འཇིག་རྟེན་འདིར་སྐྱེས་པ་ནས་ང་རང་རྒྱུ་མཚན་མེད་པར་གསོན་ནས་ཡོད། དེ་ནི་སྐྱེ་འཆི་མེད་པའི་དུས་ཚོད་ཀྱི་ལྕག་སྡོང་ལས་ཀྱང་ཤ་ཚ་མོ་རེད། སྐབས་དང་སྐབས་སུ་ངའི་ནང་སེམས་ཁོ་ན་ཆགས་སྡང་གི་རླུང་ཆེན་པོས་དྲག་ཏུ་སྐྱོམ་པར་བྱེད། བརྩེ་དུང་། གྱེས་བྲལ། ཁྲེལ་གཞུང་། བྱམས་བརྩེ། འདི་དག་རེ་རེས་ད་གཟོད་ང་རང་སྙིང་ཉེ་བའི་རང་བྱུང་ཁམས་འདིར་གསོན་ཡོད་པ་གསལ་བཤད་བྱེད་ཀྱིན་ཡོད་མོད། ང་ནི་ཆེས་ཆེ་བའི་རང་བྱུང་ཁམས་ནས་ཆེས་ཆུང་བའི་རང་ཉིད་མི་རྙེད་པའི་ཡིད་གདུང་གི་སྨིག་རྒྱུ་ལྟར་སེམས་ཁྲལ་རིགས་ཤིག་གི་ཡུལ་ལྗོངས་ལས་གང་དུའང་འདའ་མི་ཐུབ་པའི་སྐྱོ་བ་ཆེན་པོའི་འཁྱག་རི་ཞིག་ཡིན། འཚོ་གནས་ཀྱི་ལན་ནམ་ཅི་ཆ་སྟེ་ང་ནི་དབྱར་ལ་དབྱར་དང་དགུན་ལ་དགུན་ངོ་མི་ཤེས་པའི་མི་ཞིག་ཡིན། དོན་དག་ལ་ལ་ཞིག་གི་ཐད་དུ་ང་རང་མིག་ཟུང་མེད་པའི་བགྲེས་པོ་ཞིག་ལས་ཀྱང་གཉོམ། ང་ལ་ཕུགས་བསམ་མེད། གང་བྱུང་དུ་ངུ་བར་དགའ་བའི་བྱིས་པ་ཞིག་ལྟར་ང་ག་དུས་ཡིན་ཡང་རང་གི་གྲིབ་མའི་ནང་ཁ་སྦུབས་སུ་བསྡད་དེ་དུས་རབས་ཤིག་གི་ཁེར་རྐྱང་ལས་ལྕི་བའི་སྐྱོ་སྣང་གི་ནམ་མཁའ་ལ་ལག་ཟུང་མཐོ་རུ་བཏེགས་ནས་ལྕེབས་ཐག་ལྟ་བུའི་གྲོང་ཁྱེར་ག་གེ་མོའི་རེའི་འུར་ཟིང་ནང་ལྷུང་ཡོད། འཇིག་རྟེན་འདི་ནས། སུས་ཀྱང་ང་རང་ཁེར་རྐྱང་གི་གློའུ་ཞིག་ཡིན་པ་མི་ཤེས་བཞིན། ངས་ཀྱང་རང་ལ་ཕུགས་བསམ་ཞེས་ཞེ་འདོགས་ས་ཞིག་ཡོད་དགོས་མེད་འདོད་ཡོད།  འཚོ་བ་ནི་རང་བྱུང་གི་རླུང་བུས་ངེས་མེད་དུ་ཁུར་བའི་ལོ་མ་ཞིག་དང་འདྲ་བར་ཁྱོད་རང་གང་ནས་འདུག་བསམ་ན་དེ་རུ་སྡོད་ཐུབ་པ་ཞིག་དང་གང་དུ་བསྐྱོད་བསམ་ན་དེ་རུ་བསྐྱོད་ཐུབ་པ་ཞིག་མིན་པ་འདྲ་བས། ངས་རང་བྱུང་གི་ཆོས་ཉིད་དང་ལས་དབང་གི་ཚོན་སྣ་ལས་དུས་ངེས་མེད་དུ་འཆི་བ་ཁོ་ན་ལས་སྒྱུ་འཕྲུལ་གྱི་འཆར་ཡན་གཞན་ཞིག་སྣང་མ་བྱུང་། སྐྱེས་བ་འདིར་ང་རང་ལྷིང་འཇགས་ལ་ཧ་ཅང་ཧ་ཅང་དགའ་བའི་མི་ཞིག་ཡིན།  འོན་ཀྱང་ལས་དབང་གིས་ང་རང་འུར་ཟིང་དང་ཉེ་རུ་བསྡམས་བྱུང་།  རྫས་དུད་དང་ཞེད་སྣང་གིས་གང་བའི་གྲོང་ཁྱེར་ཞིག་ལ་མཚོན་ན་འུར་ཟིང་ནི་གྲོང་ཁྱེར་དེའི་ཁ་དང་སྣ་མིག་དང་ལྕེ་ཡིན་ལ།  གྲོང་ཁྱེར་དུ་འཚོ་སྡོད་བྱེད་ཀྱིན་པའི་མི་ཞིག་ལ་མཚོན་ན་ལུས་དང་གྲིབ་མ་བཞིན་འགྲོགས་པའི་འཚོ་བའི་དོན་ལྔ་སྣོད་དྲུག་ཡིན།   དེ་བས་སྣོད་བཅུད་ཀྱི་ལྷིང་འཇགས་དང་ཡིད་འོང་གི་བསིལ་ལྗོངས་དང་རིང་དུ་གྱེས་པའི་ཡུལ་གྱར་བ་ཞིག་ལ་མཚོན་ན་ཕ་ཡུལ་གངས་ལྗོངས་ཀྱི་རི་ཆུ་ནགས་གསུམ་ནི་བརྩེ་བའི་ཟབ་སར་ཆགས་པའི་དམིགས་མེད་ཀྱི་ཞིང་ཁམས་ཡིན། 

གྲོགས་པོ་ཞིག་གིས་ང་ལ་ཁྱོད་ནི་ག་དུས་ཡིན་ཡང་རང་གི་རྨི་ལམ་ལ་ཉེ་བར་བཅར་ཐུབ་པའི་མི་ཞིག་རེད་ཟེར། མ་ཟད་རང་གི་འདོད་ཕྱོགས་ཀྱི་འཚོ་གནས་ལ་དུས་ཀུན་བཅར་ཐུབ་པའི་མི་ཞིག་རེད་ཟེར། དེ་བཞིན་ཆུང་དུས་ཀྱི་རྫི་རོགས་ལ་ལས་ཀྱང་ཁྱོད་རང་ཞེ་དྲག་སྐྱིད་པོ་འདུག་ག་དུས་ཡིན་ཡང་གྲོང་ཁྱེར་དུ་འཚོ་སྡོད་བྱེད་ཐུབ་ཀྱིན་གདའ། ངོ་མ་སྐྱིད་པོ་གདའ་ཟེར། འོན་ཏེ་ཆགས་འཇིག་གི་ཆོ་ངེས་གང་བའི་འཁྱག་རའི་སེམས་ངོགས་འདི་ཉིད་གཏན་དུ་ཕྱིར་འོང་མེད་པའི་ཆུང་དུས་ཀྱི་འཚོ་གནས་དང་ནང་སེམས་ལྟ་བུའི་ཞི་འཇམ་བག་ལྷོད་ཀྱི་དུས་སྐབས་ཤིག་གི་ཕྱི་ནང་ལས་གང་དུ་བགྲོད་འདོད་མེད་པའི་ང་ཡི་ནང་སེམས་འདི་སུ་ཡིས་རྟོགས་ཨང་། ངས་སེམས་ལྷོད་པོའི་ངང་ནས་ནང་སེམས་ཀྱི་སྦུགས་ངལ་དལ་གྱིས་གཏོང་མི་ཐུབ་པའི་པེ་ཅིང་གྲོང་ཁྱེར་གྱི་གྲུ་ག་རེ་རེ་ནས་ཚོད་ཚོད་ལ་ཡི་མུག་གིས་གང་བའི་མིག་ཟུང་རེ་མཐོང་ཡོང་ལ་མིག་ཟུང་དེ་དག་ལས་ལྗན་ལྗིན་གྱིས་ཁེངས་བའི་ནང་སེམས་དང་རབ་རིབ་ཏུ་གྱུར་བའི་མི་དེ་དག་གི་འཚོ་གནས་ཀྱི་བདེ་སྐྱིད་ཚོར་བྱུང་། མིག་ཟུང་དེ་དག་ལས་ལས་དབང་གི་ཚོན་སྣ་བསྣོག་པའི་ཁེར་རྐྱང་གི་ཡུལ་གྱར་བ་རེ་རེའི་དུས་ངེས་མེད་ཀྱི་སྐྱོ་བ་ཚོར་ཡོང་། དུས་སྐབས་དེ་དག་ཏུ་ངའི་ནང་སེམས་རྒྱུ་མཚན་མེད་པར་སྐྱོ་ནས་ཡོང་ལ། དུས་སྐབས་དེ་དག་ཏུ་ངའི་མིག་ཟུང་རྒྱུ་མཚན་མེད་པར་བཤུམ་ནས་ཡོང་། ལས་ཀྱི་ཞོགས་པ་ཞིག་གངས་ལྗོངས་ནས་ཚེས་ཀྱང་འཆི་བའི་ཆག་སྒོ་ཞིག་འུར་ཟིང་གི་གྲོང་ཁྱེར་འདི་ལས་མི་ཚེས་པའི་ངེས་པ་མེད་པ་ལྟ་བུའི་མཚན་མོ་རེ་རེར་ངས་《汪峰》གྱིས་བླངས་པའི་“北京 北京 ”ཞེས་པའི་གཞས་དེའི་ཡུལ་ལྗོངས་མ་ལུས་རང་གི་ཁེར་རྐྱང་གི་སྒེའུ་ཁུང་ནང་བླངས་ཏེ་གྲོང་ཁྱེར་འདིའི་ཆགས་སྡང་གི་གཡོར་གྲུ་རེ་རེ་རྒྱང་རིང་བའི་དུས་མཐའི་དཔྱིད་ཀར་དེད་ན་འདོད་ལ།  སྐྱེ་བ་འདིར་ཐུགས་སེམས་བྱམས་བརྩེས་ཕྱུག་ཅིང་ཆར་རྗེས་འཇའ་ཚོན་འཆར་བའི་མདོ་དབུས་མཐོང་སྒང་འདིར་སྐྱེས་པ་ཅི་འདྲའི་གཟི་བརྗིད་ལྡན་ཨང་སྙམ་བྱུང་།  

ངས་རང་གི་ནང་སེམས་ཀྱི་ནགས་ཚལ་ནང་དུ་ཡིད་འོང་གི་དུས་རབས་ཤིག་ཕེབས་པར་སེམས་ཁྲལ་ཚད་མེད་བྱས་ཏེ། མི་ཚེའི་བརྒལ་གཞུང་རིང་མོར་ཉིན་ནས་ཟླ་དང་ཟླ་ནས་ལོ་མཐུད་དེ་གྲོང་ཁྱེར་འདིའི་འུར་ཟིང་ཁྲོད་འཚང་དགོས་པའི་གནས་ལུགས་ཤིག་རྙེད་དགོས་འདོད་ཡོད་ལ། དབྱངས་གསལ་གྱི་འཇིག་རྟེན་ཆ་ཚང་རང་གི་སྙིང་ནང་ནས་བཤམས་ཏེ་འཆར་ཡན་གྱི་ཡི་གེའི་རྫོང་ཆེན་པོར་ཡིད་བརྙན་གྱི་མེ་ལོང་གདགས་དགོས་འདོད་ཡོད། ངས་རྒྱུན་དུ་པེ་ཅིང་གི་ས་འོག་ལྕགས་ལམ་ནང་རང་ཉིད་ཀྱི་སྔོན་དུ་འདས་སོང་བའི་མི་ཞིག་དྲན་ཡོང་ལ། དྲན་པ་དེ་དང་འབྲེལ་ས་འོག་ལྕགས་ལམ་ནང་དུ་ཅི་ཞིག་ལུས་སོང་པ་ལྟ་བུའི་ཚོར་སྣང་ངེས་མེད་དུ་འབྱུང་བས། ངེས་མེད་ཀྱི་སྐྱོ་བ་ཆེན་པོས་ང་རང་རྒྱུ་མཚན་མེད་པར་མི་མཐུད་དེ་གསོན་ནས་འདུག་དགོས་པར་ཞེད་སྣང་གིས་ཁེངས་ཡོང་ལ། གསོན་པའི་སྙིང་བོ་ཞེས་དུས་ཚོད་ཀྱི་མཐའ་མཇུག་ཕུལ་ས་དེའང་ཅི་ཞིག་ཡིན་པར་སེམས་ཁྲལ་གྱིས་མནན་ཡོང་། དེ་ལྟའི་མགོ་མཇུག་མི་ཚང་བའི་དྲན་པ་གྲངས་མེད་ཀྱིས་ནང་སེམས་རབ་རིབ་ཏུ་གྱུར་བ་དང་འབྲེལ་གྲོང་ཁྱེར་འདིའི་ས་སྲོད་རེ་རེ་ཡང་དབུལ་ཕོངས་ཀྱིས་མནར་བའི་བགྲེས་པོ་ཞིག་དང་འདྲ་བར་ཧ་ཅང་ཉམ་ཐག་པའི་ངང་ནས་ང་ཡི་མིག་ཟུང་གི་ཡིད་འོང་དང་འབྲེལ་བ་མེད་པའི་ཐག་རིང་གི་གནས་ལམ་དུ་ལོག་འགྲོ། དུས་སྐབས་དེ་དག་ཏུ་ངས་དབང་མེད་དུ་རང་ཡུལ་གྱི་ཞོགས་པ་དང་ཉི་ནུབ་དྲན་ཡོང་ལ་བསིལ་སྣང་གིས་ཁྱབ་པའི་ཕ་ཡུལ་གངས་ལྗོངས་ཀྱི་ཞོགས་པ་དང་ཉི་ནུབ་རེ་རེ་ནི་འཆར་སྣང་གིས་བཞེང་བའི་སྙན་ངག་ཅིག་ལྟར་ཅི་འདྲིའི་སྙིང་དུ་སྡུག་ཨང་། དེ་ལྟར་དྲན་སྣང་གི་རླུང་བུ་ཡང་མོས་ངོས་སུ་འཇིག་རྟེན་གྱི་ཤར་ནི་ནུབ་དང་ནུབ་ལ་ཤར་ལ་བསྣོག་པ་ལྟར་ནང་སེམས་ཀྱི་མེ་ལོང་ངོས་སུ་བསམ་གཞིག་མང་པོ་སྐྱ་འཐབ་ནས་ཆོ་མེད་པའི་དུས་ཚོད་ཀྱི་ཟུར་ངོས་རེ་རེ་དང་གཤོང་མི་མཉམ་པའི་འཚོ་བའི་དགའ་སྐྱོ་རེ་རེ་ཡི་ཞེན་ཆགས་ཀྱི་ང་རྒྱལ་དང་། ཁེར་རྐྱང་གིས་བསུས་པའི་ལོ་ཚོད་འདི་ལ་རྒྱང་རིང་ནི་མི་ཚེའི་སེམས་ཁྲལ་ལྷག་མ་ཞིག་དང་བརྩེ་དུང་ནི་ལོ་བརྒྱའི་དྲན་པ་ལྷག་མ་ཞིག་ཏུ་འདོད་དེ་ཕྱི་རོལ་གྱི་དགུན་ཁ་ལས་ཀྱང་གྲང་བའི་ནང་སེམས་ཀྱི་དགུན་ཁ་གྲངས་མེད་ཕྱིར་ཡོང་མེད་པའི་འཕྲིན་ཡིག་ལས་སེམས་ཀྱི་སྐྱོ་བ་བརྒལ་ཏེ་མཐའ་མཇུག་གི་གནས་མལ་དུ་ཕུལ་ཡང་། ཆོས་ཉིད་ཀྱི་བཞིན་མདངས་གཉོམ་པོས་ང་ཡི་སྙིང་ནང་དུ་ས་སྲོད་སྦས་ཤིང་། ཁྱོད་ཀྱི་སྤྱན་ཆབ་ལ་རླུང་བུ་བསྲེས་ཏེ་ཞིག་རལ་ཏུ་སོང་བའི་སྨོན་འདུན་འཁྱག་པ་ཞིག་ལ་གྲོང་ཁྱེར་འདིའི་སྨིག་རྒྱུ་བགོས་ཏེ་ནམ་མཁའ་སྟོང་བར་དཔྱིད་ཀ་འབྲི་བའི་ང་ཚོ་ནི་སྡུག་པའི་ནགས་ཚལ་ལས་རང་ཉིད་ཀྱི་མིང་ཡིག་མི་རྙེད་པའི་པེ་ཅིང་གི་བོད་པ་ཡིན་ནམ། གྲོགས་པོ་ལགས། ད་ནི་ང་ཚོ་ཁ་ཕྱོགས་མེད་པའི་མཇལ་འཛོམས་དང་། འདབ་མ་བཞད་དཀའ་བའི་ལས་དབང་གི་སྐྱོར་གར་དང་རིང་དུ་གྱེས་ཏེ་རང་གི་མིག་ཟུང་ལས་ཀྱང་ཤ་ཚ་བའི་ཕ་ཡུལ་གངས་ལྗོངས་སུ་ལོག་ན་ཆོག་གམ། བྱམས་བརྩེ་དང་བརྩེ་དུང་གིས་ཕྱུག་པའི་འབྲོག་པའི་འཚོ་གནས་ལ་ཡིད་འོང་གི་སང་ཉིན་ཕུལ་ན་ཆོག་གམ། ད་ནི་མཛེས་སྡུག་ཡོངས་སུ་ཉམས་ཚར་བ་ལྟ་བུའི་པེ་ཅིང་གི་ཉི་འོད་ནང་ལྷུང་བའི་ཕྱི་དྲོ་འདི་དང་རིང་དུ་གྱེས་ཏེ།  ཕུགས་བསམ་མི་ཤེས་པའི་མི་ཞིག་དང་ལྷན་དང་གཉེན་སྒྲིག་བྱས་ནས་ཉམ་ཐག་པའི་བོད་ཡིག་ཁོ་ནའི་ཀློག་པ་པོ་ཞིག་བྱས་ན་ཆོག་གམ། སྐྱོ་ངལ་གྱིས་བསགས་པའི་ཡིད་གདུང་མ་ལུས་སྐམ་ཟིན་པའི་མིག་ཆུ་ལྟར་ཕྱིར་འོང་མེད་ན་ཆོག་གམ། ཕྲག་དོག ང་རྒྱལ། ཐོབ་ཐང་། གོ་ས། སྙན་གྲགས། སོགས་འཚོ་གནས་ཀྱི་ཆོ་འཕྲུལ་འདི་དག་ལ་ཤིན་ཏུ་དལ་བའི་ཚུལ་གྱིས་སྐྱེལ་མ་བྱས་ཏེ་སེམས་ཉིད་ཞི་བའི་ཉི་འོད་ནང་ཅིག་ཆར་བསྲེས་ནས་ལས་རླུང་གི་གླིང་ཕྲན་ཀུན་ཏུ་ལྷིང་འཇགས་ཀྱི་མཚན་མོར་རོལ་ན་ཆོག་གམ། 

                                                                      2018-4-26ཉིན་པེ་ཅིང་ནས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=693