ལྗང་མྱུག མཚོ་ལྷོ།  

                                                            ༡                                                                      

 བདག་གིས”སྒྱུ་རྩལ”ཞེས་པ་ནི་འཚོ་བའི་ཚུར་སྣང་གི་ཟུར་གང་རུང་ཞིག་མིའི་ཤེས་རབ་ཀྱིས་ཞུན་མར་བརྡར་བའི་ཉིང་དགོས་ཤིག་ཏུ་བསམ་ཡོད།དེ་སྔོན་ཤར་ནུབ་དྲན་དབང་སུ་ཞིག་གིས་ཀྱང་འདི་ལྟར”སྒྱུ་རྩལ”ཞེས་པ་དེར་ངོས་འཛིན་གནང་ཡོད་པ་མ་མཐོང་མོད།ཁོ་བོ་སྐྱེ་བོ་སྒེར་བ་ཞིག་གི་དྲན་འཆར་གྱི་ཡོལ་བའི་ངོར་འདི་འདྲ་ཞིག་འཆར་བས་དཔྱོད་ལྡན་རྣམས་ཀྱིས་དོགས་དཔྱོད་དང་ཞིབ་ཆ་ཕྱེས་ཏེ་ཞུན་བརྡར་གང་ལེགས་གཏོང་བར་ཞུ།དེ་བས་ན”རྩོམ་རིག་སྒྱུ་རྩལ”ཞེས་པའང་འཚོ་བའི་ཟུར་ངོས་གང་རུང་ཞིག་མིའི་ཤེས་རབ་ཀྱིས་བཙོ་སྦྱངས་བྱས་པའི་བཅུད་དམ་ཉིང་ཁུ་ལྟ་བུར་འདོད་ཡོད།དེ་ལྟ་བུའི་འཚོ་བ་དེ་ལ་ཡང་ཕྱི་རོལ་ཡུལ་གྱི་འཚོ་བ་དང་གསལ་རིག་སེམས་ཀྱི་འཚོ་བ་ཞེས་རིགས་གཉིས་སུ་དབྱེ་འདོད་དོ། །    

                                                  ༢                                                                      

སྤྱིར”རྩོམ་རིག་སྒྱུ་རྩལ”ནི་སྤྱི་ཚོགས་འཚོ་བའི་འདྲ་དཔར་ལྟ་བུ་ཞིག་ཡིན་པ་དང་།སྤྱི་ཚོགས་འཚོ་བའང”རྩོམ་རིག་སྒྱུ་རྩལ”གྱི་འབྱུང་ཁུངས་ཉག་གཅིག་ཡིན་པར་ཀུན་ལ་རླུང་ལྟར་གྲགས་ན།འཚོ་བར་ཤེས་རབ་ཀྱིས་ཞུན་བརྡར་བྱས་པས་རྩོམ་རིག་འབྱུང་བ་དང་མ་བྱས་པས་འཚོ་བ་རང་དུ་འདུག་ཅེས་བཤད་ཀྱང་ཆོས་རའི་རྡོ་གཅལ་སྟེང་ནས་ཡིན་པ་མིན་པར་འགྱུར་ན་དམིགས་བསལ་ཡིན་མོད།དངོས་ཡོད་དོན་གྱི་ཆ་ནས་རང་བཞིན་བརྗོད་པའི་རྒྱན་དུ་འགྱུར་ངེས་སྙམ།དེའི་སྐོར་མང་དུ་འཕྲོས་ན་འབའ་རྫོང་ནས་ཟི་ལིང་ལ་འགྲོ་ཚེ་ཐོག་མར་རྭ་རྒྱ་བརྒྱུད་དེ་མགོ་ལོག་ལ་སོང་།དེ་ནས་ཡུལ་ཤུལ་དུ་སོང་།མཐར་ཕྱིར་འཁོར་ནས་བྲག་དཀར་རྫོང་དང་མཚོ་ལྷོ་ཁུལ་སོགས་ཉུལ་ནས་སོང་ན་ནི།མི་འདྲ་བའི་གནམ་གཤིས་དྲོ་འཇམ་དང་།མི་འདྲ་བའི་ལམ་གྱི་བདེ་གཟར་སོགས་མཐོང་བ་རྣམ་གྲངས་མང་ཡོད།དུས་ཚོད་ལ་བྲེལ་བ་ཅུང་ཆེ་མཁན་ཞིག་ཡིན་ན་ནི།དེ་ལྟར་ཉིན་གྱི་ཁར་མཚན་བསྣན་ནས་འགྲོ་བ་ལས་བོན་རྒྱ་གྲོང་བརྡལ་གྱི་གྱང་ཁའི་རྩྭ་ལྡུམ་མང་པོར་མཐོང་མཇལ་ཞིག་ལེན་ཞོར་ཉེ་ལམ་བརྒྱུད་དེ་འགྲོ་ངེས་པ་ལྟར།འདིར་ཡང་གང་སྐབས་སུ་བབས་པའི་བཤད་བྱ་དཀྱུས་སུ་ཞུགས་ན་འགྲིག་པར་སྣང་ངོ་།།

                                                   ༣                                                                        

 སྙན་ངག་པ་ལྡོང་ཆུ་ཤེལ་ལགས་ཀྱི<<སྒྲོལ་དཀར་མཚོ>>ཞེས་པའི་སྙན་ངག་འདི་ནི།བོད་ཀྱི་སྙན་ངག་གསར་བའི་བྲི་ཐབས་མི་འདྲ་བ”ཡིད་བརྙན་སྤྱད་པ”དང”མཚོན་དོན་སྤྱད་པ”དུང་བརྗོད”གསུམ་ལས་ཕྱི་མའི་བྲི་ཐབས་ལྟར་བྲིས་ཏེ་རྩོམ་པ་པོའི་གསལ་རིག་སེམས་ཀྱི་འཚོ་བ་ཐབས་ཚུལ་འཕྲུལ་གྱི་སྙུ་གུར་དྲངས་ནས་གཟུགས་ཅན་དུ་བཞེངས་ཡོད།ཁམས་གསུམ་ལས་འདོད་ཁམས་འདིའི་ཞིང་གི་ཡོན་ཏན་ནམ་ཁྱད་པར་ཡང་འདོན་པའི་ལོངས་སྤྱོད་ལ་འདུན་པ་ཤུགས་ཆེ་བ་ཉིད་ཡིན་ན།ལྡོང་ཆུ་ཤེལ་ལགས་ཀྱང་འདོད་ཡོན་སྣ་ལྔའི་སྐྱེད་ཚལ་ལ་ལྡིང་སྐོར་བྱེད་པའི་སྦྲང་མ་གཅིག་ཡིན་ངེས་པས།ཁོའི་ཀུན་རྟོགས་སེམས་ཀྱི་གཤོང་སར་ཡང་འདོད་པའི་འོ་མཚོའི་རླབས་ཕྲེང་དྲག་ཏུ་གཡོ་བ་ཆོས་ཉིད་གནམ་གྱི་རྒྱལ་མོས་བཀའ་ལུང་ཡིན་ལ།མཁས་དབང་དགེ་ཆོས་མཆོག་གིས”བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད།།སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད།།ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།།ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས།།”ཞེས་གང་གསུངས་པ་ཇི་ལྟ་བ་བཞིན་ནོ། །  

                      ༤                                                               

དེ་ལ་འདིར་སྙན་ངག་པས་རང་གི་སེམས་ཀྱི་ཟབ་སར་ལྷུང་བའི་བུ་མོ་སྒྲོལ་དཀར་གྱི་འཕྱོར་སྒེག་གི་དཔལ་གྱིས་བཟི་བར་བྱས་ཚུལ་དང་།དེའི་ཕྱོགས་སུ་ཉིན་མཚན་དབྱེར་མེད་དུ་སེམས་ཤོར་ཚུལ།མཇལ་མཛོམས་ཀྱི་ལས་སྐལ་ཕྲ་བས་བུ་མོ་སྒྲོལ་དཀར་མཐོང་འདོད་ཀྱི་འདུན་པ་དྲག་ཏུ་འཕྱོ་བ་དང་།མཚམས་རེར་རང་ཉིད་ཆེས་དགའ་ཞིང་དུང་བའི་བུ་མོ་དེར་འུ་ཐུག་ཐབས་ཟད་ངང་ལེ་བདའ་ཤོར་བ་སོགས་ཡིད་རབ་ཏུ་འཕྲོག་པའི་ཚིག་གི་ཕྲེང་བ་རེ་རེ་དྲན་གདུང་གི་སྲད་བུར་བརྒྱུས་ཡོད་པ་འདི་ལྟར།”སུ་ལའང་མ་ཕོག་པའི་བདག་གི་མིག་འོད་ཐོག་མ།/ཁྱེད་ཀྱི་ཟླ་གོར་གྱི་གཏིང་མཐར་ཟུག་པ་ནས་བཟུང་།/ཁོ་བོ།/དུས་བཞིའི་འཁྱག་རོམ་གྱི་སྙིང་ཁར་འགྲེང་སྟེ།/སྐར་མ་དང་རྩི་ཤིང་བཞིན་འདར་བའི་ལག་ཟུང་ཁྱོད་ལ་བསྲིངས་ཏེ་སྒུག/སྒྲོལ་དཀར་མཚོ།”/ཞེས་སྙན་ངག་པའི་སེམས་པ་ཡིད་འོང་གི་བུ་མོ་དེ་མཐོང་ཉིན་ནས་ངང་མོའི་རྗེས་སུ་ངང་པའི་སྡེ་དཔོན་འབྲང་བ་ལྟར་དུས་བཞིར་དབྱེར་མེད་དུ་དེ་ཁོ་ན་སྒོམ་ཞིང་།སྨིན་ལེགས་མ་དེའི་འཛུམ་མདངས་དང་ཉམས་འགྱུར་རེ་རེས་སྙན་ངག་པ་བཟི་བར་བྱས་ཏེ་ཉིན་མཚན་གྱི་རྣམ་བཞག་ལྷག་མེད་བཤིག་པའི་ཚུལ་སུ་དང་གང་གིས་ཀྱང་མ་ཤེས་ལ།དེ་ཁོ་ནར་དགའ་ཞིང་དེ་གཅིག་བུར་དུངས་དུངས་མཐར་ཡིད་ཀྱིས་གཏོང་མི་ཐུབ་པའི་མཚམས་སུ་སླེབས་ཀྱང་བུ་མོ་དེས་ཅི་ཡང་མ་ཚོར་བ་ལྟར་རི་དྭགས་བཞིན་བྱེར་ནས་བུད་འགྲོ་ཚུལ་ནི། “བརྩེ་འདང་ཟབ་མོས་རྒྱང་རིང་ནས་རྒྱང་རིང་དུ་ཁྲིད་ཅིང་།/ཕྱིར་འོང་སའི་ལམ་ལ་གདུབ་རྩུབ་ཀྱི་རྣོ་དབལ་ཇི་འདྲ་མང་པོ་ཞིག་འཚང་ཡོད་པ་ཁྱོད་ཀྱིས་ག་ལ་རྟོགས།/ཁོ་བོའི་ཞགས་པའི་སྣེ་མོ་ལ་ཅི་ཡང་འདྲོགས་པའི་ཁྱེད་རང་།/སྐྱ་རེངས་ཀྱི་ཐུ་འོག་ལས་ཤོར་བའི་ཉི་ཟེར་དང་མཉམ་དུ་སླེབས་ཀྱང་།/བདག་ལ་འཛུམ་དཀར་གྱི་ལྷག་མ་རེ་བསྐྱུར་ཏེ།/གནམ་མཐའི་སྐར་ཆེན་དང་འགྲོགས་ནས།/དགུ་ཆུའི་ཕ་རོལ་ཏུ་ལོག་འགྲོ།/སྒྲོལ་དཀར་མཚོ།”/ཞེས་སྨིན་ལེགས་མ་དེས་སྙན་ངག་པ་ཁོ་མོར་དགའ་དུང་གིས་མནར་བའི་ཚུལ་གསལ་བོ་ཤེས་མེད་པ་དང་།ངོ་ཐུག་ན་ཡང་ཇ་ཡུན་གྱི་ཁ་བརྡ་ཙམ་གྱི་བགོ་སྐལ་ཡང་མེད་པར་ནམ་རྒྱུན་འཛུམ་མདངས་ཀྱིས་རེ་རེར་བསུས་ཏེ་ཁོ་མོ་ཁོ་མོའི་ལམ་དུ་ཆས་འགྲོ།    

                                                                         ༥                                                                              

 ཇི་སྐད་དུ<<ཁྱད་པར་འཕགས་བསྟོད>>ལས།།”དགའ་བྱེད་ཆུང་མའི་དོན་གྱི་ཕྱིར།།རྒྱ་མཚོའི་ཕ་རོལ་སོན་ཅེས་གྲག།”ཅེས་པ་ལྟར་སྙན་ངག་པས་ཀྱང་སྒྲོལ་དཀར་མཚོའི་སླད་དུ”ངས་ཐག་རིང་ནས་དཀའ་སྤྱད་ཀྱི་ལོ་ཟླ་རེ་རེ་རྡོག་པས་གནོན་གྱིན།/བཟོད་དཀའ་བའི་མི་ཁ་དང་དམོད་མོའི་ཁྲེས་པོ་ལྕི་མོ་ཞིག་འཁུར་ནས་འོང་”/ཞེས་པ་ལྟར་རང་གི་མི་ཚེའི་འཚོ་སྟངས་ཀྱི་བདམས་ཀར་ཡང་འགྱུར་བ་བཏངས་ནས།སོར་སྡོམ་གསེར་གྱི་སྐ་རགས་ཀྱི་མདུད་པ་གྲོལ།དམ་ཚིག་གསེར་གྱི་སྒོ་ང་བྲག་ལ་བརྡབས་ཏེ་ཚེ་རབས་གཏན་གྱི་བླ་མར་བཞག་པའི་ཁས་ལེན་དམ་བཅའ་ཡང་སྦྲུལ་ལ་མདུད་པ་བཏབས་པ་བཞིན་ཞིག་སེ་སོང་།ཚེ་འདིའི་ཆོས་སྐད་ཀྱང་དུམ་སེར་བཅད་དེ་མི་ཁའི་ཚེར་མའི་ལམ་དུ་བགྲོད་དོན་སྒྲོལ་དཀར་མཚོ་ཁོ་ནའི་ཕྱིར་ཡིན་ཡང་།ཁོའི་ཡིད་ཀྱི་རེ་འབྲས་ཡོད་ཚད་ནི་ཞང་ཞུང་ཆོས་དབང་གྲགས་པས”རྣམ་བཀྲ་དབང་བོའི་གཞུ་མཆོག་ལ་སྲེད་ནུ་ཞོའི་ལྟོ་ཅན་གོམ་པའི་འགྲོས་འཁྱོར་ཕྱོགས་སླད་མགྲོན་པོར་གྱུར་ཅེས་ཐོས།།བྱེ་མའི་རྡུལ་བརྩེགས་ཕྲག་པ་ལ་ཞོན་ཉི་མའི་ཆུ་རྒྱུན་མེ་ཏོག་དུས་འདིར་རི་དྭགས་ལུས་ལ་ངལ་བ་སྟེར།།”ཞེས་པ་དང་ཨ་ན་མ་ནར་སོང་སྟེ།”ཁྱེད་ཀྱི་ཕྱིར།/ཁོ་བོ་རི་ཁྲོད་དང་དབེན་ལྗོངས་ནས་ཆས་ཏེ་ལམ་ཕྲན་འདིར་ལྷགས།/ཡིན་ཡང་།/ཁྱེད་ཀྱི་ཁོར་ཡུག་ཏུ་རླུང་གཞོན་གྱིས་འཁུར་བའི་གཡའ་ལོ་སེར་པོ་ཞིག་གི་ཐོབ་སྐལ་ཡང་ད་དུང་རྒྱང་ཐག་ཧ་ཅང་རིང་།/ཞེས་ཁོས་རང་གི་ངལ་བ་འབྲས་མེད་ཀྱི་ལས་དབང་ངོས་ཟིན་ཡང་ནམ་རྒྱུན”གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོ་དང་།/ལམ་འགྲམ་རྒྱ་ལྕང་གི་འོག་རོལ་ཏུ་འགྲེང་སྟེ།”/སྒྲོལ་དཀར་མཚོ་མཐོང་འདོད་ཀྱི་འདུན་པ་མེ་ལྕེ་ལྟ་བུར་རང་གི་དགའ་དུང་རྣལ་མའི་སེམས་པ་བུད་ཤིང་བཞིན་བསྲེགས་ཏེ་བསྡད་དོ། །          

                                              ༦                                                                                      

 དངོས་གནས་སྙན་ངག་པའི་ནང་སེམས་ཀྱི་འཇིག་རྟེན་ནི་ཐོར་ཤོར་དང་རེ་དོགས་ཀྱིས་གྲུབ་པས”ནམ་རྒྱུན་མཆི་མར་བསྙལ་བའི་མིག་ཟུང་རབ་རིབ་ངང་།/སོར་ཚད་ཀྱིས་བཅད་པའི་རྩམ་རྡོག་རེ་རེ་དང་།/སྐྱོ་ངལ་མང་པོ་ཅིག་ཅར་ལྡོད་ཀྱིན།”/བུ་མོ་སྒྲོལ་དཀར་མཚོར་འཁྲེང་བའི་སེམས་པ”ནུབ་ཁའི་ཉི་འོད་དང་ལྷན་དུ་རྒས”བཞིན་ལོ་ཟླ་ཉིན་མཚན་གྱི་ཉག་ག་རེ་རེ་བརྒལ་ཡང་།”རྡོ་ལེབ་སྟེང་གི་ས་བོན་ལ།།མྱུ་གུ་སྔོན་པོ་ཇི་བཞིན་ནོ།།”ཞེས་པ་ལྟར་རེ་བའི་སྐར་ཚོགས་ངང་གིས་མོག་པོར་གྱུར་ཏེ་ཁད་ཀྱིས་ཡལ་ཚེ།རྣམ་ཤེས་ཀྱི་ཆོམ་རྐུན་མ་དེར་འུ་ཐུག་ཐབས་ཟད་ངང”ཁྱོད་ཀྱི་སེམས་རྒྱུད་འབྲོང་རྒོད་ཀྱི་རྭ་རྩེ་ལས་གྱེས་པ་མིན་ན།/ནམ་ཡང་།/ཁྱེད་རང་སྙེག་པའི་བུ་ཆུང་ལ།/བརྩེ་བའི་ཕྱི་མིག་ཅིག་གནོངས་རོགས།/སྒྲོལ་དཀར་མཚོ།”/ཞེས་ལེ་བདའ་ལྟ་བུའི་གདུངས་འབོད་བྱས།འདི་ནི་ལངྒ་མགྲིན་བཅུས་མཆི་མེད་ཀྱི་དངོས་གྲུབ་བཙལ་བཙལ་ཁོ་ནར་ཟད།མགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ་གཉིས་ཀྱི་བརྩེ་དུང་དེ་རིགས་རུས་ཀྱི་དབྱེ་བས་མི་ཁོག་པའི་གཅིག་ལ་གཅིག་དུང་གི་བརྩེ་དུང་ཡིན་ལ།ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་གཉིས་ཀྱི་བརྩེ་དུང་དེ་གཅིག་གི་རེ་སྒུག་ལ་གཅིག་གི་དྲན་གདུངས་བསྣན་པའི་བརྩེ་དུང་ཡིན།གཞོན་ནུ་ཟླ་མེད་དང་བཙུན་མོ་ཡིད་འོང་མ་གཉིས་ཀྱི་བརྩེ་དུང་དེ་ཡང་དང་བོར་གཞོན་ནུས་གཡུལ་གྱི་སྦྱོར་བ་བཤམས་དགོས་ཐུག་མོད།མཐར”མཇམ་མཉེན་ལག་པད་རེག་པ་གསར་བ་ཡིས།།མགྲིན་འཁྱུད་བྱས་ཡང་དག་བཅིངས་གྱུར་ཅིང་།།བིམ་པའི་མཆུ་འདབ་སྦྱོར་བའི་རྣམ་འགྱུར་གྱིས།།མཚམས་སྦྱོར་ཕོ་ཉའི་བྱ་བ་རྫོགས་པར་བྱས།།དེ་ནས་ཆུ་ཤིང་ལྟར་མཁྲེང་དཀར་ཟླུམ་གྱི།།བརླ་སྒོ་ཤིན་ཏུ་ཡངས་པའི་སྐབས་ཕྱེས་ནས།།དགའ་སྐྱེད་པདྨ་ཅན་གྱི་ཆུ་མཚོ་ལ།།གཞོན་ནུ་ངང་བའི་རྒྱལ་བོ་བདེ་བར་བཞུགས།།”ཞེས་མཐར་འོ་ཆུ་དབྱེར་མེད་འདྲིས་པ་ལྟར་བཀྲ་ཤིས་བདེ་ལེགས་རྐྱང་རྐྱང་ཡོང་ཡོད།འདིར་ནི་སྙན་ངག་པས་སྒྲོལ་དཀར་མཚོར་བཅིངས་པའི་བརྩེ་བ་ཡོད་ཚད་དུས་ཚོད་ཀྱི་ཤིང་རྟས་དྲུད་དེ་མི་ཚེའི་མཐའ་མཇུག་ལ་ཐོན་བྱུང་།”རིང་མིན་དུ་ཁྱེད་ཀྱིས།/འཇིག་རྟེན་གྱི་སྔ་ལམ་དུ་སུ་ཞིག་རྡོག་སྒྲ་ཁད་ཀྱིས་ཚོར་ཡོང་སྲིད།/དེ་ནི་ཁོ་བོའི་དྲན་གདུང་དང་མཆི་མས་གྱེར་བའི་སྙན་ངག་དམར་པོ་ཞིག་མཇུག་སྒྲིལ་བའི་མཉམ་སྒྲོགས་རོལ་དབྱངས་ཡིན་པ་ཤེས་བར་གྱིས།/སྒྲོལ་དཀར་མཚོ།”/ཞེས་ཁོའི་སྙན་ངག་དང་མི་ཚེ་བརྩེ་དུང་གི་ལེའུ་བཅས་མཇུག་རྫོགས་སོང་ངོ་། །                                                

སྤྱི་ལོ༢༠༡༨ལོའི་ཟླ༡༢བའི་ཚེས༤ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=724