____འོ་སེ།

མི་ལོ་ཉེར་དྲུག་འདས་ཟིན་ནའང་། ཁོ་བོ་ཉིན་རེ་ལས་ཉིན་རེར་རྒས་བཞིན་པའི་ལུས་གདོས་མོ་ཞིག་ཏུ་བཅུག་ནས་ལུས་སེམས་ཀྱི་དཀའ་སྡུག་མང་པོར་གཏད་པ་ལས་གཞན་ཅི་ཡང་མ་ཐོབ། འོན་ཀྱང་། གལ་ཏེ་ཁོ་བོའི་མི་ཚེ་འདིར་རྒས་རྒྱུ་མེད་པ་ཞིག་ཡོད་ཚེ། དེ་ནི་ངའི་སེམས་གཉིས་པ་ལྟ་བུའི་སྙན་ངག་གི་མེ་ཏོག་འདི་དག་ཡིན་ལ། གལ་ཏེ་མི་ལོ་ཉེར་དྲུག་སོང་བའི་དེ་རིང་ཁོ་བོར་ལྷག་ཡོད་པ་ཞིག་རྙེད་ཚེ། དེ་ནི་དབྱངས་གསལ་གྱི་རྒྱན་ཆ་འདི་དག་ཏུ་ཟད་དོ། །

གལ་ཏེ། བོད་ཡིག་གི་ཞིང་ས་འདི་ཐན་པས་བཟུང་བར་གྱུར་ན། ཁོ་བོར་ཡོད་པ་ནི་དབྱངས་གསལ་གྱི་ནས་འབྲུ་འདི་དག་ཡིན་ཞིང་། གལ་ཏེ། ཁོ་བོའི་ཚེ་ཡི་འཕེན་པ་ཟད་དེ་ས་གཞིར་ཐིམ་པར་གྱུར་ན། མུན་ནག་གི་ནམ་མཁའ་ནས་ང་ཡི་དུར་ས་སྲུང་མཁན་ནི་སྙན་ངག་གི་སྐར་ཚོམ་འདི་དག་ཡིན་པས། དེ་ལྟའི་འདང་ཤིན་ཏུ་ཆེ་བའི་སྙན་ངག་གི་མེ་ཏོག་ཆུན་པོ《སྐྱ་རེངས》ཞེས་པ་འདི། འཇིག་རྟེན་འདིར་འཚོ་གཞེས་གནང་བའི་སྐྱེ་འགྲོ་སྲོག་ལྡན་སྲོག་མེད་ཀྱི་སྣོད་བཅུད་ཀུན་དང་། མ་འོངས་འབྱུང་འགྱུར་གྱི་སྣོད་བཅུད་ཀུན་ལ་སེམས་བསམ་པའི་གཏིང་ནས་ཕུལ་བ་ཡིན་ནོ། །

ཞེས་2018-11-1ལ་རྩོམ་པ་པོས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=549