རྩོམ་པ་བོ། ཆབ་མདོ་དབང་འདུས།

བརྡ་ཆད་གཙོ་བ།

ནག་མོ་ཁོལ། སྒྱུ་རྩལ། དཔེའི་སྒྱུ་རྩལ།

ནང་དོན་མདོར་བསྡུས།

འདིར་སྙན་ངག་པ་ནག་མོ་ཁོལ་དང་ཁོང་གི་སྙན་ངག་《སྤྲིན་གྱི་ཕོ་ཉ》འི་ཐུན་མོང་མ་ཡིན་པའི་དཔེའི་སྒྱུ་རྩལ་གྱི་ཁྱད་ཆོས་རགས་ཙམ་ཞིག་དཔེར་བརྗོད་ཀྱི་ལམ་ནས་གསེད་བཀྲོལ་བྱའོ། །

གླེང་གཞི།

རྩོམ་རིག་དཔྱད་བརྗོད་པ་དག་གིས་གསུངས་པ་ལྟར། རྩོམ་རིག་གི་གྲུབ་མཐའ་ཆ་ཚང་ཞིག་གྲུབ་དགོས་ན་བརྩམས་ཆོས་དེ་དག་ལ་གསར་རྩོམ་གྱི་འདུ་ཤེས་དང་གསར་རྩོམ་གྱི་རྩ་དོན། རིན་ཐང་འདུ་ཤེས་དང་སྤྱི་ཚོགས་འདུ་ཤེས། རྩོམ་སྟངས་དང་རྩོམ་གཤིས་ཀྱི་ཁྱད་ཆོས། རྩོམ་ལུས་དང་སྒྱུ་རྩལ་གྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་དགོས་ཤིང་། རྐང་འཛིན་རྩོམ་པ་བོ་ཞིག་གིས་གཞི་ལེགས་པར་བཏིང་ནས་དེ་ལ་དགའ་མོས་བྱེད་པའི་རྩོམ་པ་བོའི་ཚོགས་པ་ཞིག་ཡོད་དགོས་ལ། རྩོམ་པ་བོ་དེ་དག་ལ་དགའ་བསུ་བྱེད་པའི་ཀློག་པ་བོའི་ཚོགས་པ་ཞིག་ཀྱང་ཆགས་དགོས་པས། རྩོམ་རིག་ལོ་རྒྱུས་རྒྱུན་རིང་བོར་མེད་ཅིང་རྩོམ་རིག་དར་རྒྱས་ཀྱི་ཆུ་ཚད་དམའ་བའི་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་ཏུ་རྩོམ་རིག་གྲུབ་མཐའ་དང་ཤོ་ཁག་འབྱུང་མི་སྲིད་ལ། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱིས་ཕྱུག་པའི་རྩོམ་པ་བོ་དང་རྩོམ་གཤིས་དམིགས་བསལ་བ་ཡང་འབྱུང་དཀའ། ཡིན་ན་ཡང་། རྒྱ་གར་འཕགས་པའི་ཡུལ་ནི་སྙན་ངག་གི་གྲོང་ཁྱེར་ཞེས་ཀུན་ལ་གྲགས་པ་ལྟར་དོན་ལའང་དེ་ལྟར་གནས་པ་ཡིན་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའམ་བཞི་བ་ཙམ་གྱི་སྐབས་སུ་དྲང་སྲོང་གྲོག་མཁར་གྱིས་རྒྱ་གར་གྱི་ཆེས་ཐོག་མའི་སྙན་ངག་ཏུ་འབོད་པའི་《རཱ་མ་ཎའི་རྟོགས་བརྗོད་》སྡེ་ཚན་བདུན་དང་གླེགས་བམ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་བརྩམས་ཏེ་རྩོམ་རིག་གི་སྲོལ་ཡངས་པོར་ཕྱེས་པ་ནས་བཟུང་། རིམ་གྱིས་རྩོམ་རིག་གི་ཚ་རླབས་དྲག་ཏུ་འཕྱུར་ཏེ་འཛམ་གླིང་ན་སྙན་པའི་གྲགས་པས་ཁྱབ་པར་གྱུར།
རིན་སྤུངས་པའི་《མི་འཇིགས་སེང་གེའི་ང་རོ་》ལས་མཁན་པོ་སོ་སོའི་ཀུན་སློང་གི་རང་བཞིན་བརྟགས་པ་ལས། གྲུབ་མཐའ་ཐ་དད་པ་བེེདརྦྷ་དང་། གོོ་ཊ་བའི་ལམ་དེ་གཉིས་སུ་རྣམ་པར་ཕྱེ་ཞིང་བསྟན་པ་ཡིན་ལ། ཞེས་གསུངས་པ་ལྟར་ཡུལ་ཁམས་ཆེན་པོ་རྒྱ་གར་འཕགས་པའི་ཡུལ་དེར། རྩོམ་པ་བོ་དགེ་བའི་དབང་བོ་དང་ཁོང་གི་བརྩམས་ཆོས《་དཔག་བསམ་འཁྲི་ཤིང་》ལྟ་བུ་ཚབ་མཚོན་གྱི་རྩོམ་པ་བོ་དང་བརྩམས་ཆོས་སུ་འཇོག་པའི་ཤར་ཕྱོགས་གོོ་ཊའི་གྲུབ་མཐའ་དང་། རྩོམ་པ་བོ་སློབ་དཔོན་རྟ་དབྱངས་དང་ཁོང་གི་བརྩམས་ཆོས《་སྐྱེས་རབ་སོ་བཞི་བ་ལྟ》་བུའི་ཚབ་མཚོན་གྱི་རྩོམ་པ་བོ་དང་བརྩམས་ཆོས་ཡོད་པའི་ལྷོ་ཕྱོགས་བེེདརྦྷའི་གྲུབ་མཐའ་སྟེ། གྲུབ་མཐའ་དང་ཤོག་ཁག་རང་བཞིན་ཅན་གྱི་རྩོམ་གཤིས་ཀྱི་མཛེས་ཉམས་དང་། མཚོན་ཐབས་ཀྱི་སྒྱུ་རྩལ། རྩོམ་གྱི་ཁ་དམ་ལྷོད་མི་འདྲ་བ་སོགས་རང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཡོན་མངའ་བའི་རྩོམ་རིག་གྲུབ་མཐའ་དུ་མ་ཞིག་བྱུང་ཡོད་ལ། སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྩོམ་གཤིས་ཅན་གྱི་རྩོམ་པ་བོ་སྟེ། མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་ནག་མོ་ཁོལ་དང་། སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་དབྱུག་པ་ཅན། མཐུན་པའི་སྒྲ་ལ་མཁས་པ་བྷ་ར་བི། དེ་གསུམ་ག་ལ་མཁས་པ་མགྷཧ་ཞེས་ཡོངས་སུ་གྲགས་པ་ལྟར་ཐུན་མོང་མ་ཡིན་པའི་རྩོམ་གཤིས་དང་ཁྱད་ཆོས་ལྡན་ཅན་གྱི་རྩོམ་པ་བོ་གང་མང་བྱུང་ཡོད་དོ།།
སྐབས་འདིར་གླེང་བར་བྱ་བ་ནི་དེ་དག་ལས་མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ་གྱི་ཚབ་མཚོན་སྙན་ངག་སྤྲིན་གྱི་ཕོ་ཉ་ཞེས་པའི་སྙན་རྩོམ་རིང་མོ་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་དག་ལས་ཟུར་ཙམ་གླེང་བར་བྱའོ།།

རྩོམ་པ་བོའི་ལོ་རྒྱུས་དང་འབྲེལ་ཏེ་རྩོམ་འདིའི་རྒྱབ་ལྗོངས་གླེང་བ།

སྤྲིན་གྱི་ཕོ་ཉ་ཞེས་པའི་སྙན་རྩོམ་གྲགས་ཆེན་འདིའི་རྩོམ་པ་བོའི་མཚན་ལ་ནག་མོ་ཁོལ་ཞེས་བྱ་ཞིང་། ཁོང་ནི་རྒྱ་གར་འཕགས་པའི་ཡུལ་ན་མིང་དུ་གྲགས་པའི་སྙན་ངག་པ་གསུམ་གྱི་ཡ་གྱལ་མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་དེ་ཡིན་ཞིང་། འཛམ་གླིང་གི་ས་ཆ་སོ་སོའི་མཁས་པ་དག་གིས་བསྟོད་བསྔགས་བྱ་སའི་སྙན་ངག་མཁན་ཁྱད་པར་བ་ཞིག་ཡིན་ཏེ། ར་གྷུའི་མཉེས་བྱེད་ཅེས་པའི་སྙན་ངག་པ་ཛ་ཡ་དེ་བས་ཁོང་ལ་སྙན་ངག་པའི་ཡབ་ཅེས་བསྔགས་ཡོད། ཕྱིས་སུ་སྟེ་སྤྱི་ལོ་༡༦༥༦ལོར་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཀྱིས་འཛམ་གླིང་མཁས་པའི་གྲས་སུ་བརྩིས་ཏེ་དྲན་གསོ་ཞུས་ཤིང་ཟངས་སྐུ་ཆེན་པོ་ཞིག་ཀྱང་བཞེངས་པ་རེད། འོན་ཀྱང་། ཁོང་གི་ལོ་རྒྱུས་ཞིབ་ཕྲ་ཞིག་རྒྱ་བོད་གང་ན་ཡང་མཐོང་དུ་མེད་ཅིང་ཐོ་རེ་བ་འགའ་ཡོད་པ་དག་ཀྱང་ལོ་ཚིགས་དང་འཁྲུངས་ཡུལ་ལ་བཞེད་པ་མི་མཐུན་མོད། འདིར་ལོ་རྒྱུས་ཀྱི་མཐུན་ཕྱོགས་རྣམས་ཕྱོགས་གཅིག་ཏུ་བཏུས་ནས་རགས་ཙམ་གླེང་ན། སློབ་དཔོན་ཁོང་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་ཆུང་དུས་དྭ་ཕྲུག་ཏུ་ལུས་པས་བ་གླང་གི་རྫི་བོ་བྱས་ནས་ནར་སོན། གཟུགས་བཟང་ཡང་ཤིན་ཏུ་བླུན་པས་བྲམ་ཟེ་མཆོག་སྲེད་ཀྱིས་ཁོ་རང་རྒྱལ་བོ་བྷོ་ཛའི་བུ་མོ་དཔྱིད་ལྡན་མའི་མག་པར་འགྲོ་འདོད་ཀྱང་དཔྱིད་ལྡན་མས་མ་འདོད་པ་ལ་འཁོན་ལན་སློག་ཆེད་ཁོ་བོའོ་སློབ་དཔོན་མཁས་པ་ཞིག་གདན་དྲངས་ཏེ་སྲས་མོའི་མག་པར་འཇོག་གོ་ཞེས་ཡུལ་ཁམས་ཀུན་ཏུ་གཟུགས་བྱད་བཟང་ལ་བླུན་པོའི་མཐར་ཐུག་ཅིག་འཚོལ་དུ་སོང་བར། ཡུལ་མ་གྷ་དྷའི་གནག་རྫི་གཟུགས་བྱད་བཟང་བ་ཞིག་རང་ཉིད་སྡོང་བོ་ཞིག་གི་ཡལ་གར་འགོས་ཤིང་ཡལ་གའི་རྩ་བ་སྟ་རེས་གཅོད་པ་ཞིག་མཐོང་བས་ཤིན་ཏུ་བླུན་པར་ཤེས་ནས་བོས་ཤིང་། ཐབས་སྣ་ཚོགས་ཀྱིས་ཁྲིད་དེ་གཡོ་ཐབས་ལ་བརྟེན་ནས་རྒྱལ་བོའི་བུ་མོ་དཔྱིད་ལྡན་མའི་མག་པར་བཞག རྗེས་ནས་དཔྱིད་ལྡན་མས་བླུན་པོ་ཡིན་པ་ཤེས་ཀྱང་ཐབས་ཟད་དེ་དཔྱིད་ལྡན་མ་རང་ཉིད་ཀྱིས་ཡུན་རིང་བོར་སྒྲ་ཁྲིད་ཀྱང་མ་ཤེས་པར་རེ་ཐག་ཆད་པས་ནགས་གསེབ་ཏུ་མེ་ཏོག་འཐུ་རུ་མངགས། ལམ་བར་དེར་ལྷ་མོ་ནག་མོའི་སྐུ་ཞིག་ཡོད་པས་དེར་གསོལ་བ་བཏབ་ན་དངོས་གྲུབ་ཐུབ་ངེས་ཞེས་གསོལ་བ་འདེབས་སུ་བཅུག དེ་ལྟར་གསོལ་བ་བཏབ་ནས་ཡུན་རིང་སོང་ཡང་དངོས་གྲུབ་མི་ཐོབ་པར་འདུག་ཅེས་སྒྱིད་ལུགས་ཚེ་དཔྱིད་ལྡན་མས་གཡོག་མོ་ཞིག་མངགས་ཏེ་ལྷ་མོ་ནག་མོའི་སྐུ་རྒྱབ་ཏུ་བསྐུངས་ཤིང་གླང་རྫི་ཡོང་ནས་མེ་ཏོག་འབུལ་ཚེ་གཡོག་མོས་རྒྱབ་ནས་ལ་དུ་གཏོར་བས་གླང་རྫིས་ལྷ་མོས་དངོས་གྲུབ་གནང་སོང་སྙམ་ནས་ཐེ་ཚམ་ཙམ་ཡང་མ་བྱས་པར་དེ་མ་ཐག་མིད་པས། དེ་མུར་ལྷ་མོའི་བྱིན་རླབས་དངོས་སུ་ཞུགས་ཏེ་སྒྲ་རིག་པའི་གནས་ཀུན་ལ་མཁས་པར་གྱུར་པས་ཕྱིར་ཕོ་བྲང་དུ་ལོག་སྐབས་ལག་པ་གཡས་པར་མེ་ཏོག་པདྨ་དང་གཡོན་པར་ཨུད་པཏྤལ་ཞིག་ཐོགས་ནས་དཔྱིད་ལྡན་མར། པདྨའི་མེ་ཏོག་མཛེས་ཀྱང་ཡུ་བ་རྩུབ། །ཨུ་པ་ལ་ནི་ཆུང་ཡང་ཡུ་བ་འཇམ། །འཇམ་པའི་ཡུ་བའམ་རྩུབ་པའི་ཡུ་བ་ཅན། །གང་འདོད་ལོངས་ཤིག་པདྨའི་མིག་ཅན་མ། །ཞེས་ཚིག་སྙན་ལ་དོན་བཟང་བའི་ཤོ་ལོ་ཀ་འདི་དཔྱིད་ལྡན་མར་བརྗོད་པ་དང་ལྷན་དུ་མེ་ཏོག་སྤྲད་པས་དཔྱིད་ལྡན་མ་ཤིན་ཏུ་དགའ་བར་གྱུར་ཏོ། །
ཡང་དགོང་དྲོ་ཞིག་ལ་དཔྱིད་ལྡན་མ་དང་མཉམ་དུ་མཚོ་འགྲམ་ལ་འགྲོ་སྐབས། པདྨ་ཞིག་རླུང་གིས་སྐྱོད་པ་མ་ཡིན་པར་རང་བཞིན་གྱིས་གཡོ་ཞིང་འགུལ་བ་མཐོང་བས། དཔྱིད་ལྡན་མས་སྙན་ཚིག་གི་ལམ་དུ་དྲངས་ཏེ། མཚོ་ཡི་ནང་གི་པདྨོ་དེ། །འདར་བར་བྱེད་པའི་རྒྱུ་གང་ཞིག །ཅེས་ཤོ་ལོ་ཀ་ཕྱེད་ཅིག་གིས་དྲིས་པ་ལ། ནག་མོ་ཁོལ་གྱིས། བུང་བ་ཞུགས་ཚེ་ཉི་མ་ནུབ། །འཕུར་བར་འདོད་པ་འདར་བའི་རྒྱུ། །ཞེས་ཚིག་སྙན་ཞིང་དོན་འདུས་པའི་ལན་ངོ་མཚར་བ་ཞིག་བཏབ་པར་གྲགས་སོ། །
ཡང་གཏམ་རྒྱུད་གཞན་ཞིག་ཏུ། ནག་མོ་ཁོལ་ནི་རི་མོ་འབྲི་མཁན་མཁས་པ་ཞིག་ཏུ་གྱུར་ཏེ་རྒྱལ་བོ་ལ་བཙུན་མོ་མཛེས་མ་ཞིག་ཡོད་པ་དེའི་གཟུགས་བརྙན་འབྲིར་བཅུག་ཚེ། བཙུན་མོའི་རླ་རྩ་ན་སྨེ་བ་ནག་པོ་ཞིག་ཡོད་པ་དེ་ཡང་ཇི་ལྟ་བ་བཞིན་བྲིས་པས། རྒྱལ་བོས་ནག་མོ་ཁོལ་བཙུན་མོ་དང་ལྐོག་འབྲེལ་བ་མེད་ན་རྟགས་མཚན་དེ་ཇི་ལྟར་ཤེས་སྙམ་དུ་དོགས་ནས་ཁྲིམས་ཆད་བཅད་དེ་ཡུལ་གཞན་དུ་སྤྱུགས་པའི་བཤད་སྲོལ་ཞིག་ཀྱང་ཡོད་དོ།།
གཏམ་རྒྱུད་འདི་དང་《སྤྲིན་གྱི་ཕོ་ཉ》འི་ཤོས་ལོ་ཀ་༡༠༥བར་ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་ཚོན་རྣམས་ཀྱིས་ནི་དགའ་དང་ཁྲོ་བས་ལེགས་བྲིས་ཏེ་ཞེས་གསལ་བ་གཉིས་བསྡུར་ན་ཁོང་ནི་རི་མོ་མཁན་ཞིག་ཀྱང་ཡིན་པ་ཤུགས་ལ་གོ་ནུས་སྙམ། གང་ལྟར་ཀྱང་། ནག་མོ་ཁོལ་ནི་རྒྱལ་བོ་ཞིག་གི་སྲས་མོའི་མག་པ་ཡིན་པ་དང་མཁས་པ་ཞིག་ཡིན་པར་དོགས་པ་མི་དགོས་ལ། རྒྱལ་བོར་ཕོག་ཐུག་བཏང་ནས་ཡུལ་གཞན་དུ་རྒྱང་ཕུད་བཏང་བའི་ཁྲིམས་ཆད་ཕོག་པ་ནི་ཁོང་གི་ལོ་རྒྱས་ཐམས་ཅད་མཐུན་ཞིང་། 《སྤྲིན་གྱི་ཕོ་ཉ་》ལས་ཀྱང་རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་། །གནོད་སྦྱིན་འགའ་ཞིག་ལ་ནི་བག་མེད་དབང་གྱུར་མཛེས་མ་སྤངས་ལ་ལོ་ཡི་བར། །ཞེས་བཤད་པ་སྟེ་སྤྲིན་གྱི་ཕོ་ཉའི་ཆེས་ཐོག་མའི་ཤོ་ལོ་ཀ་འདི་དང་གོང་གི་གཏམ་རྒྱུད་གཉིས་གུང་བསྒྲིགས་ན། སྤྲིན་གྱི་ཕོ་ཉ་འདི་ཡང་ནག་མོ་ཁོལ་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་དངོས་ལ་གཞི་བཅོལ་ནས་བྲིས་པ་ཤེས་ནུས། གཅིག་ཐང་ན་ནག་མོ་ཁོལ་རང་ཉིད་རྒྱང་ཕུད་བཏང་ནས་ར་མའི་རི་བོར་སྡོད་སྐབས་ཀྱི་ཚོར་མྱོང་དངོས་དེ་བྲིས་པ་ཡིན་ཡང་སྲིད་དེ། རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་རྩོམ་པ་བོ་མང་བོ་ཞིག་གིས་བཙོན་ནས་བྲིས་པའི་སྙན་ངག་གྲགས་ཆེན་ཧ་ཅང་མང་ཞིང་། དེ་ཡང་བཙོན་ནས་སྙན་ངག་ལེགས་པོ་འབྲི་ཐུབ་པ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། གཅིག་ནས་ཚོར་བ་ཤུགས་དྲག་པ་དང་། གཉིས་ནས་དུས་ཚོད་ཀྱི་སྟོང་ཆ་མང་བ་སོགས་རྒྱུ་རྐྱེན་མང་བོ་ཡོད་ངེས། ཞིབ་ཏུ་དཔྱད་ན་སྒྲོ་བཏགས་ཀྱི་གཏམ་རྒྱུད་ལྟ་བུའི་ཁོང་གི་ལོ་རྒྱུས་འདི་ནི་ཇི་ལྟར་བཤད་པ་ལྟར་དོན་ལ་དེ་ལྟར་གནས་པའི་ངེས་པ་མེད་མོད་ཀྱང་ཐ་ན་སྒྲོ་འདོགས་ཀྱི་གཞི་ཙམ་ཞིག་ནི་བདེན་དངོས་སུ་ཡོད་ངེས་སོ། །

《སྤྲིན་གྱི་ཕོ་ཉ》འི་བརྗོད་བྱ་དངོས་དང་དེའི་ཁྱད་ཆོས།

གོང་དུ་བཤད་བཞིན་སྙན་ངག《་སྤྲིན་གྱི་ཕོ་ཉ་》འདིའི་རྩོམ་པ་བོ་ནག་མོ་ཁོལ་ནི་རྒྱལ་བོའི་བཀའ་ཆད་ཕོག་ནས་ཡུལ་གཞན་དུ་སྤྱུགས་པའི་བཙོན་མ་ཞིག་ཡིན་པ་མ་ཟད་རྒྱལ་བོའི་ནང་མི་དང་སྲས་མོའི་མག་པ་ཡིན་པས། ཆེས་ཉམས་དགའ་ཞིང་འདོད་ཡོན་ཕུན་སུམ་ཚོགས་པའི་རྒྱལ་བོའི་ཕོ་བྲང་དང་། སྙིང་དུ་སྡུག་པའི་དགའ་མ་སོགས་སྔོན་ཆད་ཀྱི་སྐྱིད་དགའ་ལོངས་སྤྱོད་མཐའ་དག་ལས་རང་དབང་མེད་པར་ཁ་བྲལ་ཏེ་རང་ཉིད་གཅིག་པུར་ལུས་སེམས་གཉིས་ཀ་རབ་ཏུ་གདུང་བཞིན་རྒྱང་རིང་ར་མའི་རི་བོར་སོང་ཞིང་། གནས་དེར་བསླེབས་ནས་ཟླ་བ་འགའ་འགོར་ཚེ་ཕྱི་ལུས་ཀྱི་ཤ་བསྐམས་ཤིང་ནང་སེམས་སུ་སྔོན་ཆད་ཀྱི་བདེ་སྐྱིད་དང་མཛའ་མོ་དྲན་པའི་གདུང་བས་རབ་ཏུ་གཟིར་ཏེ། སྐྱོ་གདུང་དཔག་མེད་ཅིག་རྒྱ་མཚོའི་རླབས་ལྟར་འཕྱོ་ཡོང་བའི་སྐབས་དེར་ཁོང་ཉིད་རྩོམ་རིག་སྒྱུ་རྩལ་ལ་བྱང་ཆུབ་པ་ཞིག་ཡིན་རྐྱེན། རྟོག་བཏགས་ཀྱི་ཐབས་རྩལ་དང་འཆར་ཡན་གྱི་སྣང་བ་སྤྱད་ནས་ར་མའི་རི་བོའི་སྟེང་ཤོད་ན་ལང་ལིང་དུ་གཡོ་ཞིང་རྒྱུ་བའི་སྤྲིན་དཀར་གྱི་ཕོན་པོ་དག་རང་གི་དགའ་མར་འཕྲིན་ཡིག་བསྐུར་སའི་ཕོ་ཉ་རུ་རྟོག་པས་བཞེངས་སྐྲུན་བྱས་ཏེ། ཐོགས་མར་ཉམས་ཐག་པའི་རང་ཉིད་ཀྱི་གནས་བབ་བརྗོད་དེ་མཆི་མ་དཀུ་བའི་གཏམ་གྱིས་མགོ་དྲངས་ཤིང་། དྲང་འཁྱོག་ཅི་རིགས་ཀྱི་སྒོ་ནས་འཕྲིན་ཡིག་བསྐུར་སའི་སྤྲིན་ལ་བསྟོད་པ་བྱས། དེ་ནས་ཕོ་ཉར་བཏང་བའི་ཆུ་འཛིན་ལ་ཁ་ཕྱོགས་བསྟན་ཅིང་ལམ་ནས་ཇི་ལྟར་བགྲོད་པའི་ཚུལ་དང་། ལམ་བར་གྱི་རི་ཀླུང་དང་གཙང་བོ། གྲོང་དང་གྲོང་ཁྱེར། འབྲོག་དགོན་དང་གནའ་ཤུལ། མཚོ་དང་མཚེའུ། ནགས་ཚལ་དང་གངས་རི། མེ་ཏོག་དང་བུད་མེད། མི་རྣམས་ཀྱི་འཚོ་བའི་གནས་སྟངས། བྱངས་ཕྱོགས་ལྕང་ལོ་ཅན་དང་རང་ཁྱིམ་གྱི་བཀོད་པ། བློས་བསླངས་བྱས་པའི་དགའ་མ་དཔྱིད་ལྡན་མ་ལུས་སེམས་གདུང་བས་བཅོམ་པའི་གནས་ཚུལ་སོགས་བརྗོད་བྱར་བཟུང་སྟེ། སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་ལ་བརྟེན་ཅིང་དེའི་སྟེང་ནས་རྩོམ་པ་བོ་རང་གི་སེམས་ཁམས་མཚོན་པར་བྱད་ཡོད། འོན་ཏེ། སྙན་ངག་འདིར་བསྟན་པའི་རི་མོ་ལྟ་བུའི་རི་ཆུ་ནགས་གསུམ་སོགས་ནི་ཟུར་གྱི་བརྗོད་དོན་ཙམ་ལས་རྩོམ་པ་བོའི་བརྗོད་འདོད་ངོ་མ་དེ་མ་ཡིན་ཏེ། རྩོམ་འདིའི་བསྟན་དོན་གཙོ་བོའམ་བརྗོད་བྱའི་སྙིང་བོ་ནི་འཇིག་རྟེན་ཕོ་མོའི་ལྷད་མེད་དྭངས་གཙང་གི་མཛའ་བརྩེ་ཡིན་ནོ།།
《སྤྲིན་གྱི་ཕོ་ཉ》འི་བརྗོད་བྱ་ལ་ཁྱད་ཆོས་འགའ་ཞིག་མཐོང་བ་ལས་གཅིག་ནི། གོང་དུ་བཤད་པ་ལྟར་རྩོམ་པ་བོ་ཁོང་ཉིད་བཙོན་མ་ཞིག་ཡིན་པའི་ཆ་ནས་གཞན་ལས་ལྷག་པའི་དྲན་གདུང་དང་། བྲལ་གདུང་། སྐྱོ་གདུང་། འགྱོད་གདུང་སོགས་གདུང་བ་བསམ་གྱིས་མི་ཁྱབ་པའི་ཚོར་བ་ཤུགས་དྲག་པོ་ཞིག་ཡོད་པ་དེ་ཡིན་ཏེ། ཚོར་བ་དང་ལྡན་པའི་རྩོམ་ཞིག་འབྲི་བའམ་རྩོམ་པ་བོ་རང་ཉིད་ཀྱི་སེམས་ཚོར་ངོ་མ་དེ་ཀློག་པ་བོའི་བློ་ངོར་འཕོ་བ་ལ་ཐོག་མར་རྩོམ་པ་བོ་རང་ཉིད་ལ་ཚོར་བས་གཏིང་ནས་གཟིར་བའི་རྟོག་འགྱུ་ཁྱད་པར་བ་ཞིག་ཡོད་དགོས་པས། ནག་མོ་ཁོལ་གྱི་གདུང་སེམས་འདི་དག་ནི་སྙན་རྩོམ་རིང་མོ་འདི་ལེགས་འགྲུབ་བྱུང་བའི་རྒྱུ་གཙོ་བོ་དེ་ཡིན། གཉིས་པ་ནི། རྩོམ་པ་བོས་རང་ཉིད་ཡུལ་གཞན་དུ་སྤྱུགས་པའི་རྒྱུ་རྐྱེན་དང་། ལམ་དང་དུས་ཀྱི་རིང་ཚད། རང་ཉིད་དཀའ་སྡུག་གིས་མནར་བའི་རྣམ་པ། སྐབས་སྐབས་སུ་བརྩེ་དུང་གི་ལོ་རྒྱུས་གྲགས་ཆེན་དག་དང་སྦྱར་ཏེ་རང་གི་གདུང་བ་མངོན་པར་བྱས་ཤིང་། ལམ་བར་གྱི་རི་ཆུ་ནགས་གསུམ་སོགས་ཡུལ་ལྗོངས་ཞིབ་འབྲི་བྱས་པ་འབུར་དུ་ཐོན་པ་དང་། རྩོམ་པ་བོས་བློས་བསླངས་བྱས་པའི་དགའ་མ་དཔྱིད་ལྡན་མ་མཛའ་བོ་དང་ཁ་བྲལ་བའི་སྐྱོ་གདུང་གིས་རབ་ཏུ་མནར་ཞིང་། རེ་སྒུག་དང་སྨོན་པ་སོགས་ཀྱིས་ལུས་སེམས་རབ་ཏུ་གཟིར་བའི་རྣམ་པ་ཞིབ་འབྲི་བྱས་པ་ཁྱད་དུ་འཕགས་པ་བཅས་སོ། །གསུམ་པ་ནི། རྩོམ་པ་བོས་ཞར་ཞོར་དུ་རང་གི་ཆོས་ལུགས་དད་མོས་དང་མཛེས་འཛིན་གྱི་ལྟ་བ་སོགས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སེམས་ཁམས་དག་རྩོམ་འདིའི་མགོ་མཇུག་བར་གསུམ་དུ་ཆུ་དང་འོ་མ་བཞིན་ངོ་བོ་དབྱེར་མེད་དུ་བསྲེས་ཡོད་པ་དེའོ། ། བཞི་བ་ནི། སྙན་རྩོམ་རིང་མོ་འདིའི་ནང་དུ་བརྗོད་བྱ་སྣ་ཚོགས་སྤང་ལ་མེ་ཏོག་བཀྲ་བ་ལྟར་བྱས་ཡོད་ཀྱང་སྙིང་ཉེ་བའི་དགའ་མ་དཔྱིད་ལྡན་མ་དྲན་དྲགས་པའི་གདུང་བ་དང་། འཕྲད་འདོད་ཀྱི་འདུན་པ་དང་རེ་སྒུག ལྷད་མེད་ཀྱི་བརྩེ་དུང་སོགས་རྩོམ་འདིའི་བསྟན་དོན་གཙོ་བོ་འདི་ཉིད་ཐག་འཁྱུད་མེ་ཏོག་ཐག་པ་དང་སྐད་ཅིག་ཙམ་ཡང་མི་འབྲལ་བ་བཞིན། ཕལ་ཆེར་ཤོ་ལོ་ཀ་རེ་རེར་རྩོམ་པ་བོའི་སེམས་ཀྱི་ན་ཟུག་དེ་དག་དངོས་ཤུགས་གང་རུང་དུ་མ་ཐོན་པ་གཅིག་ཀྱང་མེད་པས་འདི་ནི་རྩོམ་འདིའི་ཆེས་ཕུལ་དུ་བྱུང་བའི་ཁྱད་ཆོས་ཡིན་ནོ།།

ཐུན་མོང་མ་ཡིན་པའི་སྒྱུ་རྩལ།

འཛམ་གླིང་ཤར་ནུབ་ཀྱི་ཤེས་རིག་གི་འབྱུང་ཁུངས་ཆེན་པོ་རྒྱ་གར་དང་ཀེ་རི་སི་སོགས་རྒྱལ་ཁབ་དང་མི་རིགས་སོ་སོར་སྒྱུ་རྩལ་ཞེས་པའི་ཐ་སྙད་འདི་བཀོལ་བཞིན་ཡོད་ལ། སྒྱུ་རྩལ་ལ་ངོས་འཛིན་ཐད་དུ་མཁས་པ་སོ་སོར་བཞད་ཚུལ་མི་མཐུན་པ་མང་བོ་བྱུང་ཡོད། མཁས་པ་དེ་དག་གི་ཁྲོད་ནས་ཁྲ་ལེ་སེ་(查里斯·巴托)ཞེས་པས་མཛེས་ཁམས་སྐྲུན་བྱེད་ཅིག་ལ་སྒྱུ་རྩལ་ཞེས་བཤད་པས། ལྟ་བ་དེ་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ནས་བཅུ་དགུ་བའི་དུས་མཇུག་ཙམ་གྱི་བར་དུ་སྒྱུ་རྩལ་ལ་གོ་བ་ལེན་ཕྱོགས་ཡོངས་ཁྱབ་རང་བཞིན་ཅན་དུ་གྱུར། འོན་ཀྱང་། དུས་རབས་གཅིག་ཙམ་སོང་རྗེས་ཀྱི་དུས་རབས་ཉི་ཤུ་བ་ནས་སྒྱུ་རྩལ་ལ་དཔྱད་བདར་བྱས་པའི་གཞུང་ལུགས་མང་བོ་བྱུང་ཞིང་སྔར་གྱི་འདོད་ཚུལ་ལ་སུན་འབྱིན་སྣ་ཚོགས་བྱས་ཡོད་པས། སྒྱུ་རྩལ་ནི་འདི་དང་དེ་ཞེས་གཅིག་མཐུན་དུ་ཁས་ལེན་པའི་འདོད་ཚུལ་ཞིག་ད་ལྟའི་བར་དུ་བྱུང་མེད། ཡིན་ན་ཡང་སྤྱིའི་ཆ་ནས་གོ་བ་ལེན་ཕྱོགས་ཤིག་ཡོད་དེ་《དབྱངས་ཅན་བརྗེད་ཟིན་ལྷའི་རོལ་མོ》ལས་སྙན་ངག་སོགས་རྩོམ་རིག་གི་སྲོག་ལྟ་བུ་ནི་སྒྱུ་རྩལ་ཡིན། འོ་ན་ཅི་ཞིག་སྒྱུ་རྩལ་ཟེར་ཞེ་ན། དེ་ནི་མིའི་སེམས་ཀྱི་ཚོར་བ་དང་དུང་བ་དྲག་ཏུ་གཏོང་བའི་ཐབས་ལམ་ཞིག་ལ་ཟེར་ཞེས་གསུངས་པ་ལྟར། སྒྱུ་རྩལ་ནི་མི་སེམས་གཡོ་བར་བྱེད་པའི་ཐབས་འཕྲུལ་ཞིག་ལ་གོ་དགོས་ཤིང་དེ་ལ་སྤྱིའི་ཆ་ནས་དབྱེ་ན་འཛུགས་སྐྲུན་སྒྱུ་རྩལ་དང་། མཛེས་སྤྲས་སྒྱུ་རྩལ། འབག་བརྐོས་སྒྱུ་རྩལ། རི་མོའི་སྒྱུ་རྩལ། གླུ་དབྱངས་སྒྱུ་རྩལ། ཞབས་བྲོའི་སྒྱུ་རྩལ། རྩོམ་རིག་སྒྱུ་རྩལ། ཟློས་གར་སྒྱུ་རྩལ། གློག་བརྙན་རྩོམ་རིག་སྒྱུ་རྩལ། ཕྱོགས་འདུས་སྒྱུ་རྩལ་བཅས་རིགས་ཆེན་པོ་བཅུ་ཡོད་ཅིང་། དེ་དག་ཀྱང་ཚུར་བསྡུས་ན་སྐད་ཆའི་སྒྱུ་རྩལ་དང་། བཟོ་ལྟའི་སྒྱུ་རྩལ། ཚོར་སྣང་རྩེད་མོའི་སྒྱུ་རྩལ་བཅས་གསུམ་དུ་འདུ། སྐབས་འདིར་གླེང་བར་བྱ་བའི་རྩོམ་རིག་སྒྱུ་རྩལ་ཡང་སྐད་ཆའི་སྒྱུ་རྩལ་གྱི་ཁོངས་སུ་འདུ་སྟེ་རྩོམ་རིག་ནི་སྐད་ཆ་ལས་མ་འདས་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞིག་ལ་རྩོམ་རིག་སྒྱུ་རྩལ་ཟེར་ཞེ་ན། 《སྙན་ངག་གི་རྣམ་བཤད་ལས་》སྤྱི་ཚོགས་འཚོ་བ་འཕེལ་རྒྱས་སོང་བ་དང་བསྟུན་ཏེ་རིམ་བཞིན་བརྗོད་པ་བདེ་ཞིང་། ཁ་གསལ་བ། གཞན་གྱིས་ཉན་སྤྲོ་ཞིང་ཡིད་ཀྱི་དབང་བོ་འགུག་པར་ནུས་པའི་བརྗོད་སྟངས་ཅི་རིགས་ཤིག་དར་བ་དེ་སྐད་ཆའི་སྒྱུ་རྩལ་ཡིན་ཞིང་། སྒྱུ་རྩལ་དེ་ལ་རིགས་པ་སྨྲ་བ་དག་གིས་ཚིག་རྒྱན་དུ་མིང་བསྙད། ཅེས་གསུངས་པ་བཞིན་རྩོམ་རིག་སྒྱུ་རྩལ་ནི་རྩོམ་རོག་གི་མཚོན་ཐབས་སམ་རྒྱན་ལ་གོ་དགོས་པ་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་ལོ་རྒྱུས་དག་ཏུ་གསལ་བ་ལྟར་རོ། །སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ཡང་རྒྱན་ནམ་ཐབས་ཚུལ་སྣ་ཚོགས་ལ་བརྟེན་ནས་བརྩམས་པའི་སྒྱུ་རྩལ་འབུམ་ཕྲག་དུ་མའི་འདུགས་གཟུགས་ཤིག་ཡིན་ཏེ། བསྐྱར་མཚོན་རང་བཞིན་དང་དངོས་བྲིས་ཟོལ་མེད་རང་བཞིན་གྱི་སྒོ་ནས་དངོས་ཡོད་གནས་ཚུལ་ཇི་བཞིན་བྲིས་པའི་རྣམ་པ་མང་བས་དངོས་ཡོད་ཅན་གྱི་རྩོམ་རིག་དང་། ཡིད་འགྱུའི་འོས་བབས་དང་མཐུན་པར་རབ་བཏགས་དང་རྟོག་བཟོའི་མཚོན་སྟངས་སྤྱད་དེ། ཚོར་འདུ་དང་འཕྲུལ་སྣང་སྣ་ཚོགས་གསོང་བོར་བརྗོད་པའི་སྒོ་ནས་རང་ངོས་ཀྱི་ཕུགས་བསམ་མཚོན་པར་བྱེད་པའི་ཕུགས་འདུན་ཅན་གྱི་རྩོམ་རིག་གི་རྣམ་པ་དང་། དེ་བཞིན་དུ་ཤུགས་བསྟན་གྱི་སྒོ་ནས་དངོས་ཡོད་འཚོ་བ་མཚོན་པ་བརྒྱུད་དེ་རང་གི་མཛེས་རྟོག་བསམ་བློ་རྩལ་དུ་འདོན་པའི་རྩོམ་རིག་གི་རྣམ་པ་དང་བཅས་ཏེ། རྩོམ་རིག་མཚོན་ཐབས་སྣ་ཚོགས་དང་། འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་སོགས་རིང་ལུགས་རང་བཞིན་ཅན་གྱི་རྩོམ་ཐབས་སྣ་ཚོགས་པ་ཞིག་འདིར་འདུས་ལ། མེ་ལོང་མའི་ལུགས་ཀྱི་ལེའུ་དང་བོའི་ཤར་བའི་ལུགས་ཀྱི་མཛེས་པའི་ཡོན་ཏན་གྱི་རྒྱན་དང་། ལྷོ་བའི་ལུགས་ཀྱི་ཏིང་ངེ་འཛིན་གྱི་རྒྱན། ལེའུ་གཉིས་པའི་དཔེ་རྒྱན་དང་། གཟུགས་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཕུལ་བྱུང་གི་རྒྱན། རབ་བཏགས་ཀྱི་རྒྱན། དགའ་བའི་རྒྱན། ཉམས་ལྡན་གྱི་རྒྱན། གཟུགས་རྒྱན། རབ་སྤེལ་གྱི་རྒྱན། གཟུགས་རྒྱན་སོགས་ཆེས་རྨད་དུ་བྱུང་བའི་རྒྱན་སྣ་ཚོགས་པས་སྤྲས་ཡོད། སྙན་རྩོམ་རིང་མོ་འདིར་རྒྱན་དེ་དག་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་ཆེས་གྲངས་མང་ཤོས་ནི་དཔེ་རྒྱན་ཡིན་ཏེ། ཁྱོན་དཔེ་རྒྱན་བདུན་ཅུ་དོན་དྲུག་ཡོད་ཅིང་དེ་དག་རེ་རེ་ཡང་ཁྱད་དུ་འཕགས་པའི་ཐབས་རྩལ་ལ་བརྟེན་ནས་མཛེས་ཉམས་ཕུན་སུམ་ཚོགས་པ་ཐོན་པར་བྱས་ཡོད། སྐབས་འདིར་སྙན་རྩོམ་འདིའི་ཁྱད་ཆོས་མཐའ་དག་རེ་རེ་བཞིན་བརྗོད་མི་ནུས་པས་དཔེ་རྒྱན་ནམ་དཔེའི་སྒྱུ་རྩལ་འགའ་ཞིག་ཆེད་དམིགས་ཀྱིས་བཤད་པར་བྱའོ།།
དེ་ཡང་《བོད་ཀྱི་རྩོམ་རིག་ལོ་རྒྱུས》་ལས་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་ཆེར་སྤྱད་ནས་རབ་བཏགས་འུད་བརྗོད་ཆེན་པོའི་འཁྱོག་བརྗོད་ཀྱིས་རྩོམ་པ་བོའི་བརྗོད་འདོད་ཀྱི་དོན་ཇི་བཞིན་མཚོན་པར་བྱེད་པ་དང་། གསོན་ཉམས་ལྡན་པའི་དཔེ་ལ་བརྟེན་ནས་སྒྱུ་རྩལ་གྱི་གཟུགས་བརྙན་ཁག་མངོན་སུམ་དབང་བོའི་ཡུལ་དུ་གྱུར་པ་ལྟར་བསྐྲུན་ཡོད་པ་ནི་སྙན་རྩོམ་འདིའི་མངོན་པར་བསྟོད་འོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཡིན་ནོ། །ཞེས་གསུངས་པ་བཞིན་སྙན་ངག་འདིར་དཔེའི་མཚོན་ཐབས་དང་འཆར་ཡན་གྱི་རྟོག་པ་ལ་བརྟེན་ནས་མེ་ལོང་ངོས་སུ་གཟུགས་བརྙན་འཆར་བ་ལྟ་བུའི་ཡིད་བརྙན་ཡ་མཚར་བ་མང་བོས་ཚོར་བའི་གཏིང་བསློགས་པར་བྱས་ཡོད་པས། འདིར་དཔེ་བརྗོད་འགའ་ཞིག་དྲངས་ཏེ་དཔེའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅུང་ཙམ་གླེང་བ་ལ་ཐོག་མར་དཔེའི་སྒྱུ་རྩལ་ལ་བརྟེན་ནས་ཡུལ་ལྗོངས་མཚོན་པའི་སྙན་ཚིག་སྟེ། བསྟན་བཅོས་འདིའི་ཤོ་ལ་ཀ་བཅུ་བ་དེ་དཔེར་བརྗོད་དུ་བཀོད་ན་འདི་ལྟར་ཏེ།

ཡུལ་ལྗོངས་མཚོན་པའི་དཔེའི་སྒྱུ་རྩལ།

དེ་ནས་རི་དྭགས་བདག་པོའི་ཆུང་མའི་ནགས་ཀྱི་ཁང་བ་དེ་ལ་ཡུད་ཙམ་གནས་བྱས་ནས། །
དེ་ཡི་ཕ་རོལ་ཆུ་ལས་ཐོན་ནས་མཆོག་ཏུ་མྱུར་བས་ལམ་གཞན་དག་ཏུ་གཤེགས་ཤིང་བགྲོད་པ་ན། །
དྲང་སྲོང་བུ་མོའི་ཆུ་བོ་འབིགས་བྱེད་རི་ཡི་ཞབས་ནི་རྩུབ་པའི་རྡོ་ལ་འོག་ཏུ་འབབ་ལྡན་མ། །
སོ་གཉིས་ཡན་ལག་མཆོག་ལ་དཀར་མོ་ཚོན་གྱིས་ལེགས་བྲིས་བཞིན་དུ་ཁྱོད་ཀྱིས་མཐོང་བར་འགྱུར། ། ཞེ་པའོ། །ཚིགས་བཅད་འདི་ནི་རྩོམ་པ་བོས་ཕོ་ཉར་བཏང་བའི་སྤྲིན་ལ་ལམ་དུ་ཇི་ལྟར་བགྲོད་པའི་ཚུལ་དང་ལམ་ཁར་རི་བོ་འབིགས་བྱེད་འདབས་ནས་ཆུ་བོ་གངྒ་འབབ་པའི་རྣམ་པ་ངོ་སྤྲད་པ་སྟེ། ཚིགས་རྐང་དང་བོར་དེ་ནས་སྤྲིན་ཁྱོད་རང་རི་དྭགས་བདག་པོ་སྟེ་རྔོན་པའི་ཆུང་མ་སྡོད་སའི་ནགས་ཁྲོད་ཀྱི་ཁང་བ་དེ་རུ་ཡུད་ཙམ་གནས་བྱས་ནས་ཞེས་རྩོམ་པ་བོས་ཡུལ་གང་དུ་བུད་མེད་གཞོན་ནུ་མ་རྣམས་འཚོ་ཞིང་གནས་པའི་ཡུལ་དེ་དག་ཏུ་སོང་ཞིག་ཅེས་བསྐུལ་ཏེ་ཤུགས་ནས་རང་གི་འདོད་འདུན་ངོ་མ་དེ་མཚོན་པར་བྱས་ཡོད། ཚིགས་རྐང་ཕྱི་མ་གསུམ་ན་སླར་ཡང་ལམ་དུ་ཞུགས་ཤིང་ནགས་ཚལ་དེའི་ཕ་རོལ་གྱི་ཆུ་བོ་བརྒལ་ནས་མཆོག་ཏུ་གྱུར་པའི་འགྲོས་ཀྱིས་ལམ་གཞན་དུ་བགྲོད་པ་ན། རི་བོ་འབིགས་བྱེད་ཀྱི་འདབས་ཞོལ་ནས་དྲང་སྲོང་བུ་མོ་ཞེས་འབོད་པའི་ཆུ་བོ་གངྒ་དེ་རྩུབ་ལ་ཆེ་བའི་རྡོ་ཕ་བོང་གི་ཐོག་ཏུ་འབབ་པ་ནི། གླང་པོ་ཆེའི་མགོ་ན་ཚོན་དཀར་བོས་རི་མོ་བྲིས་པ་དང་འདྲ་བར་ཤར་ཤུར་དུ་བཞུར་བ་མཐོང་བར་འགྱུར་ཞེས་སྨྲས་པ་ཡིན་ནོ། །ཤོ་ལོ་ཀ་འདིར་ཁྱད་དུ་འཕགས་པའི་སྒྱུ་རྩལ་མཚོན་ཐབས་ཤིག་བཀོད་ཡོད་པ་ནི། རྩོམ་པ་བོ་ཁོ་རང་ལྷད་མེད་དྭངས་གཙང་གི་རང་བྱུང་ཁམས་ཆེན་མོ་དང་ཉེ་བར་བཅར་ཏེ་དཔེའི་སྒྱུ་རྩལ་གྱི་ལམ་ནས་ཡུལ་ལྗོངས་ཀྱི་མཛེས་རྣམ་དེ་ཉིད་མིག་གིས་མངོན་སུམ་དུ་མཐོང་བ་ལྟར་གསོན་ཉམས་དོད་པོས་བློ་ངོར་གསལ་གྱི་ལེར་ཤར་རྒྱུ་ཡོད་པ་ཞིག་བྱས་ཡོད།
དེ་ཡང་རྩོམ་པ་བོའི་སེམས་ཁོང་དུ་གོ་ས་ཆེས་མཐོ་བའི་རི་བོ་འབིགས་བྱེད་དང་ཆུ་བོ་གཱངྒ་དེ་ཆེད་དུ་འདེམ་གསེས་བྱས་ནས་བརྗོད་བྱར་བླངས་ཤིང་དེ་ཉིད་མཚོན་བྱེད་དུ་གླང་བོ་ཆེའི་མགོ་ན་ཚོན་དཀར་བོས་རི་མོ་ཤར་ཤུར་དུ་བྲིས་པ་དཔེ་རུ་བཀོད་པས། དཔེ་ཡིས་དོན་བློ་ངོར་འཆར་ཐུབ་ཅིང་དོན་གྱིས་དཔེ་གསལ་བོར་གོ་ནུས་པ་མ་ཟད། དཔེ་དོན་གཉིས་གཅིག་ཏུ་འདྲེས་ཡོད་པ་ལྟ་བུའི་ཉམས་སྣང་སྟེར་ནུས་པས་འདི་ནི་སྙན་ངག་འདིའི་དམིགས་བསལ་གྱི་ཡོན་ཏན་ཡིན་ལ་རྩོམ་པ་བོ་དཔེའི་སྒྱུ་རྩལ་ལ་བྱང་ཆུབ་པའི་མཚོན་རྟགས་ཤིག་ཀྱང་ཡིན་ནོ། །ཡང་<<རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཅི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན>>ལས་<<སྤྲིན་གྱི་ཕོ་ཉ>>ནི་གནའ་བོའི་རྒྱ་གར་གྱི་སསྐྲྀཏའི་སྙན་ངག་དུ་བརྩམས་པའི་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་རབ་དང་རྩེ་མོ་ཡིན་པས་ཞེས་གསུངས་པ་ལྟར། སྙན་ངག་འདིའི་ཤོ་ལོ་ཀ་ཉེར་བརྒྱད་པར་དཔེའི་སྒྱུ་རྩལ་གྱི་ལམ་ནས་རྩོམ་པ་བོས་མཛེས་རྟོག་གི་རིག་རྩལ་ཁྱད་དུ་འཕགས་པ་ལ་བརྟེན་ཏེ་སྣང་བརྙན་གསར་བཞེངས་བྱས་པ་བརྒྱུད། དུང་བ་ཟབ་མོ་ཞིག་དང་འཚོ་བ་རྣལ་མ་ཞིག་དམར་རྗེན་དུ་མངོན་པར་བྱས་ཡོད་པས། འདིར་དཔེའི་སྒྱུ་རྩལ་གྱི་ལམ་ནས་ཡིད་ཀྱི་འགྱུར་བ་མཚོན་པའི་དཔེར་བརྗོད་དུ་དྲངས་ན། འདི་ལྟར་ཏེ།

ཡིད་འགྱུར་མཚོན་པའི་དཔེའི་སྒྱུ་རྩལ།

རླབས་ཕྲེང་གཡོ་ལྡན་སྙན་པར་སྒྲོགས་ཤིང་འདབ་ཆགས་ཕྲེང་བའི་སྐེ་རྒྱན་སྐ་རགས་སིལ་སིལ་ཅན། །
དལ་གྱིས་དལ་གྱིས་འགྲོ་ཞིང་ལང་ལིང་མཛེས་པའི་སྐལ་བཟང་འཁོར་ལོའི་ལྟེ་བ་དང་ལྡན་པ། །
རོ་མཆོག་དང་ལྡན་ཆུ་བོ་ན་ཆུང་བིར་བིན་དྷ་ནི་ཁྱོད་ཀྱི་ལམ་ལ་མངོན་ཞུགས་ནས། །
དགའ་མ་རྣམས་ཀྱིས་མཛའ་བོ་རྣམས་ལ་རོལ་སྒེག་ཐོག་མར་སྟོན་ཅིང་སྐེད་རྒྱན་འགྲོལ་འདྲ་མཐོང་། ། ཞེས་པའོ།།
ཤོ་ལོ་ཀ་འདིའི་ཚིག་གི་ངོ་གདོང་རྐྱང་པར་བལྟས་ན། རླབས་ཕྲེང་ལང་ལིང་དུ་གཡོ་ཞིང་ལྷུང་ལྷུང་དུ་འབབ་པའི་སྙན་སྒྲ་སྒྲོག་པ་དང་། འདབ་ཆགས་རྣམས་སྟར་ལ་བསྒྲིགས་པའི་སྐེ་རྒྱན་སྐ་རགས་སིལ་སིལ་གྱི་སྒྲ་ཅན། མཛེས་པའི་ཉམས་དང་བཅས་ཏེ་དལ་གྱིས་དལ་གྱིས་འགྲོ་ཞིང་ལང་ལིང་གིས་འཁྱིལ་བའི་ལྟེ་བ་ནི་སྐལ་བཟང་འཁོར་ལོའི་ལྟེ་བ་སྟེ་གཡུང་དྲུང་གི་དབྱིབས་དང་ལྡན་པའི་ཆུ་བོ་ན་ཆུང་བིར་བིན་དྷ་ནི་ཁྱིད་ཀྱི་ལམ་ལ་མངོན་པར་ཞུགས་ནས་ཡོང་བ་ནི། དགའ་མ་རྣམས་རང་གི་མཛའ་བོ་དང་ཐོག་མར་འཕྲད་སྐབས་རོལ་ཅིང་སྒེག་པའི་ཆགས་ཉམས་སྣ་ཚོགས་དང་བཅས་ཏེ་སྐེ་རྒྱན་དང་སྐ་རགས་འགྲོལ་བར་བྱེད་པ་དང་འདྲ་བ་དེ་མཐོང་བར་འགྱུར་ཞེས་ནག་མོ་ཁོལ་གྱིས་ཆུ་བོ་བིར་བིན་དྷ་ཡི་རྣམ་པ་ངོ་སྤྲོད་པ་ཙམ་དུ་མཐོང་མོད། འོན་ཀྱང་། འདི་ལ་མྱངས་ན་འཛད་མཐའ་མེད་པའི་སྒྱུ་རྩལ་གྱི་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་སིམ་པར་བྱས་ཡོད་དེ། ཕྱོགས་གཅིག་ནས་ཆུ་བོ་བིར་བིན་དྷའི་ཐུན་མོང་མ་ཡིན་པ་ཡི་ཁྱད་ཆོས་དག་ཞིབ་འབྲི་བྱས་པ་ཁྱད་པར་དུ་འཕགས་པས་བཀླགས་པ་ཙམ་གྱིས་ཆུ་བོ་དེ་ཉིད་དངོས་སུ་མཐོང་བ་ལྟ་བུའི་སྣང་བ་ཞིག་སྟེར་ཡོང་། འདི་ནི་སྒྱུ་རྩལ་གྱི་བདེན་པ་ཡིན། ཕྱོགས་གཉིས་ནས་རྩོམ་པ་བོའི་འཆར་སྣང་དེ་ཉིད་གབ་སྦས་དང་རབ་རིབ་ཀྱི་ཚུལ་དུ་གསལ་བོར་མངོན་པར་བྱས་ཡོད་པས་འདི་ལ་རབ་རིབ་ཀྱི་སྒྱུ་རྩལ་ཞེས་ཟེར་རོ། །
ཤོ་ལོ་ཀ་འདི་ལ་དེ་ལས་ཀྱང་ཡ་མཚར་བའི་ཐབས་རྩལ་ཞིག་བཀོལ་ཡོད་པ་ནི་དཔེའི་སྒྱུ་རྩལ་ཡིན་ཏེ། རྩོམ་པ་བོའི་མེ་ལྕེ་དྲག་ཏུ་འབར་བ་ལྟ་བུའི་ཚོར་བ་དེ་ཉིད་ཕྱི་རོལ་ཡུལ་གྱི་སྟེང་དུ་འཕོས་པས་འོ་མ་ལ་རྩི་བརྒྱབ་པ་ལྟར་རོ་ཉམས་ཕུན་སུམ་ཚོགས་ཤིང་། རྟོག་པ་མཐའ་མེད་དུ་སྤྲོ་ཆོག་པའི་འཆར་སྒོ་ཡངས་པོ་ཞིག་ཕྱེས་ཡོད་གཤིས་འདི་ཡང་དཔེའི་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་ཡོན་ཏན་ཡིན། འདི་ལྟ་བུའི་མཚོན་སྟོབས་ལྡན་པའི་དཔེ་འགོད་པ་ནི་སྤྱིར་བཏང་བའི་དཔེ་འགོད་ཙམ་ལས་རིང་དུ་བརྒལ་ཏེ་དཔེ་འགོད་ཚུལ་ལ་ཁྱད་ཆོས་མཐའ་ཡས་པ་ཡོད་པས། འདིར་ཅུང་ཙམ་ཞིབ་འགྲེལ་བྱས་ན། ཐོག་མར་དཔེ་ཅན་ཆུ་བོ་བིར་བིན་དྷ་དེའི་རྣམ་པ་བརྗོད་སྐབས་དཔེ་དང་དཔེ་ཅན་གཉིས་ཀྱི་མཚུངས་ཆོས་འགའ་ཞིག་དངོས་སུ་ཚིག་ཟིན་ལ་བརྗོད་ཡོད་དེ། དཔེར་ན། དཔེ་ཅན་རླབས་ཕྲེང་གི་གཡོ་བ་དང་ལྡན་པའི་ཆུ་བོ་བིར་བིན་དྷ་དེ་ཉིད་དཔེ་དགའ་མ་རྣམས་རང་གི་མཛའ་བོ་དང་ཐོག་མར་འཕྲད་སྐབས་དུང་བ་དང་ཆགས་པས་ལུས་ཉམས་ལྡེམ་ལྡེམ་དུ་གཡོ་དང་མཆུ་སྒྲོས་ལྷུག་ལྷུག་ཏུ་གཡོ་བ་སོགས་གཡོ་བའི་ཉམས་ཀྱི་ཆ་ནས་ཤིན་ཏུ་འདྲ་ཞིང་། དེ་བཞིན་དུ་དཔེ་ཅན་ཆུ་བོས་ལྷུང་ལྷུང་དུ་འབབ་པའི་སྒྲ་སྒྲོག་པ་དང་དཔེ་མཛའ་མོ་ཡིས་སྙན་ཞིང་འཇམ་པའི་སྒོ་ནས་མཛའ་བོར་ངག་སྨྲ་བ་གཉིས་ཆོས་མཚུངས་པ་དང་། དཔེ་ཅན་ཆུ་བོ་ཀློང་འཁྱིལ་བའི་རྣམ་པ་དང་དཔེ་བུད་མེད་ཀྱི་ལྟེ་བ་གོར་གོར་དུ་འཁྱིལ་བའི་ཚུལ་གྱིས་གནས་པ་མཚུངས་ལ། དཔེ་ཅན་ཆུ་བོ་ལ་ཡོད་པའི་འདབ་ཆགས་ཀྱི་ཕྲེང་བ་སིལ་སིལ་གྱི་སྒྲ་སྒྲོག་པ་དེ་དཔེ་དགའ་མས་སྐེ་རྒྱན་དང་སྐ་རགས་འགྲོལ་བའི་ཚུལ་གཉིས་མཚུངས་པ་ཙམ་དུ་མ་ཟད། དཔེ་ཅན་ཆུ་བོའི་རྣམ་པ་བརྗོད་སྐབས་འདིར་འདབ་ཆགས་ཀྱི་ཕྲེང་བསྒྲིགས་ནས་འཕུར་བ་དེ་སྐེ་རྒྱན་དང་སྐ་རགས་འགྲོལ་བའི་གཟུགས་སུ་བཀོད་པ་ནི་དཔེ་དོན་གཉིས་གཅིག་ཏུ་སྲེ་བའི་རྫས་ལྟ་བུར་གྱུར་ཡོད་པས་འདི་དང་གོང་གི་སྙན་པར་སྒྲོག་པ་ལྟ་བུ་དཔེ་དོན་ཐུན་མོང་ལ་ལྡན་པའི་མཚུངས་ཆོས་དུ་མ་ཞིག་སྒྲ་གཅིག་གི་ལམ་ནས་བརྗོད་པ་ནི་དཔེ་དོན་ངོ་བོ་འབྱེར་མེད་དུ་འདྲེས་པར་བྱེད་པའི་ཐབས་རྩལ་བླན་མེད་པ་ཞིག་ཡིན།
ད་དུང་དཔེ་ཅན་ཆུ་བོ་ལང་ལིང་གི་ཉམས་དང་བཅས་ཏེ་དལ་གྱིས་དལ་གྱིས་འགྲོ་བ་ནི། དཔེ་དགའ་མ་ཡང་རང་གི་མཛའ་བོ་དང་ཐོག་མར་འཕྲད་སྐབས་ཆགས་པའི་སྟོབས་དང་མཛེས་ཆོས་ཀྱི་རྣམ་པས་ལྡེམ་ལྡེམ་དུ་དལ་གྱིས་དལ་གྱིས་འགྲོ་བཞིན་སྒེག་པའི་ཉམས་སྟོན་པ་དང་ཀུན་ནས་མཚུངས་ལ། དཔེ་ཅན་ཆུ་བོར་རོ་མཆོག་ཏུ་གྱུར་པ་དང་ལྡན་པ་བཞིན། དཔེ་ཐོག་མར་འཕྲད་པའི་མཛའ་མོ་ནི་འདོད་ཡོན་གྱི་གཏེར་མཛོད་དུ་གྱུར་ཡོད་པས་འདི་ཡང་མཚུངས་ཆོས་ཁྱད་པར་བ་ཞིག་ཡིན་ནོ། །
ཐོག་མར་ཉམས་ཁྱད་པར་བ་དང་ལྡན་པའི་སྒོ་ནས་དཔེ་དོན་ཐུན་མོང་གི་ཁྱད་ཆོས་དམིགས་བསལ་བ་དག་དཔེ་ཅན་ཆུ་བོ་དེ་ལ་མངའ་བ་དངོས་སུ་བརྗོད་ཅིང་། སྤྲིན་ཁྱོད་རང་འགྲོ་བའི་ལམ་བར་ནས་ཆུ་བོ་དེ་ལ་འཕྲད་པར་འགྱུར་ཞེས་མ་བརྗོད་པར་ཆུ་བོ་དེ་ཆེད་དུ་ཁྱོད་ཀྱི་ལམ་ལ་མངོན་པར་ཞུགས་པའམ་ཡོང་བ་ལྟར་བརྗོད་ཡོད་པ་དང་། ཆེས་མཇུག་ཏུ་དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པའི་ཆུ་བོ་དེ་སྤྲིན་ཁྱོད་ཀྱི་ལམ་དུ་ཞུགས་པ་ནི་དགའ་མ་རྣམས་སྙིང་ཉེ་ནའི་མཛའ་བོ་ལ་ཐོག་མར་འཕྲད་སྐབས་འདོད་པའི་རྩེད་འཇོ་ལ་རོལ་ཆེད་སྐེ་རྒྱན་དང་སྐ་རགས་འགྲོལ་བ་འདྲ་བའི་རྣམ་པ་ཆེས་སྙིང་དུ་སྡུག་ཅིང་མཛེས་པ་ཕུན་སུམ་ཚོགས་པ་དེ་ཉིད་མཐོང་བར་འགྱུར་ཞེས་དཔེ་དོན་གཉིས་རོ་གཅིག་ཏུ་འདྲེས་པར་བྱས་ཤིང་། དེའི་ཤུགས་ལ་རྩོམ་པ་བོས་གང་བརྗོད་པར་འདོད་པའི་དོན་ཏེ། རང་གི་རེ་འདུན་དང་། དྲན་གདུང་། བརྩེ་དུང་། ཕྱི་དྲན་སོགས་དགའ་མ་དཔྱིད་ལྡན་མ་ལ་རྗེས་སུ་ཆགས་པའི་ཚོར་རྟོག་མཐའ་དག་ཡུལ་དེ་ལས་ཚུར་མངོན་པར་བྱས་ཡོད། དེ་ལྟར་རྩོམ་པ་བོ་རང་ཉིད་ཀྱི་སེམས་ཚོར་མཐའ་དག་ཡུལ་གྱིས་མཚོན་པའི་བྱེད་ཐབས་ལ་བརྟེན་ནས་མེ་ལོང་ནང་དུ་གཟུགས་བརྙན་དུ་མ་སྐད་ཅིག་ལ་འཆར་ཐུབ་པ་ལྟར་མཐའ་མེད་པའི་ཡིད་བརྙན་བསྐྲུན་ཡོད་པས། འདི་ནི་ཡིད་ཀྱི་འགྱུར་བ་མཚོན་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་ཞིག་སྟེ། རྒྱ་ནག་གིས་འདི་ལ་ཕྱི་ཡི་ཆོས་གཞན་ལ་བརྟེན་ནས་ནང་སེམས་ཁམས་མཚོན་པའི་འབྲི་ཐབས་(借景抒情)ཞེས་རྩ་ཆེན་པོར་བརྩི་བཞིན་ཡོད།
ཡང་གཅིག་བཤད་ན། ཤོ་ལོ་ཀ་འདི་ནི་ཟུར་བསྟན་ནམ་ཤུགས་བསྟན་གྱི་སྒོ་ནས་དངོས་ཡོད་འཚོ་བ་མཚོན་པ་བརྒྱུད་དེ་རང་གི་མཛེས་རྟོགས་བསམ་བློ་རྩལ་དུ་འདོན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། རྗོད་བྱེད་ལ་གནས་པའི་གཟུགས་སྣང་དེས་བསྐུལ་ནས་སྦས་དོན་གཏིང་ཟབ་མོ་ཞིག་བསྟན་ཡོད་པས། མཚོན་བྱེད་ཅན་གྱི་རྩམ་རིག་གི་ཐབས་འཕྲུལ་ཡོངས་སུ་རྫོགས་འདུག དེ་བས། འཛམ་གླིང་ཤར་ཕྱོགས་ཀྱི་ཤེས་རིག་གི་རྒྱལ་ཁབ་ཆེན་མོ་དང་སྙན་ངག་གི་རྒྱལ་ཁམས་སུ་གྲགས་པའི་རྒྱ་གར་འཕགས་པའི་ཡུལ་དེར་མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ་ཞེས་མཚན་གྱི་བ་དན་ས་ཆེན་པོའི་ཁྱོན་ལ་ཡོངས་སུ་ཁྱབ་པའི་རྒྱུ་མཚན་ཡང་འདི་གནད་ལས་གསལ་བོར་ཤེས་ཐུབ་བོ། །

མཇུག་གི་གཏམ།

གོང་དུ་བཤད་པ་བཞིན་སྙན་རྩོམ་འདི་ནི་འཛམ་གླིང་རྩོམ་རིག་གི་ཞིང་ས་ན་ཏོག་ལྟར་བཀུར་བའི་ཁྱད་པར་བ་ཞིག་ཡིན་ལ། སྣ་མང་སྒྱུ་རྩལ་གྱི་ཕུང་བོ་ཞིག་ཀྱང་ཡིན་པས་ཡིག་འབྲུ་ཁ་ཤས་ཀྱིས་གསལ་བཤད་དང་གསེད་བཀྲོལ་ཐུབ་པ་ཞིག་གཏན་ནས་མིན་པ་མ་ཟད། དཔྱད་ཐུང་འདི་ལས་ཐ་ན་དཔེའི་སྒྱུ་རྩལ་གྱི་བརྒྱ་ཆའི་གཅིག་ཙམ་ཡང་མྱོང་རྟོགས་མི་ནུས་པས་སྙན་རྩོམ་ངག་ལ་སྤྲོ་བ་ཡོད་པ་དག་གིས་ཅིས་ཀྱང་གཞུང་དངོས་ལ་ཞིབ་མཇལ་བྱ་དགོས། འོན་ཀྱང། ང་ཚོའི་མི་རབས་སྔ་མའི་ལོ་ཙཱ་བ་སྐུ་དྲིན་ཅན་དག་གིས་ཕུལ་དུ་བྱུང་བའི་སྙན་རྩོམ་འདིའི་རིན་ཐང་གཟིགས་ཤིང་། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཏེ་ང་ཚོ་ཕྱི་རབས་པའི་བགོ་སྐལ་དུ་བཞག་ཅིང་། སྙན་རྩོམ་གྲགས་ཆེན་འདི་དབྱིན་ཇི་དང་། འཇར་མན། ཧྥ་རན་སི། ཡོ་རོབ། འཇར་པན། རྒྱ་ནག་སོགས་རྒྱལ་ཁབ་དང་མི་རིགས་དུ་མ་ཞིག་གིས་ཀྱང་བསྒྱུར་མོད། མི་རིགས་གཞན་ལས་འགྱུར་ཆེས་སྔ་ཤོས་བོད་ཡིན་ཞིང་འགྱུར་ཧ་ཅང་ལེགས་ཞེས་མང་བོས་བསྟོད་པའི་མཐེ་བོང་བསྒྲེང་ཡུལ་དུ་གྱུར་ཡོད། ཡིན་ན་ཡང་། གཞུང་འདི་བསྒྱུར་བའི་རྗེས་ནས་དུས་ཡུན་རིང་པོ་ཞིག་ལ་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ཕྱི་རབས་པ་དག་གིས་སྒྱུ་རྩལ་གྱི་རིན་ཐང་ངོས་ཟིན་ཡང་དག་པའི་སྒོ་ནས་སློབ་སྦྱོང་བྱེད་མ་ཐུབ་པ་དང་། སྒྱུ་རྩལ་གྱི་མཚོན་ཐབས་བླ་ན་མེད་པ་དག་ཚུར་ལེན་བྱེད་ཐུབ་མེད་པས་འདི་ནི་ཕངས་སེམས་སྐྱེ་དགོས་པ་ཞིག་ཅི་ལ་མིན། དེ་བས། ཨ་བྲ་མདའ་ཐེག་གིས་མདའ་དང་། སྲེད་མོང་མདུག་ཐེག་གིས་མདུང་ཞེས་པའི་དཔེ་ལྟར་ད་ཐེངས་ཁོ་བོས་ཀྱང་རང་ནུས་ལྕོགས་ཚོད་ལྟར་སྙན་རྩོམ་འདིའི་དཔེའི་སྒྱུ་རྩལ་གཙོ་བོར་བཟུང་ནས་ཅུང་ཙམ་འབྲི་ཁུལ་བྱས་སོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=522