ཉེ། དེ་བཞིན་ཁྱིམ་མི། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་བཅས་པར་དྲན་ཞིང་དགའ་བ་ཙམ་ལས་རྒྱང་རིང་གི་གྲོང་ཁྱེར་ཞིག་ན་འགྲིག་ཤོ་ཙམ་གྱིས་ཉི་མ་བསྐྱལ་ནས་འཆི་བར་སྒུག་བཞིན་བསྡད་ཡོད།
ད་རུང་འདི་དང་འདི་འདྲ་བའི་དཔེ་མཚོན་བཞག་ན་ཧ་ཅང་མང་ཞིང་ད་ལྟའི་སྤྱི་ཚོགས་ཀྱི་འགྱུར་བ་འདི་དང་བསྟུན་ན་གནས་ཚུལ་འདི་རིགས་ཚབ་ཆེན་རང་བཞིན་དུ་འགྱུར་ངེས་ཡིན་པས་མི་རྣམས་ཀྱིས་བུ་ཚང་མ་གྲྭ་པ་བྱས་ན་ཕ་མ་བལྟ་མཁན་མེད་པར་འགྱུར་གྱི་རེད་སྙམ་པའི་བལྟ་ཚུལ་དེ་ལ་འགྱུར་བ་བཏང་སྟེ། མ་མཐའ་ཡང་བུ་བརྒྱུད་གཅིག་སེར་མོ་མ་བྱས་ཚེ་ཕ་མ་ལ་བལྟ་མཁན་མེད་པར་འགྱུར་གྱི་རེད་སྙམ་ན་དོན་དངོས་དང་མཐུན་ཤས་ཆེ་བར་གྱུར་འདུག་སྙམ།

ད་རུང་ཞིབ་ཙམ་བཤད་ན། སློབ་གྲྭར་ཕྱིན་ནས་གྲོང་ཁྱེར་དང་གྲོང་བརྡལ་ན་ཕ་མའི་རྔུལ་ཆུ་ལས་བྱུང་བའི་སྒོར་མོ་སློབ་ཡོན་དང་ཟས་གོས་སོགས་དགོས་ངེས་ཀྱི་འགྲོ་གྲོན་ཕར་བཞག །ཆང་འཐུང་སྤྱད། དགའ་རོགས་སྒྲིག་སྤྱད། སྐྱེས་སྐར་རོལ་སྤྱད། ལག་རྟགས་ཉོ་སྤྱད་སོགས་གང་ལ་གང་འདོད་ཁྱེར་ནས་སློབ་གྲྭ་ཆེ་འབྲིང་གི་ནང་དུ་རྩེ་མཁན། གཉིད་མཁན། གཡེང་མཁན་དག་སྐྱ་བོ་ཡིན་ཞིང་། དགོན་པས་སྒྲིག་བཀོད་བྱས་པའི་གྲྭ་ཁང་དུ་སྟབས་བདེ་ཐབས་ཆག་ཙམ་གྱི་འཚོ་ཆས་ལ་བརྟེན་ནས་སློབ་ཡོན་མི་དགོས་པའི་དགོན་སྡེའི་སློབ་གསོ་མྱོང་བཞིན་དུས་ཚོད་དང་ཁོམ་སྐབས་ཡོད་དུས་གྲོང་ཆོག་ཙག་ཙིག་གིས་ཚོད་མ་ཉོ་ཆས་ཁ་གསབ་བྱེད་བཞིན་འཚོ་བ་རོལ་མཁན་སེར་མོ་ཡིན། དེ་བཞིན་དུ། སློབ་གྲྭ་ལ་ཁ་པར་མེད་ཐབས་ཆག་ཡིན་ཞིང་། ཁ་པར་ནང་དུ་སྒོར་མ་མི་བླུག་ཐབས་མེད་ཡིན། སྐྱེས་སྐར་མ་རོལ་ན་སློབ་གྲོགས་ཚོས་མཐོང་ཆུང་བྱེད་སྲིད་ཅིང་། སྒོར་མོས་མ་འདང་ན་འཆལ་སྤྱོད་བྱེད་སྲིད་སོགས་རྒྱུ་མཚན་སྣ་ཚོགས་ཀྱིས་ཁྱིམ་ཚང་གཅིག་གི་ཁེ་ཕན་མང་ཆེ་བ་མྱོང་མཁན་སྐྱ་བོ་ཡིན་ཞིང་། སེར་མོ་བ་ཡག་མ་ཡག་ཅི་ཡོད། གྲྭ་བས་ཁ་པར་མ་བཟུང་ན་ཡག་རེད། དགོན་པས་ཟླ་ཕོག་ཡོད་རེད་དུས། གྲོང་ཆོག་ལ་སོང་ན་འབུལ་བ་ཡོད་རེད་དུས། འདུག་གདན་ཐོག་དང་སྙབ་སྡེར་ཐོག་རེད་དུས་སོགས་རྒྱུ་མཚན་སྣ་ཚོགས་ཀྱིས་ཁྱིམ་ཚང་གཅིག་གི་ཁེ་ཕན་གྱི་ཟུར་ཁ་ན་ཡོད་མཁན་ནི་ནམ་ཡང་སེར་མོ་བ་དག་ཡིན་ངེས། མཐར་ཐུག་གྲྭ་བ་ནི་ཕ་མ་དང་ཁ་བྲལ་ནས་དགོན་པའི་བལྟ་སྐྱོང་དང་རང་གི་གྲོང་ཆོག་ལྟ་བུའི་ཡོང་བབས་སྟབས་བདེ་ཞིག་ལ་བརྟེན་དགོས་ཤིང་། སྐྱ་བོ་ཚོར་ཕ་མེས་ཀྱི་བཞག་པ་དང་ཕུག་ནོར་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་གྱིས་སྤྱོད་ཆོག་པ་ཡིན།

དེ་ལྟ་ནའང་ཕ་མ་རྒས་ན་ཁ་བྱམས་ལག་བྱམས་ཀྱིས་འགྲོགས་མཁན་སེར་མོ་བ་ཡིན་ཞིང་། རང་ཉིད་ལ་ཕ་མ་དང་འགྲོགས་པའི་ཁོམ་ལོང་མེད་པར་མ་ཟད་རང་གི་བུ་ཕྲུག་ཀྱང་ཕ་མའི་སྔུན་དུ་གཡུག་མཁན་སྐྱ་བོ་དག་ཡིན། ཕ་མ་ན་ཚེ་སུན་སྣང་དང་མཚེར་སྣང་མེད་པར་གཡོག་མཁན་སེར་མོ་བ་ཡིན་ཞིང་། རང་ཉིད་ཀྱི་ལས་ཀ་དང་ཁེ་ཕན་མང་པོས་བལྟ་སྐོར་ཙམ་ལས་མི་ཁོམ་མཁན་སྐྱ་བོ་དག་ཡིན། ཕ་མ་ཤི་རྗེས་ལོ་དང་ཟླ་བ་བྱས་ཏེ་རང་ཉིད་མ་ཤི་བར་དུ་ཕ་མའི་ཤི་ཆོས་སྒྲུབ་མཁན་སེར་མོ་བ་ཡིན་ཞིང་། ཕ་མ་ཤི་རྗེས་ཞག་རེ་དང་ཟླ་རེ་ནས་རིམ་བཞིན་བརྗེད་དེ་རྗེས་མེད་དུ་འགྲོ་མཁན་སྐྱ་བོ་དག་ཡིན། དེས་ན་རྒྱུ་མཚན་དེ་དག་གིས་ཁྱིམ་ཚང་ཞིག་གི་ཁེ་ཕན་མྱོང་མཁན་སུ་ཡིན་པ་དང་། ཕ་མ་དག་ལ་དོན་དངོས་ཀྱི་ཕན་པ་སྒྲུབ་མཁན་སུ་ཡིན་གསལ་བོར་ཤེས་ཐུབ་པ་ཡིན་ཞིང་།

སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན། གྲྭ་བས་མི་ཚེ་གཅིག་ལ་སློབ་ཁྲིད་བྱས་ཀྱང་སྤྱི་ཚོགས་འགན་སྲུང་དང་དུས་ལས་མི་གཡོལ་བའི་ཟླ་ཕོག་སྤྲོད་མཁན་མེད་ཅིང་། གྲྭ་བས་དགོན་པའི་ཚོང་ལས་ཇི་ཙམ་གཉེར་ཀྱང་རང་ལ་ཁེ་ཕན་ཐོབ་བྱ་མེད། གྲྭ་བས་དགོན་སྡེ་དོ་དམ་མི་ཚེར་བྱས་ཀྱང་ཁེ་ཕན་སྤྲོད་མཁན་མེད་ཅིང་། ཚེ་དང་སྒྲུབ་པ་མཉམ་ཀྱང་འཚོ་བར་འགན་སྲུང་བྱེད་མཁན་མེད། ཁོང་ཚོ་ནི་མི་ཚེར་གཞན་གྱི་ཁེ་ཕན་དང་བདེ་སྡུག་ལ་སེམས་ཁུར་བྱེད་པའི་དང་བླངས་པའི་ཁྱུ་ཚོགས་ཅིག་སྟེ། ས་ཡོམ་བྱུང་དང་ཆུ་ལོག་བྱུང་ཚེ་ཁོ་ཚོ་ཐེངས་དང་པོར་ཐོན་དགོས་ཤིང་། ན་ཚ་དང་ཤི་ཆད་བྱུང་ཚེ་ཁོ་ཚོ་དུས་ལས་མི་གཡོལ་བ་སླེབས་དགོས། གྱོད་བྱུང་ན་ཁོ་ཚོས་འདུམ་དགོས་ཤིང་རོ་བྱུང་ན་ཁོ་ཚོས་ཁུར་དགོས། རང་གི་རིག་གཞུང་ཁོ་ཚོས་སྲུང་དགོས་ཤིང་། སྤྱི་པའི་བདེ་སྡུག་ཁོ་ཚོས་འཚོ་དགོས། ད་རུང་ཁོ་ཚོ་ནི་རང་མྱི་རུལ་བ་དང་ཕྱི་མི་བསམ་ངན་ཚོའི་བརྡུང་ས་དང་བསྡིག་ས་བྱེད་དགོས་པར་མ་ཟད་མཐོང་ཆུང་དང་དམའ་འབེབས་ཀྱང་མྱོང་དགོས།

ད་རུང་དཔེ་མཚོན་འགའ་རེ་བཀོད་ན། དགོན་སྡེའི་དགེ་བཤེས་དང་མཁན་པོ་དག་ནི་རིན་མེད་དང་བླངས་ཀྱིས་མི་ཚེ་རིག་གཞུང་གི་ཆེད་དུ་བསྟིམས་ཤིང་འཆད་རྩོད་རྩོམ་པས་ཞིབ་འཇུག་དར་སྤེལ་བྱེད་མཁན་དངོས་ཡིན་ཞིང་། སློབ་གྲྭའི་ནང་གི་འབུམ་རམས་དང་ཞིབ་འཇུག་པ་དག་ནི་རང་གི་རིག་གཞུང་ལ་བརྟེན་ནས་ཟས་གོས་དང་ཁེ་ཕན་འཚོལ་ཆེད། བཤུ་འབྲི། འདྲ་བཟོ། ཕོ་ཚོད་བྱེད་མཁན་དག་ཡིན།

འདི་ལྟར་བཤད་དུས་ད་རུང་དྲན་འོང་བ་ཞིག་ནི་ན་ལོར་གྲྭ་ལོག་མང་པོ་ཞིག་བགྲངས་ནས་དེ་དང་དེ་ཡང་གྲྭ་ལོག་ཡིན་སོགས་ཀྱི་གྲྭ་ལོག་བཟང་རབས་མང་དུ་བཤད་ནས་དེ་ཡང་གྲྭ་བ་ལོག་པའི་གཟི་བརྗིད་ལྟ་བུར་བརྩི་བ་མཐོང་བྱུང་། མཚར་བ་ལ། དོན་དངོས་སུ་བྱས་ན་མི་སྣ་དེ་དག་གི་གང་འཇོན་གང་ཤེས་ཐམས་ཅད་གྲྭ་ལོག་བྱས་པའི་དགེ་མཚན་མ་ཡིན་པར་གྲྭ་བ་བྱས་པའི་སྐུ་དྲིན་ཡིན་པའི་ཁྱད་པར་ཙམ་ཡང་མ་ཤེས་པར་ད་རུང་འུར་ཞིང་འགྲོག་གི་འདུག།།ཅི་སྟེ་སྐྱ་བོའི་ནང་དུ་གྲྭ་ལོག་ལས་གཞན་པའི་མི་ཤེས་འཇོན་ཅན་མེད་ཚེ་རྒྱུ་མཚན་དེ་གཅིག་པུས་སྐྱ་སེར་སྤྱི་ཚོགས་གཉིས་ཀྱི་རྒྱུ་སྤུས་དང་བར་ཁྱད་གསལ་བོར་མཐོང་སོང་བ་མ་ཡིན་ནམ།

དགོན་སྡེའི་དབུ་ཁྲིད་དག་ནི་གཞན་གྱི་ཁེ་ཕན་གཙིགས་སུ་བཟུང་སྟེ་རང་གི་མི་ཚེ་སྤྱི་པར་ཕུལ་བ་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་དོ་དམ་པ་དག་ནི་རང་གི་ཁེ་ཕན་གཙིགས་སུ་བཟུང་ནས་སྤྱི་པའི་ལས་དོན་རང་གི་འཚོ་ཐབས་སུ་སྒྲུབ་པ་ཞིག་ཡིན། དེ་དང་དེས་མཚོན་ནས་ཞིབ་ཏུ་སོམས་དང་གོ་རྒྱུ་དང་མྱོང་རྒྱུ་ཆེན་པོ་ཡོད་དོ། །འདི་ལྟར་བཤད་དོན་ནི་སྐྱ་སེར་རྩོད་འདོད་པས་མ་ཡིན་ཞིང་། ཁེ་ཕན་གཉེར་བསམ་པས་ཀྱང་མ་ཡིན་པར། མ་འོངས་པའི་ཕ་མ་ཚོར། བྱ་སྔོན་མ་ཤི་བའི་རོ་ལ་ལྟོས། རྗེས་མས་རྒུན་འབུ་དེ་ལྟར་ཐུས། ཞེས་བརྡ་བཏང་བ་ཙམ་མོ། །

གསལ་བཤད་དགོས་རྒྱུ་གཅིག་ལ། འདིར་རྩོམ་གྱི་ཉམས་འདོན་སྟངས་ཤིག་གིས་ཁྱབ་མཐའ་བཅད་པ་ལྟ་བུ་ཞིག་ཡོད་ཀྱང་སྤྱིའི་ཆ་ནས་སྤྱི་ཚོགས་ཀྱི་སྣང་བརྙན་ཞིག་བརྗོད་པ་ཡིན་གྱི་སྐྱ་བོའི་ནང་དུ་ཡང་། ཕ་མར་དྲིན་བཟོ་མཁན་དང་། སྤྱི་པའི་ཕན་བདེ་སྒྲུབ་མཁན་མེད་པ་ཡང་མ་ཡིན་ཞིང་། སེར་མོ་བའི་ནང་དུ་ཡང་མི་རིགས་དང་རིག་གཞུང་ཁ་ལ་ཁྱེར་ནས་སྒེར་གྱི་སྒོར་ཁུག་རྒྱག་པར་གཏོང་མཁན་ཡང་མེད་པ་མ་ཡིན་ནོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=749