“གཅེས་ཕྲུག་ལགས།དཔེ་ཆ་ཀློག་པ་ནི་སྡུག་བསྔལ་ཞིག་ཏུ་མི་བསམ་པར་ཞུ།དེ་ནི་ཁྱེད་ཀྱིས་འཇིག་རྟེན་ལ་ལྟ་བའི་ལམ་ལྟ་བུ་ཡིན།”
གཅེས་ཕྲུག་ལགས།དཔེ་ཆ་ཀློག་པ་ནིི་སྡུག་བསྔལ་ཞིག་ཏུ་མི་བསམ་པར་ཞུ།དཔེ་ཆ་ཀློག་པ་དེས་ཁྱོད་ལ་མདུན་ལམ་ཡངས་པོ་ཞིག་ཕྱེ་ཞིང་།རང་ཉིད་བགྲོད་འདོད་པའི་ས་ཆ་དེར་སླེབས་ཐུབ།མི་ཚེ་གོ་རིམ་མི་འདྲ་བའི་ཁྲོད་དུ་འགན་ཁུར་ཡང་མི་འདྲ་བ་རེ་ཡོད།སློབ་མའི་དུས་རིམ་དུ་རིག་གནས་ཤེས་བྱ་སྦྱོང་བ་ནི།རྗེས་ཕྱོགས་ཀྱི་མི་ཚེ་ཁྲོད་དུ་རྒྱལ་ཁ་ལེན་ཐུབ་པར་ནུས་བ་གསོག་འཇོག་བྱེད་པ་ཡིན།དེ་ནི་སློབ་མའི་དུས་རིམ་ཁྲོད་དུ་ཆེས་གལ་ཆེ་བའི་འོས་འགན་ཡིན།འོས་འགན་འདིའི་ཆེད་དུ།སློབ་མས་ངེས་པར་དུ་སློབ་སྦྱོང་ལ་ཧུར་ཐག་འབད་བརྩོན་དང་།ཅི་ཞིག་བློས་གཏོང་དགོས་པ།ཅི་ཞིག་དོར་དགོས་པ་ཤེས་དགོས།འདི་ནི་སློབ་སྦྱོང་གི་དགོས་མཁོ་ཞིག་ཀྱང་མ་ཡིན་པར་མི་ཚེའི་ཡི་བློ་སྦྱོང་ཞིག་ཡིན།
༡ སློབ་སྦྱོང་ནི་ལས་སླ་མོ་ཞིག་ག་ལ་ཡིན་སྲིད།ཕྱི་རྒྱལ་ནས་ཀྱང་རང་བཞིན་གཅིག་ཡིན་སྲིད།
ང་ཚོའི་ཉེ་ལོགས་ཀྱི་མིག་དཔེ་དཔེར་འཛིན་འོས་པ་དག་ལས་ཀྱང་མཐོང་ཐུབ།རྒྱལ་ཁ་བླངས་ཡོད་པའི་མི་དག་གིས་དཀའ་སྤྱོད་འབད་བརྩོན་མང་པོ་ཞིག་བརྒྱུད་ཡོད་པ་དང་།འཇིག་རྟེན་འདིར་རྒྱུ་འབྲས་མེད་པའི་དོན་དག་གཅིག་ཀྱང་མེད།རང་གི་དཀའ་བ་ལྷོད་མེད་ཀྱི་འབད་བརྩོན་དེ་ལ་བརྟེན་ན།ད་བཟོད་རྒྱལ་ཁའི་འབྲས་བུ་ལེན་ཐུབ། སློབ་སྦྱོང་ཡང་རང་བཞིན་གཅིག་ཡིན་ཏེ།བསླབ་གནས་མཐོན་པོ་བླངས་ཡོད་པའི་མི་སུ་ཡིན་ཡང་རྒྱུགས་མང་པོ་ཞིག་ལ་ཞུགས་ཡོད།བྱིས་པ་སུ་ཡིན་ཡང་ཁྱིམ་གྱི་ལས་བྱ་རི་ལྟར་བརྩེགས་ཡོད།སྐབས་་ལ་ལར་ལེགས་འགྲུབ་ཡག་པོ་བྱུང་མེད་པས་དགེ་རྒན་གྱིས་སྡུགས་མོ་ཁ་ཤས་ཀྱང་གཏོང་སྲིད།ལོ་བཅུ་ལྷག་གི་སློབ་མ་ལ་མཚོན་ན།ནར་སོན་མེད་པ་དང་སེམས་རྒྱུད་ཀྱང་ལག་ཆགས་མེད་སྟབས།གོ་རིམ་འདིའི་ཁྲོད་དུ་བདེ་སྐྱིད་ཚོར་མི་ཐུབ།
ཕྱིའི་རྒྱལ་ཁབ་དག་ཏུ།ཕུལ་བྱུང་གི་སློབ་མ་དེ་དག་གིས་དཀའ་བ་ལྷོད་མེད་བགྱིས་མཐར་ད་གཟོད་སློབ་སྦྱོང་ཐད་དུ་གཡུར་ཏུ་ཟ་བའི་རྒྱུགས་འབྲས་བླངས་བ་གོར་མ་ཆག དཔེར་ན་སིང་ག་པོར་གྱི་སློབ་ཆུང་སློབ་གསོའི་ཁྲོད་དུ།སློབ་ཁྲིད་ཀྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན།ཆེད་ལས་ཀྱང་བསླབ་ཁག་གཅིག་གཉིས་ཙམ་ལས་ད་དུང་སྒྱུ་རྩལ་དང་སྐད་བརྡའི་ཕྱོགས་ཀྱི་ཁྱབ་ཁོངས་ཀྱིས་སློབ་མའི་ལྷན་སྐྱེས་ཀྱིི་ཤེས་རབ་སྔོག་འདོན་བྱེད་བཞིན་ཡོད།ཡིན་ཡང་སིང་ག་པོར་གྱི་དམའ་རིམ་སློབ་ཆུང་གི་སློབ་ཁང་ལྟག་རྒྱབ་ཏུའང་སློབ་མ་ལ་གཅར་རྡུང་བྱ་སྤྱད་ཀྱི་ཁྲེ་ཙེ་རིང་བོ་ཞིག་བཀལ་ཡོད་པ་མ་ཡིན་ནམ།བཤད་རྒྱུན་དུ་བྱིས་པ་དག་གིས་རྣམ་འགྱུར་ལེགས་པོ་མེད་ཚེ།དགེ་རྒན་གྱིས་ཁྲེ་ཙེ་བླངས་ནས་སློབ་མའི་ལག་མཐིལ་ལ་ཐེངས་གསུམ་རེ་རྒྱག་པ་མ་ཟད།དགེ་རྒན་གཉིས་ཀྱིས་ཡུལ་དངོས་ནས་གཅར་རྡུང་གོ་རིམ་ལ་ལྟ་རྟོག་བྱེད་དགོས་ཟེར།
དེ་བས་བདེ་སྐྱིད་ཀྱི་འཚར་ལོངས་དང་བདེ་སྐྱིད་ཀྱི་སློབ་སྦྱོང་ནི་ཡང་དག་པ་ཞིག་རེད།འོན་ཀྱང་སློབ་སྦྱོང་གོ་རིམ་ནི་ངེས་པར་དུ་དཀའ་སྡུག་ཡོད་པ་ཞིག་ཡིན་པས།སྤྲོ་དགའི་རྣམ་པས་སློབ་གསོ་གཏོང་སྟངས་ཀྱིས་སློབ་ཕྱིའི་སྐབས་སུ་བསྐྱར་སྦྱོང་བྱེད་མི་དགོས་པ་དང་།དཀའ་སྤྱོད་འབད་བརྩོན་གྱིས་སློབ་སྦྱོང་བྱེད་མི་དགོས་པ་མི་མཚོན་ནོ།།
༢ སུན་སྣང་དང་དཀའ་སྡུག་གི་སློབ་སྦྱོང་གོ་རིམ་མེད་པར་གྱུར་ཚེ། བདེ་སྐྱིད་ལྡན་པའི་སློབ་སྦྱོང་ལེགས་པོ་འབྱུང་མི་སྲིད།
མི་མང་ཤོས་ཤིག་གིས་སློབ་སྦྱོང་བྱེད་པ་ནི་བདེ་སྐྱིད་ཀྱི་དོན་དག་ཅིག་ཏུ་སྒོམ་མི་སྲིད།སློབ་མ་ཕུལ་བྱུང་ཅན་ཞིག་བྱེད་དགོས་ན།སློབ་གྲོགས་གཞན་དག་རྩེད་མོར་རོལ་དུས་དང་།མི་གཞན་གྱིས་གློག་བརྙན་ལ་ལྟ་དུས་རང་སེམས་ལྷོད་ལ་བབས་ནས་སློབ་སྦྱོང་བྱེད་དགོས།མི་ལ་ཤས་ཀྱི་སེམས་རྒྱུད་སྔ་མོ་ནས་ནར་སོན་ཡོད་པ་དང་།ཆུང་དུས་ཀྱང་རང་ཉིད་ལ་རེ་བ་མཐོན་པོ་བཅངས་ཡོད།དེ་བས་མི་དེ་དག་གིས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་འབད་བརྩོན་བྱེད་པའི་དམིགས་འབེན་ཡོད་པས་དཀའ་བ་ལྷོད་མེད་བྱེད་པ་ཡིན།མི་ལ་ཤས་ཀྱིས་རང་ཉིད་ལ་རེ་བ་དང་ཕུགས་བསམ་ཅི་ཡང་བཅངས་མེད་ནའང་།སློབ་འབྲིང་ལེགས་གྲས་ཙམ་དང་སློབ་ཆེན་ལེགས་གྲས་ཙམ་ལ་རྒྱུགས་འཕྲོད་པའི་དམིགས་འབེན་ཆུང་ཆུང་ཞིག་ལས་མེད།
གང་ལྟར་ཀྱང་ཁོ་ཚོར་དམིགས་འབེན་ཡོད་པ་དང་།དམིགས་འབེན་ལེགས་འགྲུབ་བྱུང་བའི་གོ་རིམ་ཁྲོད་དུ།དཀའ་སྦྱོད་འབད་བརྩོན་བྱེད་པའི་གོ་རིམ་ཁྲོད་དུ་བདེ་སྐྱིད་མེད་ཅེས་བཤད་ཆོག བྱིས་པ་ཞིག་གིས་རྒྱུགས་འབྲས་ལེགས་པོ་བླངས་དུས།དཀའ་སྡུག་གི་འབད་བརྩོན་བྱས་པར་འབྲས་བུ་འབྱུང་བ་རེད།དེ་དུས་བདེ་སྐྱིད་ཀྱི་སློབ་སྦྱོང་ཕྱིར་ངོམ་པ་རེད།འོན་ཀྱང་རིག་པའི་ཤེས་སྟོབས་སྐྱེན་པོ་ཡོད་པའི་བྱིས་པ་དག་ལ་ལྷན་སྐྱེས་ཀྱི་བློ་རིག་གྲུང་བོ་ཡོད་པས།དཀའ་སྡུག་ཆེན་པོས་འབད་བརྩོན་མ་བྱས་ཀྱང་སྔར་བཞིན་རྒྱུགས་འབྲས་ལེགས་པོ་ལེན་ཐུབ།ཡིན་ཡང་འདི་ནི་དཔེར་འཇོག་ཙམ་ཡིན་པས་ང་ཚོའི་བགྲོ་གླེང་གི་ཁྱབ་ཁོངས་སུ་མི་འདུས་པའོ།།
༣ ཁྱོད་ཀྱིས་ངེས་པར་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་ནི་འགན་ཁུར་ཞིག་ཡིན་པ་ཤེས་དགོས།
ཁྱིམ་བདག་མང་པོ་ཞིག་གིས་བྱིས་པར་སློབ་སྦྱོང་ནུས་པ་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ།མང་ཤོས་ཀྱིས་བྱིས་པས་དཀའ་བ་ཁྱད་གསོད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་གནས་ཚུལ་འོག་ཏུ།ཁོ་ཚོ་ཡར་ཐོན་ཡོང་བ་དང་དཀའ་སྡུག་མྱངས་ཐུབ་པའི་འོས་འགན་གྱི་འདུ་ཤེས་གསོ་སྐྱོང་བྱེད་བཞིན་ཡོད།སློབ་གྲྭར་འགྲོ་བའི་གོ་རིམ་དུ།སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་ནི་འགན་ཁུར་ཞིག་ཡིན།མི་ཞིག་གིས་ཆུང་དུས་ནས་སློབ་སྦྱོང་ལ་ཧུར་བརྩོན་མི་བྱེད་ཅིང་དམིགས་འབེན་མེད་པ།དཀའ་བ་མི་སྦྱོད་པ།ནམ་རྒྱུན་ཟ་ཉལ་དང་རྩེད་མོར་རོལ་བ་ཞིག་ནར་སོན་ནས་བྱ་བའི་གོ་རིམ་ཁྲོད་དུ་དཀའ་སྡུག་མྱངས་ཐུབ་པ་དང་འབད་བརྩོན་བྱེད་ཐུབ་པ་ཞིག་ཡོང་བ་ནི་རྟོགས་དཀའ་བ་ཞིག་རེད།
དེ་བས་ཁྱིམ་བདག་གིས་སློབ་གསོ་གཏོང་བའི་གོ་རིམ་ཁྲོད་དུ་བྱིས་པས་རང་ཚུགས་ཀྱིས་སློབ་སྦྱོང་བྱེད་པ་དང་།དཀའ་བ་ཁྱད་གསོད་ཀྱི་སྙིང་སྟོབས་ནུས་བ་གསོ་སྐྱོང་བྱེད་དགོས།བྱིས་པའི་རང་རྐྱ་འཕེར་བའི་སྒོ་ནས་ཡར་སྐྱེད་དང་།འགན་ཁུར་ཡོད་པའི་སྒོ་ནས་ངོ་བོ་ཕུལ་བྱུང་ཅན་གསོ་སྐྱོང་བྱེད་རྒྱུ་དེ་ཡིན།ཁོ་ཚོ་ནར་སོན་ཏེ་སྤྱི་ཚོགས་དུ་ཞུགས་པར་ནུས་བ་མཐོར་གདེགས་དང་།ཧུར་བརྩོན་བྱེད་པའི་འདུ་ཤེས་དྲགས་པོ་ལྡན་པ་བྱེད་དགོས།འདི་ནི་བྱིས་པས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་ཤེས་པའི་གལ་ཆེ་བའི་དམིགས་འབེན་ཡིན།
༤ བྱིས་པས་སློབ་སྦྱོང་ལེགས་པོ་བྱེད་ན་སྤྲོ་བ་ཡོད་པ་ཙམ་གྱིས་མི་ཆོག འདི་ནི་བདེན་པ་བདེན་དྲང་གི་གནས་ཚུལ་རྫུན་མ་ཞིག་རེད།
རྒྱའི་སློབ་ཁང་སློབ་གསོ་ཞིག་ལས་འདི་ལྟར་ཏེ། སྤྲོ་དགའ་ནི་ཆེས་ལེགས་པའི་དགེ་རྒན་ཡིན་པ་དང་།སློབ་སྦྱོང་ལ་སུན་སྣང་མི་འབྱུང་བའི་སྒུལ་ཤུགས་ཡིན།འོན་ཀྱང་འདི་ནི་སློབ་སྦྱོང་གི་བློ་འབྱེད་སྒུལ་ཤུགས་ཡིན།མི་མང་ཤོས་ཤིག་ཕྱོགས་མང་པོ་ཞིག་གི་ཐད་ལ་སྤྲོ་བ་ཡོད།ཡིན་ཡང་ཁོ་ཚོའི་རྗེས་ཕྱོགས་ཀྱི་རྒྱལ་ཁའི་ནུས་བ་རུ་གྱུར་མེད།རྒྱུ་མཚན་ཤིན་ཏུ་སྟབས་བདེ་ཡིན་ཏེ།ཁོ་ཚོས་སྤྲོ་དགའ་འདིའི་ཆེད་དུ་འབད་པ་བྱས་མ་མྱོང་བས་རེད། དོན་དག་གང་ཡིན་རུང་སྒྲུབ་ཙམ་གྱིས་འགྲུབ་པ་ཞིག་མེད།ཕུལ་བྱུང་ཅན་གྱི་མི་དག་གིས་རྟག་ཏུ་འབད་པ་ལྷོད་མེད་བྱས་པ་དང་།དཀའ་སྤྱོད་འབད་བརྩོན་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་རེད།
སྤྲོ་དགའ་ཡོད་པས་བྱ་བ་གང་ཡིན་རུང་དེའི་ཐད་དུ་སློབ་སྦྱོང་ལེགས་པོ་བྱེད་པ་དང་།སྔར་ལས་ལྷག་པའི་སྒོ་ནས་དམིགས་འབེན་གྱི་སློབ་སྦྱོང་བྱེད་པ་ཞིག་ཡིན།ཐ་ན་དམིགས་འབེན་དེའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ།འདི་ནི་ད་གཟོད་ཁོ་ཚོའི་རྗེས་ཕྱོགས་སུ་ལེགས་འགྲུབ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།དེ་བས་སྤྲོ་དགའ་ཡོད་པས་སློབ་སྦྱོང་བྱེད་པར་མ་བསམ།འདི་ནི་གནས་ཚུལ་རྫུན་མ་ཞིག་རེད།
༥ སློབ་སྦྱོང་ཁྲོད་དུ་བྱིས་པའི་སྣ་འཛོམས་གྱི་ནུས་བ་གསོ་སྐྱོང་བྱེད་དགོས།དེ་ལྟར་མ་བྱས་ཚེ་ནར་སོན་ན་འཇོན་པོ་ཆགས་དཀའ།
ཚོད་ལྟའི་སློབ་གསོའི་ཤུགས་རྐྱེན་འོག་ཏུ།སློབ་མ་འགའ་ཤས་ཀྱིས་ཚད་མཐོན་པོའི་སློབ་སྦྱོང་གི་གནོན་ཤུགས་འོག་ཏུ།སློབ་སྦྱོང་ལ་འབད་པ་བྱེད་པ་དང་།ཐ་ན་སྒེའུ་ཁུང་གི་ཕྱི་རོལ་ཙམ་ལའང་རྣམ་ཤེས་མི་འཁོར་བར་སློབ་སྦྱོང་བྱེད་པ་རེད།ཚང་མས་ཤེས་པའི་དཔེ་ཆ་བ་གླེན་པ་རུ་ཆགས་པ་རེད།ཡང་དག་པའི་སློབ་གསོ་ནི་ཤེས་བྱ་རིག་གནས་སྦྱོངས་དགོས་པ་མ་ཟད།ད་དུང་སློབ་སྦྱོང་གོ་རིམ་ཁྲོད་དུ་སྣ་འཛོམས་ཀྱི་ནུས་བ་དང་།དཔུང་སྡེའི་མཐུན་སྒྲིལ།ཀླད་པའི་འཁོར་ཕྱོགས་སོགས་གསོ་སྐྱོང་བྱེད་ཐུབ།རྒྱུགས་ཆེད་དུ་རྒྱུགས་ལེན་པ་མིན།འདི་ནི་ཚན་རིག་དང་མཐུན་པའི་སློབ་སྦྱོང་བྱེད་ཐབས་ཤིག་མ་རེད།སློབ་མ་དག་རྒྱུགས་གཞིའི་འཕྲུལ་ཆས་སུ་གྱུར་བ་རེད།འོན་ཀྱང་གལ་ཏེ་སློབ་གྲྭའི་སློབ་གསོ་དམའ་འབེབས་བྱས་ནས་དོར་ན།ཡང་ཕྱོགས་གཞན་ཞིག་གི་མཐའ་ལ་ལྷུང་བ་རེད།
སློབ་སྦྱོང་གི་གོ་རིམ་ཁྲོད་དུ་གསོ་སྐྱོང་ལེགས་པོ་བྱས་པའི་བྱང་ཚད་ཀྱིས་མི་ཚེ་གང་པོར་ཕན་པ་ཡོད།འདི་དག་གིས་ཁོ་ཚོའི་རྗེས་ཕྱོགས་ཀྱི་འགྲན་རྩོད་ཆེ་བའི་སྤྱི་ཚོགས་ཁྲོད་དུ་སྔར་ལས་ལེགས་པོའི་སྒོ་ནས་བྱ་བའི་འཚོ་བ་རོལ་རྒྱུ་ཕན་པ་དང་།ཡང་ན་འདི་ནི་སློབ་གསོའི་མཐའ་གཏུགས་ཀྱི་དམིགས་ཡུལ་རེད། སློབ་སྦྱོང་ནི་དཀའ་སྡུག་ཆེ་བ་ཞིག་ཡིན་རུང་།འོན་ཀྱང་དེ་ཡིས་ཁྱེད་རང་གང་ལ་འགྲོ་འདོད་ཀྱི་རང་དབང་གི་ཁ་ལོ་བསྒྱུར་ཐུབ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=739
དཔྱད་མཆན་སྤེལ།