རྡོ་རྗེ་རིན་ཆེན་གྱིས་བརྩམས།
ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་།
ཉིན་འདི་དག་ལ་ཁོ་བོ་ངེས་ནས་གྲང་རེག་གིས་མནར་ཞིང་བཀྲེས་ལྟོགས་དང་གཅར་རྡུང་གིས་ལྷག་ཏུ་མནར། ལག་འཁྱུར་ངལ་གསོ་བྱས་ནས་ཟླ་གཅིག་ཙམ་འགོར་མེད་པའི་ཅུའུ་ཀྲུང་སངས་རྒྱས་ནམ་རྒྱུན་ཞོགས་པར་སྔ་མོ་ནས་ལངས་ཏེ་ཁོ་ཚོའི་བདེ་ཁུལ་ཉེ་འགྲམ་གྱི་སྤྱི་གླིང་དུ་ལུས་རྩལ་སྦྱོང་བརྡར་བྱེད་དུ་འགྲོ། མཚམས་ལ་རེར་ཚ་བ་ོཡང་ཁྲིད་ངེས། འདི་ལྟར་ཟླ་གཅིག་མིག་རྡེབ་དབང་ཙམ་དུ་འདས་ལ་ཁོ་ཡང་རིམ་བཞིན་ཁྱིམ་ནས་ཁོམ་དྲགས་པའི་རྐྱེན་གྱིས་རང་གི་བུ་ལ་སྡོད་ཁང་གི་ཉེ་འཁོར་ན་རང་ལ་འཚམ་པའི་ལས་ཀ་བྱེད་སའི་ལས་ཁུངས་ཡོད་མེད་བཙལ་དུ་བཅུག ནམ་རྒྱུན་སུན་སྣང་གིས་ཁོ་རང་ཁེར་རྐྱང་གི་གནས་མལ་དུ་ཁྲིད་ལ་ཁེར་རྐྱང་གིས་ཁོ་རང་རིམ་བཞིན་རྒས་སུ་བཅུག ཁོ་ཚོ་གི་མནའ་མ་ནི་གནད་འཁེལ་རོགས་སྐྱོར་ལས་འཛིན་ཁང་་ལ་ལས་བགོ་བྱས་ཏེ་ལོ་གཅིག་འགོར་ཡོད་ལ། ལོ་དེའི་ཁུལ་ཡོངས་ཀྱི་རྒྱུགས་རིམ་ཁྲོད་ཨང་དང་པོ་བླངས་པའི་དོན་དག་འདི་ཁུལ་ཡོངས་ཀྱི་མིའི་ལབ་གླེང་ཁྲོད་དེ་འདྲའི་གཟི་བརྗིད་ལྡན་པ་ཞིག་མིན་པར་ཁོ་མོའི་ཨ་ཕས་སྒོར་མོ་མང་པོ་ཞིག་གི་ལྐོག་དངུལ་སྤྲད་དེ་ཐེངས་འདིའི་གཞུང་ཞབས་པའི་ཨང་རིམ་ཉོས་པ་རེད་ཟེར། དོན་དངོས་སུ་འདི་ཡང་ང་ལ་གསལ་ཆ་དེ་འདྲ་མེད་མོད། ་འོན་ཀྱང་ཉེ་ལམ་བྱ་བའི་གྲུབ་འབྲས་དང་ཉིན་རྒྱུན་འཚོ་བར་བཅངས་པའི་རེ་བསྙེག་ལས་ཁོ་མོ་ངེས་ནས་ཡར་ཐོན་བྱུང་ཡོད་ཉམས། ལྷག་པར་དུ་བུ་ལ་སྙིང་ཉེ་ཞིང་ང་ལ་སྒྱིག་པོ་ཞིག་གི་ཚུལ་ནས་ནམ་ཡང་གུས་བཀུར་དང་བརྩི་འཇོག་བྱས་མྱོང་། རྐྱེན་དུ་ཁྱིམ་ཚང་འདི་ན་དྲོད་འཁོལ་ཡོད། དགོད་སྒྲ་ཡོད། ཡིན་ཡང་ཞོགས་པ་ནས་ཁོ་ཚོ་ལས་ཞུགས་སུ་སོང་ཤུལ་དུ་ཧ་ཅང་ལྷིང་འཇགས་རེད། ང་གཅིག་པུ་ལས་གཞན་སུ། བུ་ཡིས་ཁོ་ལ་ལས་ཀ་ཡང་མོ་ཞིག་བཙལ་བ་ནས་ང་ལ་ཡང་དེ་འདྲའི་སུན་སྣང་མེད་ཅེས་ལབ་འདོད་པའི་ཅུའུ་ཀྲུང་སངས་རྒྱས་ནམ་རྒྱུན་ལས་ཚོགས་གྲོལ་རྗེས། ཁོ་ཁྱིམ་མཚེས་ཚང་གི་ཨ་ནེ་དང་མཉམ་དུ་བདེ་ཁུལ་སྤྱི་གླིང་གི་སྒོ་ཁ་བརྒྱུད་དེ་སྔ་གཞུག་བྱས་ནས་ཡུལ་ལ་འགྲོ་བཞིན་ཡོད་ལ། སྤྱི་གླིང་གི་རྐུབ་སྟེགས་བཙའ་འཁོར་མ་དེའི་སྟེང་དུ་དུས་རྒྱུན་དུ་སྤྲང་པོ་ཞིག་བཙོག་ཏེ་འཛུམ་དམུལ་དམུལ་གྱིས་ཁ་གཏད་ཀྱི་སྡོད་ཁང་ཐོག་བརྩེགས་ཆེན་མོོ་དེར་བལྟས་ཏེ་བསྡད་པར་འཕྲད་ལ། ནམ་ཟླ་འཁྱག་རུང་དྲོ་རུང་། རླུང་བུ་གྲང་རུང་བསིལ་རུང་། ཁོ་རང་སྔར་བཞིན་རྙིང་ཧྲིལ་དུ་གྱུར་པའི་གོན་པ་རལ་བོ་དེའི་ནང་དུ་འཛུམ་དམུལ་དམུལ་ངང་ཅེར་འདུག དེ་རིང་ནི་ལས་ཚོགས་གྲོལ་བ་ཅུང་སྔ་ཉི་འོད་སྡོད་ཁང་ལས་བརྒལ་ཞིང་བཙའ་འཁོར་མའི་རྐུབ་སྟེགས་དེའི་ཐོག་ཏུ་འཕྲོས་འདུག ཅུའུ་ཀྲུང་སངས་རྒྱས་ཁོམ་ལུང་འདི་དང་བསྟུན་ནས་མདུན་གྱི་སྤྲང་བོ་དེ་ལ་ཁ་བརྡ་ཐེངས་ཤིག་བྱེད་བསམ་བྱུང་། སྤྱིར་བོད་མི་ཞིག་གི་གཤིས་གཟུགས་དང་ལྷད་མེད་བྱམས་སེམས་ཀྱི་གཤོག་ཟུང་ཐོགས་པའི་ཁོ་བོ་ཡང་དུས་རྒྱུན་སྦྱིན་པོ་གཏོང་རྒྱུར་མོས་ཤིང་ལྷག་ཏུ་གཞན་དང་མི་མཐུན་པའི་མི་གང་ཡིན་ལ་བློ་འདྲི་ཞོར་ཁ་བརྡ་ཐུང་ངུ་བྱེད་རྒྱུར་དེ་བས་དགའ་བོ་ཡོད། དེ་བས་དེ་རིང་ཉིན་གྱི་བསྐལ་བ་བཟང་ཞིང་སེམས་ཀྱི་ངལ་བ་མེད་པའི་རྟེན་འབྲེལ་ལ་ཁོ་བོ་སྤྲང་བོ་དེའི་ཉེ་སར་བཅར་ནས། “ཨ་རོགས། ཁྱོས་འདི་ལྟར་ནམ་རྒྱུན་གདོང་ལ་འཛུམ་དམུལ་དམུལ་གྱི་བཞིན་རས་འཛིན་པར་མོས་ཐུབ་དོན་ཅི”ཞེས་དྲིས་མ་ཐག་སྤྲང་པོ་དེས་ཧ་ཅང་གུས་པའི་ཚུལ་གྱིས་“ང་གནས་ངེས་མེད་དུ་འཁྱམས་ཏེ་གནས་འདིར་ཐོན་ལ་མ་གཞི་ནས་དབུལ་ཕོངས་ཀྱི་འཚོ་བར་འཐུམས་པའི་མི་སྐྱ་ང་ལ་ཁང་བ་མེད་ལ་སྒོར་མོ་མེད། འོན་ཀྱང་གནམ་རྒན་མའི་དྲིན་གྱིས་ང་ལ་རྐུབ་སྟེགས་འདིའི་སྟེང་གནས་བཅས་ཏེ་དུས་ད་ལྟའི་བར་འདུག་ཏུ་བཅུག་ལ། ལམ་འགྲོ་བའི་བྱམས་སེམས་ལས་ང་ལ་སྒོར་མོ་ཁ་འཐོར་རེ་གནངས་ཡོད་ལ་ཟ་རྒྱུ་ཕྲན་བུ་ཙམ་ཡང་སྟེར། ས་རུབ་རྗེས་མུན་ནག་གིས་ང་ཡི་འཇིག་རྟེན་ཟོས། འོན་ཀྱང་ང་མདུན་གྱི་ཐོག་བརྩེགས་འདིའི་གློག་འོད་ལ་བལྟས་ཏེ་ཉལ་ནས་བསྡད་ལ་མཚམས་ལ་རེར་རང་ཁྱིམ་ལྟ་བུའི་བདེ་སྣང་ཡོད་མྱོང་ལ་མཚམས་རེར་དྲོད་འཁོལ་ངོ་མ་འགའ་རེ་ཡང་རྙེད་མྱོང་”ཞེས་བཤད། ཅུའུ་ཀྲུང་སངས་རྒྱས་ཀྱི་སེམས་སུ་རྒྱུ་དང་དབང་ཡོད་པ་ཙམ་གྱིས་བདེ་སྐྱིད་རྙེད་ཡོད་འདོད་པའི་ལྟ་ཚུལ་དེར་དུས་ད་ལྟ་སྤྲང་བོ་འདིས་ཨ་ལན་སྟེར་ཡོད་པའི་སྣང་བ་སྐྱེས་ལ། སྣང་བ་སྐྱིད་པའི་སྤྲང་བོ་དེར་མུ་མཐུད་དུ་“ཁྱེད་ཀྱི་མིང་ལ་ཅི་ཟེར་ཞིང་ཁྱིམ་གྱི་རྒྱབ་ལྗོངས་ཅི་འདྲ་ཡིན་ནམ”ཞེས་དྲིས་པ་ན། ཁོས་གདོང་ལ་འཛུམ་ཞིག་བཏད་ཀྱང་ཞལ་རས་བཀབ་པའི་སྐྲ་ལོ་ཚི་དྲེག་ཅན་དེས་མགོའི་ལྟག་རྒྱབ་ཏུ་གཡུགས་ཞོར་ཐེ་ཚོམ་དང་འཛེམ་དོགས་མེད་པར“ངའི་མིང་ལ་ལྷ་བྷེ་ཟེར། ཟླ་གཅིག་གི་ཡར་སྔོན་དུ་བདག་གི་ཕ་ཡུལ་དུ་ཆུ་ལོག་གི་འཇིག་པ་བྱུང་དེས་བཟའ་མི་ཉེ་རིང་དང་གཞིས་ཁྱིམ་་་་་”ཞེས་ངག་རྡབ་རྡིབ་དང་གདངས་ཇེ་དམའ་རུ་གྱུར་ལ་མཐའ་འཇུག་མིག་ཆུ་ཤོར། སྐབས་དེར་ཁོ་གཉིས་ཀྱི་མཐའ་འཁོར་ན་མི་ཡང་རིམ་གྱིས་ཚོགས་ཤིང་། སངས་རྒྱས་ཀྱིས་ལྐོག་མིག་གིས་མཐའ་འཁོར་ལ་མིག་ཞལ་ཐེངས་ཤིག་འཕངས་པ་ན། མཐོང་མྱོང་མེད་པའི་མིག་ཟུང་དག་དུས་ད་ལྟ་སྐྱོ་བོའི་མིག་ཆུས་བརྫུས། ལོ་འགྲེས་པའི་རྒན་པོ་ཞིག་གིས་མི་ཚོགས་ནས“ཚེ་སྲོག་ནི་སྙིང་རེ་རྗེ། མི་ཡུལ་འདི་་་་”ཞེས་མིག་ཆུས་བརླན་པའི་སྒོར་མོ་བཅུ་ཤོག་གཅིག་ཁོ་བོའི་ལྕགས་དཀར་དེ་རུ་གཡུག རྗེས་སུ་ཅུའུ་ཀྲུང་སངས་རྒྱས་ཀྱིས་ཨམ་ཕྲག་ནས་ཐེ་ཚོམ་མེད་པར་བརྒྱ་ཤོག་ཅིག་བླངས་ཏེ་སྤྲང་བོ་ལྷ་བྷེའི་ལྕགས་དཀར་དུ་གཡུག་པ་ན། སྤྲང་བོ་ལྷ་བྷེ་གློ་བུར་དུ་ལངས་ཤིང་ཧ་ལས་དེ་ངོ་མདངས་ཡང་འགྱུར། མི་ཚོགས་ཀྱི་ཁྲོད་ན་བྱམས་སེམས་ཀྱི་རང་གཤིས་བརྟན་པའི་ཅུའུ་ཀྲུང་སངས་རྒྱས་དེ་རིང་ཤིན་ཏུ་བརྗིད་ཆགས། དེ་རིང་ངེས་ནས་དཔོན་ཚུགས་ལྡན། ཕྱི་ཉིན་ཕྱི་དྲོ་ཡང་སྔར་བཞིན་ཁོ་བོ་སྤྱི་གླིང་གི་སྒོ་འགྲམ་དུ་ཐོན་པ་ན། གནམ་གཤིས་ཀྱང་ཅུང་འཁྱག་ལ་མི་ཚོགས་རབ་རིབ་ཏུ་འདུག ཁོས་སྔར་བཞིན་ཨམ་ཕྲག་ནས་བརྒྱ་ཤོག་ཅིག་བླངས་ཏེ་སྤྲང་བོ་ལྷ་བྷེའི་ལྕགས་དཀར་དུ་གཡུག་པ་ན། སྤྲང་བོ་ལྷ་བྷེས་ངོ་ལ་འཛུམ་དང་བཅས་“བདག་པོ་ཁྱེད་རང་བཀའ་དྲིན་ཆེ། ང་ཡི་མགོན། ངཡིས་ནམ་ཡང་ཁྱེད་ལ་སྨོན་ལམ་འདེབས”ཅེས་མཐེ་བོང་བསྟན། ཉིན་གསུམ་པར་ཅུའུ་ཀྲུང་སངས་རྒྱས་རང་གི་རོགས་པ་དང་མཉམ་དུ་སྤྱི་གླིང་དེའི་སྒོ་ཁར་ཐོན་མ་ཐག སྤྲང་བོ་ལྷ་བྷེ་འཛུམ་དམུལ་དམུལ་གྱིས་ཁོ་གཉིས་ཀྱི་མདུན་དུ་རྒྱུགས་ཡོང་དེ་ལྕགས་དཀར་དེ་མདུན་དུ་སྲིང་ཞོར་ཁ་ནས་“ཁྱེད་རང་ཡུལ་དུ་ལོག་གམ”ཞེས་འཚམས་འདྲི་བྱས། སངས་རྒྱས་ཀྱིས་སྔར་བཞིན་ཐེ་ཚོམ་མེད་པར་བརྒྱ་ཤོག་ཅིག་བླངས་ཤིང་ཁོ་བོའི་ལྕགས་དཀར་དུ་གཡུག ཚིག་གཅིག་ཀྱང་བཤད་རྒྱུ་མེད་པར་བུད་སོང་། དུས་དེར་ཉིན་རྒྱུན་ཁོ་བོ་ཕྱིར་ལོག་པའི་དུས་སུ་ཐོན་ན་སྤྲང་བོ་ལྷ་བྷེས་སྤྱི་གླིང་གི་སྒོ་ཆེན་ལ་ལྟ་ཞིང་མཚམས་ལ་རེར་ཁོ་བོ་འཕྱི་སོང་ན་གདོང་གི་འཛུམ་ཡང་ཇེ་ཉུང་དུ་གྱུར་ལ་སེམས་ཀྱི་བདེ་སྣང་དེ་ཡང་ནད་ཀྱིས་བཟུང་བའི་ལུས་ཕུང་ལྟར་ཉིན་རེ་བཞིན་ཉམ་ཐག་ཏུ་གྱུར། འོན་ཀྱང་ཅུའུ་ཀྲུང་སངས་རྒྱས་ཀྱིས་ཀྱང་ཉིན་རྒྱུན་སྦྱིན་པ་གཏོང་བའི་སྒོར་མོའི་ཁ་གྲངས་ཀྱང་ཇེ་དམའ་རུ་གྱུར་ཞིང་མཚམས་ལ་ལར་ཅི་ཡང་སྟེར་རྒྱུ་མ་བྱུང་ལ་སྤྲང་བོའི་ལྷ་བྷེའི་ཡིད་སྐྱོ་བའི་འཚོ་བ་ལ་འདང་རྒྱག་ཐེངས་རེར་ཁོ་བོས་ཐ་ན་མིག་ཆུ་ཡང་བཏོན་མྱོང་། ཡིན་རུང་སྤྲང་བོ་ལྷ་བྷེ་དུས་ཅི་ཙམ་བྱིན་རུང་ཚིམས་པ་གཏན་ནས་མ་བྱུང་བས་ཁོ་རང་ལམ་གཞན་ཞིག་བརྒྱུད་ནས་ལས་ཚོགས་སུ་མི་ཞུགས་ཐབས་མེད་བྱུང་། འོན་ཀྱང་ཁོའི་རོགས་པ་སྔར་བཞིན་སྔོན་ཆད་དང་འདྲ་བར་ལམ་ཐིག་དེ་དེད་ནས་ལས་ཚོགས་ལ་ཞུགས་ཀྱང་དུས་ལྟར་ཕྱིར་ལོག ཉིན་འགའ་ལ་ལག་ཡོང་མེད་པའི་ལྷ་བྷེས་ད་ནངས་སྔ་མོ་ནས་ལངས་ཏེ་སྒོ་ཆེན་དེ་ན་ཅུའུ་ཀྲུང་སངས་རྒྱས་ལ་སྒུག་འདུག རོགས་པ་དེར་ཐུག་མ་ཐག “ཁྱེད་ཀྱི་རོགས་པ་ཉི་མ་འདི་དག་ལ་གཏན་ནས་མཐོང་རྒྱུ་མ་བྱུང་། ཁོ་ལ་དོན་དག་ཅིག་ཡོད་པ་ཡིན་ནམ། ང་ཡི་འཚོ་བ་་་”ཞེས་དྲིས། དུས་དེར་ཅི་བྱ་གཏོལ་བྲལ་དུ་གྱུར་བའི་རོགས་པ་དེས་ཁོ་ལ་རྫུན་མི་བཤད་ག་མེད་བྱུང་། ངག་འཇམ་པའི་ཚུལ་གྱིས་སྤྲང་བོ་ལྷ་བྷེ་ལ“ཁོ་ལ་ནད་ལྕི་མོ་ཕོག་ནས་ཁྱིམ་ན་ངལ་གསོས་འདུག ཕལ་ཆེར་གཟའ་འཁོར་རྗེས་མར་ལས་ཚོགས་ལ་ཞུགས་ཐུབ་རྒྱུ་རེད་”ཅེས་ལན་བཏབ་ལ་རང་གི་ཨམ་ཕྲག་ནས་བཅུ་ཤོག་ཅིག་བླངས་ཤིང་འདི་ནི་སངས་རྒྱས་ཀྱིས་བསྐུར་ནི་ཡིན་ཞེས་ལྕགས་དཀར་དུ་གཡུག གཞན་ཅི་ཡང་བཤད་མ་བྱུང་། སྤྲང་བོ་ལྷ་བྷེས་གདོང་ལ་འཛུམ་དམུལ་དམུལ་དུ་ཕྱིར་རྐུབ་སྟེགས་དེ་རུ་ལོག དེའི་རྗེས་སུ་ནམ་རྒྱུན་ཅུའུ་ཀྲུང་སངས་རྒྱས་ལ་སྒུག་པའི་མིག་ཟུང་དེ་ཉིད་སྔོན་ཆད་བཞིན་དེ་འདྲའི་སྣང་སྐྱིད་མེད་ལ་འཛུམ་མདངས་ནི་དེ་བས་དཀོན་པོར་གྱུར། རྨི་ལམ་ལྟ་བུའི་གཟའ་རྗེས་མ་ཐོན་བྱུང་སྤྲང་བོ་ལྷ་བྷེས་སྔར་བཞིན་སྒོ་ཆེན་དེ་རུ་ཅར་ནས་ཡོད། རོགས་པ་དེ་ལ་ཐུག་དུས་“ཁོ་བོའི་ན་ཚ་ཅི་འདྲ་རེད། ནམ་ལས་ཚོགས་སུ་ཞུགས་རྒྱུ་རེད།”ཅེས་འདྲི་ཞིང་མཚམས་རེར་ཨུ་ཚུགས་ཀྱི་ངུ་ཤུམ་ཡང་བྱེད། འདི་ལྟར་བསྐྱར་བསྡུས་ཀྱི་དྲི་བ་འདི་ལ་སུན་སྣང་སྐྱེས་པའི་རོགས་པ་དེས་ད་ནངས་སྔ་མོ་ནས་ལངས་ཏེ་ཁོ་ལ་གཡོལ་ཅི་ཐབས་བྱས་རུང་ལམ་མདོ་ནས་ཁོ་བོར་སྔར་བཞིན་ཐུག ཁོས་གདོང་ལ་འཛུམ་མེད་པའི་སྤྲང་བོ་ལྷ་བྷེ་ལ་“སངས་རྒྱས་ཉེ་ལམ་ཁྱིམ་ན་མི་འདུག ཕལ་ཆེར་ཕྱིའི་རྒྱལ་ཁབ་ལ་ལྗོངས་རྒྱུར་སོང་ཚུལ་བཤད་ཀྱང་དུས་ཐུང་ངུར་ཕྱིར་ལོག་མི་ཐུབ”ཅེས་གདོང་དྲག་པོའི་ཚུལ་གྱིས་ལན་བཏབ། ཨ་ཐང་ཆད་ཀྱང་འཛུམ་མདངས་ཤོར་བའི་སྤྲང་བོ་ལྷ་བྷེས་ངག་འདར་ཞོར་“ཁོ་བོ་ཕྱིར་ནམ་ལོག་སྲིད། ངས་ཁོ་དུས་ཚོད་མང་པོ་ཞིག་ཏུ་མཐོང་མ་བྱུང”ཞེས་རྔན་པ་འཐེན་ཞོར་རང་གི་ལྕགས་དཀར་ལ་བལྟས་ནས་ཡུན་ཙམ་དུ་ཧད་ནས་བསྡད། ནམ་རྒྱུན་ཅུའུ་ཀྲུང་སངས་རྒྱས་ལམ་ཐིག་གཞན་བརྒྱུད་ནས་ལས་ཚོགས་སུ་ཞུགས་ཤིང་མཚམས་ལ་ལར་སྤྲང་བོ་ལྷ་བྷེས་ཉམས་བཞག་མེད་དུས་དང་གཉིད་ལོག་པའི་དུས་སུ་ད་བཟོད་ཁོ་བོ་རོགས་པ་དང་མཉམ་དུ་ཡར་འགྲོ་མར་འགྲོ་བྱེད།འོན་ཀྱང་སྤྲང་བོ་ལྷ་བྷེས་རོགས་པ་དེར་ཐུག་དུས“ང་ཡི་དྲིན་ཆེན་ནམ་ཞིག་ཕྱིར་ལོག་ཀྱང་ལས་ཚོགས་སུ་ཞུགས་ཐུབ། ང་ཡི་ལྕགས་དཀར་འདི་ད་ནི་སྟོང་བར་ལུས་ནས་ཡུན་རིང་འགོར”ཞེས་འདྲི་ཞིང་དྲི་བ་འདི་ཕལ་ཆེར་ཉིན་གཅིག་ལའང་ཆད་མ་མྱོང་ལ་དྲི་བ་འདི་མེད་པའི་ཉིན་ཡང་ཡོད་མེད་པ་འདྲ། དུས་དེ་ནས་བཟུང་ཅུའུ་ཀྲུང་སངས་རྒྱས་བློ་བདེའི་ངང་རང་གི་རོགས་པ་དང་ལྷན་དུ་སྤྱི་གླིང་གི་སྒོ་ཆེན་བརྒྱུད་ནས་ལས་ཚོགས་སུ་ཞུགས་པའི་གོ་སྐབས་ཉུང་དུ་བྱིན་ལ། སྤྲང་བོ་ལྷ་བྷེའི་ཡོང་སྒོ་ཡང་ཉིན་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། མཚམས་རེར་སྒོར་ཟུར་གཅིག་ཀྱང་མེད་པའི་ཉི་མ་ཡང་མང་དུ་བྱུང་། ལོ་དེའི་དགུན་ཁའི་མཚན་མོ་ཞིག་ལ་ནམ་ཟླ་ངེས་ནས་གྲང་རེག་ཆེ་ཞིང་ཆག་ཀྲུམ་ཤོར་བའི་ཟླ་འོད་རབ་རིབ་ཏུ་གྱུར། ཕལ་ཆེར་མཚན་མོ་དེར་སྤྲང་བོ་ལྷ་བྷེས་མི་ཡུལ་འདི་དང་ཁ་གྱེས་སོང་བའི་སེམས་འཁྲེལ་སུ་ལའང་ཡོད་སྲིད། ཕྱི་ཉིན་ཞོགས་པར་བཙའ་འཁོར་མའི་རྐུབ་སྟེགས་དེས་ཐོག་ཁང་གི་ཁ་གཏད་ན་ཁེར་རྐྱང་དུ་སྡོད་ཀྱང་དེ་ཡི་འཇིག་རྟེན་གྱི་མཁའ་དབུགས་སྔོན་ཆད་དང་གཏན་ནས་མི་འདྲ་འོ༎
སྤྱི་ལོ་༢༠༡༨ལོའི་ཟླ་༨བའི་ཚེས༣ཉིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=727
དཔྱད་མཆན་སྤེལ།