དུར་མིག སྐྱེས་མིང་ཡོན་ཏན་ཕུན་ཚོགས། སི་ཁྲོན་གསེར་རྟའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས།དཔེ་ཆ་ཀློག་པ་དང་། རྩོམ་འབྲི་བ།སློབ་སྦྱོང་ཕྲན་བུ་བྱེད་པ་བཅས་ཀྱི་རྗེས་སུ་འཇུས་ནས་ལོ་རབས་བརྒྱད་བཅུའི་སྨད་ཀྱི་བོད་པ་ཞིག སྔ་ཕྱིར《གངས་ལྗོངས་ཉི་གཞོན》དང་།《ཁམས་པའི་ཚགས་པར》《 གངས་རྒྱན་མེ་ཏོག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《རི་བོ་ཉི་ཟླ》《མི་རིགས》《གངས་དཀར་རི་བོ》《ཤྭ་སྐྱ》《ཁ་བཏགས་དཀར་པོ》《ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམ་ཆོས་གཅེས་བཏུས》སོགས་བོད་ཕྱི་ནང་གི་དུས་དེབ་དང་དྲ་ཚིགས་དག་ལ་སྤེལ།༢༠༡༧ ལོར་སྐབས་དང་པོའི“ཚངས་དབྱངས་རྒྱ་མཚོ་རྒྱ་བོད་སྐད་གཉིས་སྙན་ངག་འགྲན་བསྡུར་ལས”ཨང་གཉིས་པའི་བྱ་དགའ་ཐོབ།
.
སྐྲ་ཉག་རེ་རེ།
.
གཏིང་ཟབ་པའི་བརྩེ་བ
ཁུ་སིམ་པོ་འཇིག་རྟེན་གྱི་རྒུད་པ་མཐོང
ལག་མཐིལ་དུ་བཞད་པའི་འཁོར་བ་དང་མེ་ལྕེ
ཡིན་ནའང སྨུག་པའི་ནང་དུ་མེ་ཏོག་བཀད
ཐག་རིང་གི་མཛེས་མའི་མིག་ནང་དུ་ཞེ་འདང་ཆགས
ལས་ཀྱི་དགུན་གཞུང་ལ་ཁངས་ཆག་ལྷུང་འདུག
.
ནམ་ཡང་བརྗེད་ཐབས་མེད་པའི་དུང་བ་ཞིག་གིས
མུན་པ་འདིའི་མཐའ་ན་དུས་ཚོད་ཀྱི་རྨི་ལམ་ཡོད
ས་སྲོད་ནང་དུ་བྱེའུ་ཆུང་ཞིག
འཕུར་ཟིན་པ་མཐོང་མི་འདུག
ཉིན་མཚན་མེད་པར
སྟོན་མཇུག་གི་ལོ་མ་དག་ལ་སེམས་ཁྲལ་བྱས
ཉི་འོད་ཅིག་ཐང་ཆེན་འདི་རུ་ཤར་ཡོང
མིག་ཆུའི་ནང་དུ་ཚེ་རབས་ཀྱི་སྐྲ་ལོ་བསྡམས
སྐབས་དེར་མཚོ་གཏིང་ནས་འདྲིས་པའི་བརྩེ་བ་ཡོད་ངེས
.
ངས་ད་ལྟ་འཆར་སྣང་ངོས་སུ་ལྷིང་འཇགས་བསུ
ཁེར་རྐྱང་གི་གཞས་ཚིག་ཅིག་ལ་སྙིང་གཏམ་བཏགས
ནམ་ཞིག་རྩྭ་ཐང་ནས་མེ་ཏོག་ཅིག་ལེགས་སྐྱེས་སུ་འབུལ
དེ་དུས་ཁྱོད་ཀྱིས་ཞེ་འདང་གི་མི་ཞིག་དྲན་པར་ཁག་མི་འདུག
2018.11.17 ཉིན་བྲིས།
.
གཙང་འགྲམ་གྱི་བྱ་ཁྱུ་ལ་ཕུལ་བའི་བརྩེ་འཕྲིན།
.
དགུན་འཁྱག་ནང་གི་ཟླ་བཅུ་གཅིག་པ
ཕ་ཡུལ་དུ་ཁངས་ཆེན་ལྷུང་གི་འདུག་ཟེར
དུས་ཚོད་ཀྱི་སྒོ་གླེགས་ལས་ཁུ་སིམ་པོ་སྐྱོ་གདུང་སླེབས
.
ཐག་རིང་གི་བྱ་ཁྱུ་འཕུར་དུས་ཁེར་རྐྱང་ལྷག་མ་ཞིག
ཞེ་འདང་ཁུར་བའི་འབྲོག་སྡེ་ཞིག་ག་ལེར་མིག་ལམ་དུ་མངོན
.
ལོ་ཟླའི་ནང་དུ་སྙིང་ཉེ་བའི་གཙང་བོ་དལ་གྱིས་བཞུར
ལྷིང་འཇགས་དང་མི་ལོ་ཉི་ཤུ་གྲིབ་མའི་རྒྱབ་ཏུ་མི་འདུག
ད་ལོར་ཁེར་རྐྱང་གི་གླུ་སྐད་ཅིག་དུས་ཚིགས་ཀྱི་རྗེས་སུ་དྲུད
.
རྨི་ལམ་ནང་གི་དགུན་ཁ་ཆུ་འཁྱག་ཁོ་ན་གྱུར
མིག་མ་བཙུམ་བར་དུ་གཙང་བོ་ལ་ཆགས་ནས་མཆི་མ་བསུབ
ཉི་ཤར་དང་ཉི་ནུབ་མཚམས་སུ་སྐོམ་གདུང་ལྕི་མོ་ཕོག་ནའང
ལག་པས་རེག་ཐབས་བྲལ་བ་གྱེས་བྲལ་གྱི་ཆོས་ཉིད་ཡིན
2018.11.5ཉིན་བྲིན།
.
ནང་སེམས་ཀྱི་གདུང་བ།
.
ཆར་བ་འབབ་མཚམས་ཆད་དུས
ཐང་སྟོང་ནས་ཁེར་རྐྱང་དུ་རི་དྭགས་ཤིག་འདྲོགས
ཡིད་སེམས་ཀྱི་སྐྱོ་བ་ནགས་ཚལ་དུ་བླུགས
དུས་ཚོད་ཀྱི་རྗེས་སུ་ང་རང་སྨུག་པ་ལ་ཡིབ་ནས་བསྡད
.
གྲོང་ཁྱེར་གྱི་རོལ་དབྱངས་ནང་དུ་ཕྱི་རོལ་གྱི་དྲན་པ་གླེང
ཟླ་བ་འཁྱག་པ་དེ་བུ་མོ་ཞིག་གི་སྐྲ་ལོའི་ཁུད་དུ་ལྷུང
.
མི་སེམས་ལ་མདོག་ཡལ་བའི་དགུན་ཁ་འཁྲིགས
ས་མ་རུབ་པའི་ཡར་སྔོན་ལ
མི་ཚོགས་ནི་རླུང་གཡུག་སྟངས་ཤིག
དགུན་དུས་ཧྲིལ་བོ་ཞིག་ལས
ཚོར་ཤེས་ཉམས་པའི་མིག་ཟུང་གཉིས
ན་བུན་ཁོ་ན་གྱུར་འདུག
2018.10.20ཉིན་བྲིས།
.
རང་ཚུགས།
.
ཞེ་འདང་ལ་ཆར་བབས
སྒྲུང་ནང་དུ་ན་ཚོད་ཀྱི་རོལ་མོ་དཀྲོལ
བྱ་ཁྱུ་འཕུར་རྗེས་སྡོང་བོ་ཞིག་ལྷག་ཏུ་དྲན
ཕྱི་རོལ་དུ་སེམས་པ་གཉིས་ཁུ་སིམ་མེར་བསྡད
ངས་རྟག་ཏུ་སྨུག་པ་ལ་སྔར་བཞིན་ཡིད་སེམས་གཡོ
མིག་བཙུམས་རྗེས་དྲན་གདུང་གི་ཕྱེད་ཀ་སྟོང་བར་གྱུར
.
མཐོང་སྣང་གི་ཕྱོགས་སུ་བྲི་ཆོག་པའི་ཟླ་བ་ལྟར
སྙིང་རྗེའི་སེམས་ནང་དུ
རེག་ཐབས་བྲལ་བའི་མིག་ཆུ་བསགས
ཆེས་དྭངས་པའི་རྩྭ་ཐང་དེ་ཁང་སྟོང་ན་འཆར
མ་གཞི རང་ཚུགས་ནི་རྟོགས་དཀའ་བའི་ཡུལ་ན་ལུས
2018.10.5ཉིན་བྲིས།
.
རྨི་ལམ་འཚོ།
.
______རང་གི་ཚ་མོ་ལ་ཕུལ་བ།
རྩྭ་ཐང་ནས་མེ་ཏོག་ཅིག་གྲིབ་མའི་ནང་དུ་བསྡད
ཞོགས་པ་ནི་ཁྱོད་ཀྱི་མིག་ལམ་གྱི་དུས་ཚོད་ཅིག
.
ཡིད་འོང་གི་མཚོ་ཁ་ནས་ཁྱོད་ལ་མིང་ཞིག་རྙེད
ནགས་ཚལ་ལས་ཕ་མ་གཉིས་ཀྱི་ཁྱོད་ལ་མཛའ་གཞས་ཆད་ཡོད
.
བདག་གི་གཞས་ཚིག་ནང་དུ་འཇིག་རྟེན་འབྲི
ནར་མ་སོན་པའི་མི་དེ་ཁྱོད་རང་གཅིག་པུ་ཡིན
ལམ་ཕྲན་འདི་ནས་རྐང་རྗེན་དུ
འཆམ་འཆམ་མི་གཏོང་རོགས
མིག་ལམ་གྱི་འཇིག་རྟེན་ལ་ཆ་རྒྱུས་མེད་པས
.
ཁ་རོག་གེར་ངག་མི་སྨྲ་བར་བྱིས་པ་འཛུམ་དུས
ང་རང་ད་ལྟ་ཁྱེད་ལ་ཧ་ཅང་དགའ
དྭངས་གཙང་ལ་དགའ་བ་ནང་བཞིན
2018.9.6ཉིན་བྲིས།
.
རླུང་ནང་གི་མེ་ཏོག
.
མེ་ལོང་ངོས་སུ་བབ་ཆགས་ཀྱི་གྲིབ་མ་བསྡད
རྩྭ་ཐང་ནས་ལ་གཞས་སྐྱུར་མོ་ཞིག་རྙེད་ཀྱིན་མི་འདུག
འུ་གཉིས་ཀྱི་བར་ཐག་ནི་སྐུད་པ་ཡ་གཅིག་ཏུ་གྱུར
ཟླ་བརྒྱད་པའི་དུས་ཚོད་ནང་དུ་ཇ་ཁང་བཞེངས
ཁྱོད་ཀྱི་མིག་ལམ་དུ་ཁྲུང་ཁྲུང་འཕུར
གློ་བུར་དུ་སེམས་ཀྱི་ཉིན་སྲིབ་ལ་རླུང་གཡུགས
.
ང་རང་རྨི་ལམ་དུ་གཅེར་བུར་བུད་རྗེས
བྱང་ཐང་གི་སྨུག་པ་ལྷ་སྒྲུང་ལྟར་སུ་ཡིས་ཚོར
འཇིག་རྟེན་ན་སྨྲེང་བའི
མཛའ་གཞས་གཏོང་མཁན་སྙིང་རྗེ
2018.8.26ཉིན་བྲིས།
.
ས་མཐའ།
.
ཐག་རིང་ནས་ཁ་ཕྱོགས་མེད་པར་རྨ་ཁ་བཏོད
མི་ཞིག་རབ་ཏུ་སྐྱོ་བའི་ཡིད་ཆད་སྐྱེས
ལས་སྐལ་དང་སྟོན་ཀ་གཉིས་རླུང་བསིལ་མོར་འདྲེས
ང་དང་འཇིག་རྟེན་བར་གྱི་གླུ་སྐད་ཐང་སྟོང་ན་འགག
ཉི་འོད་ཀློང་ན་དྲན་གདུང་གི་དིང་གླིང་དལ་གྱིས་འབུད
དྲན་གདུང་གཅིག་ལའང་མི་ཚེ་གཉིས་བྲིས
ད་ལྟ་ཁྱོད་ཀྱི་ལག་མགོ་ལས་དཀའ་སྡུག་མཐོང
.
དོ་ནུབ་ས་མཐའ་ན་རླུང་གཡུག
གངས་རི་ཞིག་བྲིས་ནས་ལོ་མང་པོ་འགོར
དེ་ནི་ཕ་ཡུལ་དྲན་དྲགས་པའི་ཡིན་སྲིད
ཡིན་ཡང་ཁྱོད་ཀྱི་བརྩེ་འདང་དྲན་ངེས
རྡོ་བ་བཞིན་ཁུ་སིམ་མེར་དྲན
.
འུ་གཉིས་རི་དྭགས་ལྟར་ཁེར་རྐྱང་དུ་ལུས
སྐྱོ་བའི་ནང་གི་སེམས་ཉིད་ཚེར་དོང་ལ་ལྷུང
རྨི་ལམ་འཁྲིགས་པའི་མཚན་མོ་རེ་རེ་རླུང་གིས་བརྡར
ཆུ་གཙང་མ་ལ་ཞེ་འདང་ཆགས་ཉིན་སྟེས་དབང་མིན
གླུ་གཞས་དེ་དག་ལ་འཁྲེང་སེམས་ཤོར་མྱོང
དྲན་པའི་ནང་གི་བྱམས་བརྩེ་དང་རུས་པ་སྲ་མོར་བལྟ་སྲིད
.
འཕྲིན་ཡིག་ནང་དུ་བསྐུར་བའི
མཛེས་སྡུག་དེ་ཕ་ཡུལ་ཡིན་ནམ
ངས་ཁྱོད་དང་སྐར་མ་ཆག་རོ་གཉིས་བརྗེད་ཐབས་མ་བྱུང
ད་ནི་ཨུ་ཚུགས་ཀྱིས་ལེགས་སྐྱེས་སྦྱིན་ནས
ས་ལ་འཐོར་བའི་མིག་ཆུ་དེའི་དོན་དུ་ལངས་ཏེ་བུད་སོང
ཕ་ཡུལ་གྱི་མཛའ་གཞས་ཁྲོད་དུ་མེ་ལྕེ་ཅིའང་མི་འདུག
ད་དུང
ཕལ་བའི་རང་གཤིས་ལ་སྲ་མཁྲེགས་ཀྱི་ཚུགས་ཀ་ཡོད
སེམས་ཀྱི་ཆུ་ངོགས་སུ་ཡན་པའི་གཏམ་རྒྱུད་སུ་ལ་འཆད
2018.9.10 ཉིན་ཁྲིན་ཏུའུ་ནས་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=679
དཔྱད་མཆན་སྤེལ།