[ནང་དོན་གནད་བསྡུས།] འདུས་བྱས་ཞེས་པ་ནི་རྒྱུ་རྐྱེན་དུ་མ་འདུས་ནས་བསྐྱེད་པ་ཞིག་ལ་ཟེར། ཆོས་མངོན་པ་སོགས་སུ་དེ་ལ་མཚན་ཉིད་བཞི་གསུངས་ཏེ།  སྔར་མ་བྱུང་བ་ལས་བྱུང་བ་སྟེ་སྐྱེ་བ་དང་། རང་གི་རིགས་འདྲའི་རྒྱུན་མ་ཞིག་པ་སྟེ་གནས་པ་དང་། སྐད་ཅིག་སྔ་མ་དང་ཕྱི་མའི་བར་མི་འདྲ་བའི་འགྱུར་བ་འགྲོ་བ་སྟེ་རྒ་བ་དང་། བྱུང་ནས་འཇིག་པ་སྟེ་མི་རྟག་པ་བཅས་སོ། །མདོ་ལས་སྒྲས་ཟིན་ལ་འདུས་བྱས་ཀྱི་མཚན་ཉིད་གསུམ་དུ་གསུངས་ཤིང་། གསུམ་པོ་དེའང་རྒྱུན་གྱི་དངོས་པོའི་སྟེང་ནས་གསུངས་པར་མཛད་ཀྱང་། དོན་ལ་འདུས་བྱས་ཀྱི་མཚན་ཉིད་བཞི་ཡིན་པ་དང་། དེའི་ནང་གི་རྒ་བ་དང་གནས་པ་གཉིས་རྒྱུན་གྱི་དངོས་པོ་ཁོ་ན་ལ་འཇོག་པ་དང་། སྐྱེ་བ་དང་འཇིག་པ་གཉིས་འདུས་བྱས་ཐམས་ཅད་ལ་ཁྱབ་པ་སོགས་དབྱིག་གཉེན་གྱི་མངོན་པ《མཛོད་རང་འགྲེལ》དུ་གསུངས་ཤིང་། ཆོས་གྲགས་ཀྱི་ཚད་མའི་གཞུང་དུ་དེ་དག་སྤྱི་དང་བྱེ་བྲག་ཏུ་མི་རྟག་པའི་སྐོར་དེ་ལས་ཀྱང་གཏིང་ཟབ་ཀྱིས་གཏན་ལ་ཕབ་པར་མཛད་དོ། །

 [གནད་ཚིག ] འདུས་བྱས། འདུས་མ་བྱས། སྐྱེ་བ། རྒ་བ། གནས་པ། འཇིག་པ།


དེ་ཡང་སངས་རྒྱས་རང་ཉིད་ཞལ་བཞུགས་པའི་སྐབས་དེ་རང་དུ་འདུས་བྱས་རྣམས་སྐྱེ་བ་དང་འཇིག་པ་དང་རྒ་བའི་རང་བཞིན་ཡིན་པའི་སྐོར་མང་དུ་གསུངས་པར་མཛད་ཅིང་། དེ་ནི་འཁོར་བ་ལ་ཡིད་འབྱུང་བསྐྱེད་པ་སོགས་ཀྱི་དགོས་པའི་ཆེད་ཡིན། འོན་ཀྱང་སྐྱེ་རྒ་འཇིག་པ་དེ་དག་སྐད་ཅིག་ལ་འཇོག་གམ། རྒྱུན་ལ་འཇོག །དེ་དག་བཏགས་ཡོད་ཙམ་ཡིན་ནམ་རྫས་ཡོད་ཡིན་སོགས་ཀྱི་དཔྱད་པ་ནི་ཕྱིས་སུ་བྱུང་། དེ་ཡང་རྗེས་འཇུག་དག་གིས་ཕྱོགས་གཅིག་ནས་མདོ་དོན་འགྲེལ་དགོས་ཤིང་། ཕྱོགས་གཞན་ནས་དེ་ཉིད་དངོས་པོའི་ཆོས་ཉིད་དང་མཐུན་མིན་ལ་བལྟ་དགོས་པས་ན། དེ་ལྟ་བུའི་གོ་རིམ་ནང་ཕྱིས་སུ《མཛོད་རང་འགྲེལ》དུ་བཀོད་པའི་རྩོད་པ་རིང་མོ་ལྟ་བུ་དག་རིམ་བསགས་ཀྱིས་བྱུང་བ་ཡིན། ཐོགས་མེད་ཀྱི《གཏན་ལ་དབབ་པ་བསྡུ་བ》རུ་འདུས་བྱས་ཀྱི་མཚན་ཉིད་བཞིའི་སྐོར་གསུངས་ཤིང་། དེར་འདུས་བྱས་ཀྱི་མཚན་ཉིད་ཀྱི་གྲངས་ངེས་དེ་མདོ་དང་ཇི་ལྟར་མི་འགལ་བའི་རྩོད་སྤོང་དང་།  མཚན་ཉིད་རེ་རེ་ལ་ཡང་ནང་ཚན་གྱིས་དབྱེ་བ་མང་དུ་ཕྱེ་བ་མཛད་པ་དང་། རྫས་གཏགས་གང་ཡིན་གྱི་དཔྱད་པ་སོགས་ཀྱང་མཛད་ཡོད། དེ་རྗེས་དབྱིག་གཉེན་གྱི《མཛོད་རང་འགྲེལ》དུ་ཡང་མཚན་ཉིད་ཀྱི་གྲངས་ངེས་དང་། མདོ་ལས་གསུངས་པའི་དགོངས་པ། མཚན་ཉིད་བཞི་དེ་རྫས་ཡོད་དུ་འདོད་པའི་ཕྱོགས་སྔ་མའི་འདོད་པ། དེ་འགོག་པའི་རིགས་པ་སོགས་ཞིབ་ཚགས་ཀྱིས་གསུངས་ཤིང་། དེའི་ནང་གི་རིགས་པ་མང་པོ་ཞིག་ལ་བལྟས་ན་ཕྱིས་ཀྱི་ཕྱོགས་གླང་དང་དེའི་རྗེས་འབྲངས་དག་གིས་མཛད་པའི་ཚད་གཞུང་ནང་གི་རིགས་པའི་མེ་ཏོག་དག་ཀྱང་ཁ་འབུས་ལ་ཁད་པ་ལྟ་བུར་སྣང་། འོན་ཀྱང་ད་དུང་ཆ་ཡོངས་སུ་མི་ཚང་ལ་ལྷག་ཏུ་སྒྲ་རྟོག་གི་འཇུག་ཚུལ་དང་དེ་ཉིད་དངོས་པོའི་གནས་ལུགས་དང་མཐུན་མིན་སོགས་ཀྱི་ཐད་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་ཁ་བསྐང་མེད་ན་སྟོང་ཆ་ཞིག་ལུས་ཡོད།

《མཛོད་རང་འགྲེལ》སོགས་སུ་འཁོད་པའི་བྱེ་སྨྲས་ཇི་སྐད་བཤད་པ་དག་ནི་སྔ་མོའི་ནང་པའི་འདོད་ཚུལ་དག་ཡིན་ཞིང་། དེ་ལ་ཕྱིས་སུ་རྟོག་གེ་བའི་རིགས་པས་དཔྱད་དེ། ཆག་གྲུམ་སྣ་ཚོགས་བྱུང་བ་ལས་མདོ་སྡེ་པའི་གྲུབ་མཐའ་སོགས་སུ་འཕོ་འགྱུར་བྱུང་བ་ཡིན་པས། བྱེ་སྨྲའི་འདོད་པ་འགོག་པའི་རིགས་པ་མང་པོ་ཞིག་དབྱིག་གཉེན་གྱི་གཞུང་དུ་གསལ་མོད། འོན་ཀྱང་རིགས་པ་དེ་དག་གང་ཟག་མང་པོས་ཡུན་རིང་པོར་དགག་སྒྲུབ་བྱས་པ་ལས་ཐོན་པའི་འབྲས་བུ་ཞིག་ཡིན་པ་སྨོས་མ་དགོས།  འོན་ཀྱང་དབྱིག་གཉེན་གྱི་དམིགས་བསལ་མཛད་རྗེས་མེད་པའང་ག་ལ་ཡིན་ཏེ། སྔ་མ་དག་ལས་ཀྱང་རིགས་པ་རྒྱས་ཤིང་གཏན་ཚིགས་ཞིབ་ཚགས་ལ། རྟོག་གེའི་རིགས་པའི་འགྲོས་ཇེ་མངོན་དུ་སོང་ཡོད། ང་ཚོས་མདོ་དང་། བྱེ་སྨྲའི་འདོད་པ། ཐོགས་མེད་ཀྱི་གཞུང།  དབྱིག་གཉེན་གྱི་གཞུང།  ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ལ་རིམ་པ་བཞིན་བལྟས་ཏེ། དེ་ནས་ཕྱོགས་ཡོངས་ལ་བསམ་བློ་བཏང་ཚེ། དེ་དག་ལ་ཁྱིམ་རྒྱུད་ཀྱི་ལག་ཤེས་བཞིན་དུ་རིམ་གྱིས་འཕེལ་རྒྱས་སོང་བའི་དོན་སྤྱི་ཞིག་འཆར་བར་བྱེད་ཅིང་། སྔ་མ་སྔ་མ་དང་ཕྱི་མ་ཕྱི་མ་དག་ས་གཞི་དང་ས་བོན་དང་ཡུ་བ་དང་མེ་ཏོག་དང་འབྲས་བུ་ལྟ་བུའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་མཐོང་ཐུབ། 《མཛོད་རང་འགྲེལ》ནང་གི་འདུས་བྱས་ཀྱི་མཚན་ཉིད་བཞིའི་ཐད་ཀྱི་བྱེ་སྨྲ་དང་མདོ་སྡེ་པའི་བར་གྱི་རྩོད་པ་རྩོད་ལན་དག་འདུས་བྱས་རང་སྟེང་གི་ངོ་བོ་ངོས་འཛིན་པ་ལ་བློ་སྒོ་འབྱེད་པའི་ནུས་པ་ཡོད་པ་མ་ཟད། བྱེ་སྨྲ་ནས་མདོ་སྡེ་པའམ། ཡང་ན་སྔ་མོའི་ནང་པའི་ལྟ་གྲུབ་ལ་རྟོག་གེའི་རིགས་པས་དཔྱད་དེ་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པའི་གོ་རིམ་དེ་མཐོང་ཐུབ་པའི་ཕྱིར་དཔྱད་གཞི་གལ་ཆེ་བས་དེའི་སྐོར་རྒྱས་པ་གཞུང་དང་སྦྲགས་ནས་གོ་སླ་པོས་བཤད་པ་ཞིག་གཞན་དུ་འབྲིའོ། །འདིར་ལུང་གི་ཚིག་ཚོགས་བསྐྱུངས་ཤིང་བཞེད་ཚུལ་མི་འདྲ་བའི་བར་གྱི་རྩོད་པ་རྩོད་ལན་གྱི་སྤྲོས་པ་དོར་ནས་གཙོ་བོ《མངོན་པ་མཛོད》ཀྱི་འགྲེལ་པ་དང་འགྲེལ་བཤད་དག་ཏུ་བཤད་པ་དག་གཞིར་བཟུང་ཚད་མའི་ནང་གི་བརྗོད་བྱ་ཁག་གཅིག་གིས་ཁ་བསྐངས་ཏེ་འདུས་བྱས་དང་འདུས་མ་བྱས་ཀྱི་དོན། འདུས་བྱས་ཀྱི་མཚན་ཉིད་བཞི། དེ་དག་སྐད་ཅིག་དང་རྒྱུན་གང་ལ་འཇོག་པ། རྫས་བཏགས་གང་ཡིན་བཅས་ཉིང་བསྡུས་ཤིག་འབྲི་བར་བྱའོ། །

གཅིག འདུས་བྱས་ཀྱི་དོན།

དབྱིག་གཉེན་གྱི《མཛོད་རང་འགྲེལ》ལས། “རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་ནི་འདུས་བྱས་རྣམས་ཏེ། རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། །”[1]ཞེས་གསུངས་པ་ལྟར་ཐད་ཀའི་སྒྲ་དོན་དང་བསྟུན་ནས་གོ་བ་བླངས་ན། རྒྱུ་རྐྱེན་མང་པོ་འདུས་ནས་བྱས་པའམ་བསྐྱེད་པ་ལ་འདུས་བྱས་ཞེས་བྱ་ཞིང་། དེ་ཡང་བྱས་ཞེས་པས་རྒྱུ་མེད་དུ་སྐྱེ་བ་བཀག་ནས་རྒྱུ་ཡོད་པར་བསྟན་ཅིང་། འདུས་ཞེས་པས་རྒྱུ་ཁ་ཡར་བ་ལས་སྐྱེ་བ་བཀག་ནས་རྒྱུ་ཡི་ཚོགས་འདུས་པ་ལས་སྐྱེ་བར་བསྟན་པ་ཡིན། དེས་ན་དངོས་པོ་རྣམས་རྒྱུ་མེད་པར་སྐྱེས་པ་མིན་ལ། རྒྱུ་གཅིག་གིས་བསྐྱེད་པའང་མིན་པར་རྒྱུ་སྣ་ཚོགས་པ་འདུས་ནས་བྱུང་བ་ཡིན། དཔེར་ན་ད་ལྟ་གོམ་པ་སྤོ་ཤེས་པའི་བྱིས་པ་འདི་ལ་མཚོན་ན་དེ་རྒྱུ་མེད་དུ་རང་དགར་སྐྱེ་བ་མིན་པར་རང་གི་རྒྱུ་ཡོད་ཅིང་། རྒྱུ་དེ་ཡང་གཅིག་གིས་མི་ཆོག་པར་ཕ་མའི་ཁུ་ཁྲག་དང་། ཕྱི་རོལ་གྱི་འབྱུང་བ། ཟས་ལ་སོགས་པ་སྣ་ཚོགས་ཕྲད་པ་ལས་བྱུང་བས་འདུས་བྱས་པ་ཞེས་བྱའོ། །

ཆོས་མངོན་པ་སོགས་སུ་འདུས་བྱས་ཀྱི་མཚན་ཉིད་བཞི་གསུངས་ཏེ། སྔར་མ་བྱུང་བ་ལས་བྱུང་བ་སྟེ་སྐྱེ་བ་དང་། རང་གི་རིགས་འདྲའི་རྒྱུན་མ་ཞིག་པ་སྟེ་གནས་པ་དང་། སྔ་མ་དང་ཕྱི་མའི་བར་མི་འདྲ་བའི་འགྱུར་བ་འགྲོ་བ་སྟེ་རྒ་བ་དང་། རང་གི་རིགས་རྒྱུན་ཞིག་ནས་གཞན་དུ་གྱུར་པ་སྟེ་འཇིག་པ་བཅས་སོ། །བཞི་པོ་དེས་འདུས་མ་བྱས་དང་མི་འདྲ་བའི་འདུས་བྱས་ཀྱི་ཐུན་མིན་གྱི་ངོ་བོ་དེ་མཚོན་པར་བྱེད་པས་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ། མཚོན་ཚུལ་ཡང་དུ་བ་འཕྱུར་བ་ལས་ཕ་ཀི་ན་མེ་ཡོད་པར་དཔོག་པ་དང་། ཆུ་སྐྱར་ཡུན་རིང་ལྡིང་བ་ལས་དེ་ན་ཆུ་ཡོད་པར་དཔོག་པ་ལྟ་བུ་དངོས་པོ་གཞན་ཞིག་ལས་དངོས་པོ་གཞན་ཞིག་དཔོག་པ་མིན་གྱི། ནུ་མ་ཆེ་བ་དང་། སྐད་ཕྲ་བ་དང་། གདོང་གི་དབྱིབས་ཁྱད་པར་བ་སོགས་ལས་མི་དེ་བུད་མེད་ཡིན་པར་མཚོན་པ་དང་། གཟུགས་ཅན་གཞན་སྲེག་པར་བྱེད་པ་ལས་དེ་ཉིད་མེ་ཡིན་པར་མཚོན་པ་ལྟར། འདུས་བྱས་རང་སྟེང་གི་མཚན་ཉིད་དེ་དང་དེ་མངོན་པ་ལས་དེ་ཉིད་འདུས་བྱས་སུ་མཚོན་པས་ན་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱའོ། །

གཉིས། མཚན་ཉིད་བཞི་སོ་སོར་བཤད་པ།

སྐྱེ་བ་ཞེས་པ་ནི། དངོས་པོ་དེ་སྔར་མ་བྱུང་བ་ལ་རྒྱུ་རྐྱེན་ཚོགས་པའི་དབང་གིས་ད་ལྟ་བྱུང་བ་ལ་སྐྱེ་བ་ཞེས་ཟེར། དཔེར་ན་མདུན་ན་གསར་དུ་བཟོས་པའི་རྫ་ཡི་བུམ་པ་ཞིག་ལ་མཚོན་ན་དེ་སྔར་རྒྱུ་འཇིམ་པའི་གནས་སྐབས་སུ་མ་བྱུང་ཞིང་། ད་ལྟ་འཇིམ་པ་དང་རྫ་མཁན་སོགས་ཚོགས་པའི་དབང་གིས་བྱུང་བས་སྐྱེས་པ་ཞེས་ཟེར་བ་ལྟ་བུའོ། །དེ་ཡང་རྒྱུན་ཅན་གྱི་དངོས་པོ་མཐའ་ཐུག་པའི་སྟེང་ནས་བཤད་ན་དངོས་པོ་གང་ཡང་སྔར་གཏན་ནས་བྱུང་མ་མྱོང་ཞིང་། ད་ལྟ་སྐད་ཅིག་མ་གཅིག་རང་སྐྱེས་ལ། དེ་ནས་རང་ཉིད་འགག་ནས་གང་དུ་ཡང་མི་འགྲོ་བ་ཡིན་ནོ། །དཔེར་ན་མདུན་ན་གསར་དུ་བཟོས་པའི་རྫ་བུམ་སྐད་ཅིག་མ་དང་པོ་ལ་མཚོན་ན་དེ་སྔར་ནམ་ཡང་སྐྱེས་མ་མྱོང་པར་ད་ལྟ་གསར་དུ་གྲུབ་པ་ཡིན་ལ། དེའི་རྒྱུ་ཙམ་ཞིག་སྔར་ཡོད་ཀྱང་དེ་ནི་རང་ཉིད་ལས་གཞན་ཞིག་ཡིན་གྱི་རང་ཉིད་ནི་མིན་ནོ། །སྐད་ཅིག་མ་གཅིག་དེའི་རྗེས་སུ་རང་ཉིད་འགག་པར་འགྱུར་ཞིང་རང་གི་འབྲས་བུ་ཡིན་པའི་སྐད་ཅིག་མ་གཞན་སྐྱེ་ལ་དེ་ཡང་རང་ཉིད་མིན་ནོ། །དེས་ན་སྔར་མ་བྱུང་བ་ལས་བྱུང་བས་གང་ནས་ཀྱང་མ་འོངས་ལ། བྱུང་ནས་ཀྱང་སྐད་ཅིག་མ་གཅིག་ལས་མི་སྡོད་པར་འགག་པར་འགྱུར་བས་གང་དུ་ཡང་མི་འགྲོའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས།  “ཇི་སྐད་དུ། མིག་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་མ་འོངས། འགག་པ་ན་ཡང་གང་དུ་ཡང་ཐིམ་ནས་མི་འགྲོ་སྟེ། དགེ་སློང་དག་མིག་ནི་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་རོ། །”[2]ཞེས་གསུངས་སོ། །

རྒ་བ་ཞེས་པ་ནི། འཇིག་རྟེན་ན་རྒ་བ་ཞེས་པ་སྐྲ་དཀར་བ་དང་། གཉེར་མ་ཆགས་པ། ལུས་པོ་གུག་པ་སོགས་ཀྱི་གནས་སྐབས་ལ་གྲགས་ཆེ་ཡང། སྤྱི་རྒ་བ་ཞེས་པ་ནི་དངོས་པོ་དེ་སྔར་དང་མི་འདྲ་བར་འགྱུར་བ་སོང་བ་ལ་རྒ་བ་ཞེས་ཟེར་བ་ཡིན་ཏེ། དཔེར་ན་མེ་ཏོག་དེ་བཞད་མ་ཐག་མའི་དུས་ཐུང་ངུའི་ནང་ཤིན་ཏུ་མཛེས་ཤིང་རྒྱས་ལ་རྣམ་པར་བཀྲ་བ་ལ། རིམ་གྱིས་ཟེའུ་འབྲུ་དང་འདབ་མ་རྣམས་རྙིང་ནས་འཐོར་བ་ལ་རྒ་བ་ཞེས་ཟེར་བ་ལྟ་བུའོ། །

དེ་ཡང་འཇིག་རྟེན་པ་དག་གིས་རྒ་བ་རགས་པ་ཙམ་ཞིག་རྟོགས་ཏེ། དཔེར་ན་དུས་ཚོད་ངེས་ཅན་ཞིག་གི་ནང་མེ་ཏོག་དེ་རྙིང་པ་ལྟ་བུ་དང་། བུད་མེད་ཅིག་ལང་ཚོའི་དུས་ནས་རིམ་གྱིས་གཉེར་མ་དོད་པ་སོགས་ཀྱི་རྟགས་མངོན་ཚེ་ད་ནི་རྒས་འདུག་ཅེས་ཟེར་བ་བཞིན་ནོ། །འོན་ཀྱང་དོན་ལ་ནི་བུད་མེད་དེ་ལོ་གཅིག་གི་ནང་དུ་གློ་བུར་རྒས་པ་མིན་ལ། དེ་བཞིན་ཟླ་བ་དང་ཞག་མ་དང་ཆུ་ཚོད་གཅིག་གི་ནང་དུ་གློ་བུར་དུ་རྒས་པའང་མིན་པར། སྐྱེས་པའི་སྐད་ཅིག་མ་དེ་རང་ནས་བཟུང་སྟེ། སྐད་ཅིག་སྔ་མ་ཕྱི་མ་དང་མི་འདྲ་བར་འགྱུར་བ་སོང་བ་ཡིན་ཞིང་། དེ་འདྲའི་འགྱུར་བ་ཕྲ་མོ་དག་མཐུད་པ་ལས་མཐར་སྐྲ་ནག་པོ་དེ་རིམ་གྱིས་དཀར་པོར་འགྱུར་ཞིང་ །གདོང་གི་ཤ་གྲིམས་པ་ནས་རིམ་གྱིས་གཉེར་མ་དོད་པ་དང་། ལུས་དྲང་པོ་ནས་རིམ་གྱིས་སྒུར་བ་སོགས་ཀྱི་འགྱུར་བ་ཆེན་པོ་དེ་མངོན་པ་ཡིན་ནོ། །འགྱུར་བ་ཕྲ་མོ་དེ་རིགས་པས་དཔག་པ་ལས་མངོན་སུམ་གྱིས་མི་རྟོགས་ལ། ཕྱིས་དུས་ཡུན་ཅུང་རིང་པོའི་ནང་འགྱུར་བ་རགས་པ་མངོན་པའི་ཚེ་ད་གཟོད་རྒས་པ་མངོན་སུམ་གྱིས་རྟོགས་ཐུབ་པ་ཡིན་ནོ། །

གནས་པ་ཞེས་པ་ཡང་། རྒྱུན་ཅན་གྱི་སྐད་ཅིག་མ་མཐའ་ཐུག་པའི་སྟེང་ནས་བཤད་ན། དངོས་པོ་གང་ཡང་སྐྱེས་པའི་སྐད་ཅིག་མ་དེ་རང་གི་འོག་ཏུ་འཇིག་པར་འགྱུར་བ་ལས་རང་གི་ངོ་བོ་དེ་རང་མ་ཞིག་པར་སྐད་ཅིག་དུ་མར་གནས་པ་མེད་དོ། །འོན་ཀྱང་རྒྱུན་གྱི་སྟེང་ནས་བསམ་ན། ལྷས་བྱིན་ལྟ་བུ་བྱིས་པ་ནས་གཞོན་ནུ་དང་དར་མ་སོགས་ཀྱི་བར་རང་གི་རིགས་འདྲ་བར་མ་ཆད་པར་མཐུད་ནས་སྐྱེ་བ་ལ་གནས་པ་ཞེས་བྱ་ཞིང་། ནམ་ཞིག་རིས་མཐུན་པའི་སྲོག་དང་དབང་པོ་རྣམས་ལྡོག་ནས་ཤི་སྟེ་རང་གི་རིགས་འདྲ་ཞིག་ནས་རིགས་མི་འདྲ་བའི་དངོས་པོ་གཞན་ཞིག་ཏུ་གྱུར་ཚེ་ད་གཟོད་འཇིག་རྟེན་ན་འཇིག་པ་ཞེས་འབོད་དོ། །དཔེར་ན་དགོང་མོར་མར་མེ་ཞིག་སྤར་ནས་ནངས་དུས་བར་མར་མེའི་རིགས་འདྲ་མུ་མཐུད་སྐྱེ་ན། འཇིག་རྟེན་ན་མར་མེ་དེ་མཚན་ཐོག་ཐག་གནས་སོ་ཞེས་ཐ་སྙད་འདོགས་པ་ལྟ་བུ་སྟེ། དོན་ལ་ཞིབ་ཏུ་ཕྱེ་ན་མར་མེ་དེ་ལ་ཆ་ཤས་སྐད་ཅིག་མ་དུ་མ་ཡོད་ཅིང་། དེ་དག་སྔ་མ་སྔ་མ་ཞིག་ནས་ཕྱི་མ་ཕྱི་མ་བར་མ་ཆད་པར་སྐྱེ་བ་ཙམ་ལས་མར་མེ་གཅིག་རང་འགྱུར་བ་མ་སོང་བར་གནས་པ་མིན་ནོ། །

འཇིག་པ་ཞེས་པ་ནི་རྒྱུན་གྱི་དབང་དུ་བྱས་ན་དངོས་པོ་དེའི་རིགས་འདྲའི་རྒྱུན་ཞིག་ནས་རིགས་མི་འདྲ་བ་གཞན་ཞིག་ཏུ་གྱུར་པ་ལ་ཟེར་ཏེ། དཔེར་ན་རང་གི་སྡོད་ཁང་ལྟ་བུར་མཚོན་ན་གློ་བུར་ས་ཡོམ་བྱུང་ནས་ཞིག་སྟེ། སྔར་གྱི་ཁང་པ་དང་རིགས་མི་འདྲ་བའི་ས་ཕུང་ལྟ་བུར་གྱུར་ཚེ་འཇིག་རྟེན་ན་ཁང་པ་དེ་འཇིག་སོང་ཞེས་བརྗོད་པ་ལྟ་བུའོ། །འོན་ཀྱང་དེའི་དུས་སུ་ཁང་པ་དེའི་རིགས་འདྲ་མེད་པར་གྱུར་པ་ཙམ་ཡིན་གྱི། དེའི་རྫས་རྒྱུན་ཙམ་ནི་གཏན་ནས་མེད་པར་གྱུར་པ་མིན་ཏེ། ས་ཕུང་དུ་གྱུར་ཅིང་། ས་ཕུང་དེའང་རྫས་རྒྱུན་གཞན་དང་གཞན་དུ་འགྲོའོ། །དཔེར་ན་ཤིང་ཞིག་མེས་བསྲེགས་ན་ཤིང་དེ་ཞིག་ཀྱང་དེའི་རྫས་རྒྱུན་ནི་སོལ་བའི་ངོ་བོར་སོང་ལ། ཡང་སོལ་བ་ཐལ་བར་གྱུར་ཚེ་སོལ་བ་ཞིག་ཀྱང་དེའི་རྫས་རྒྱུན་མེད་པར་གྱུར་པ་མ་ཡིན་པར་ཐལ་བའི་ངོ་བོར་སོང་བ་ལྟ་བུ་སྟེ། དེ་ལྟར་རྒྱུ་དང་རྐྱེན་མི་འདྲ་བ་ཕྲད་པ་ལས་གཞན་དང་གཞན་དུ་འགྱུར་བ་ཡིན་ནོ། །དེ་ལྟ་ན་ཡང་ཕྱིས་ཀྱི་ས་ཕུང་དེ་སྔར་གྱི་ཁང་པ་མིན་པས་ཁང་པ་རྟག་པ་མིན་ལ། ས་ཕུང་དེ་ཁང་པ་དེའི་རྫས་རྒྱུན་ཡིན་པས་ཁང་པ་དེའི་རྫས་རྒྱུན་ཆད་པའང་མིན་ནོ། །

སྤྱིར་རྒྱུན་བཅས་ཀྱི་དངོས་པོ་རྣམས་མཐར་རིགས་འདྲ་འཇིག་པ་ཙམ་མ་ཟད་རྒྱུན་ཅན་གྱི་སྟེང་ནས་སྐད་ཅིག་མ་སྔ་མ་སྔ་མ་འཇིག་ནས་སྐད་ཅིག་མ་ཕྱི་མ་ཕྱི་མ་སྐྱེ་བ་སོགས་ཀྱིས་འཇིག་བཞིན་པ་ལས་མི་འཇིག་པར་གནས་པའི་སྐབས་ཡེ་མེད་དོ། །འོན་ཀྱང་བུམ་པ་ལྟ་བུ་ཐོ་བས་བརྡུངས་ནས་གྱོ་དུམ་དུ་འགྱུར་བ་ལྟ་བུའི་འགལ་རྐྱེན་མ་བྱུང་བར་དུ་རྫ་བུམ་ཡིན་པའི་རིགས་འདྲ་མུ་མཐུད་གནས་སྐབས་འཇིག་རྟེན་པ་དག་གིས་རྫ་བུམ་སྐད་ཅིག་མ་དང་པོ་དང་གཉིས་པ་སོགས་སོ་སོར་མི་ཕྱེད་པར་སྔ་མ་དེ་ཉིད་ཕྱི་མ་ཡིན་པར་བསམས་ཏེ། ད་ནངས་ཀྱི་རྫ་བུམ་དེ་དོ་ནུབ་ཀྱང་གནས་སོ་སྙམ་དུ་འཁྲུལ་བ་ཡིན་ནོ། །ནམ་ཞིག་རྫ་བུམ་ཐོ་བས་བརྡུངས་ནས་རྫ་བུམ་གྱི་ངོ་བོ་དོར་ཏེ་གྱོ་དུམ་ལྟ་བུ་རིགས་མི་འདྲ་བ་ཞིག་ཏུ་གྱུར་ཚེ་ད་གཟོད་འཇིག་རྟེན་པ་དག་གིས་ཀྱང་སྔར་གྱི་རྫ་བུམ་ཞིག་གོ་སྙམ་པ་དང་། དེ་ནི་མི་རྟག་པའོ་སྙམ་དུ་འདུ་ཤེས་སྐྱེ་ཞིང་ཐ་སྙད་བྱེད་དོ། །དཔེར་ན་མི་ཞིག་ལ་སྨན་གྱི་རིལ་བུ་དང་འདྲ་བའི་དུག་ཅིག་བྱིན་ན་མི་དེས་རིལ་བུ་དེ་ཟ་བའི་གནས་སྐབས་སུ་དུག་ཡིན་པར་མི་ཤེས་ཤིང་། དེ་ནི་ཕྱི་ཚུལ་ཙམ་དུ་སྨན་གྱི་རིལ་བུ་དང་འདྲ་བ་དེས་འཁྲུལ་བ་ཡིན་ནོ། །དེ་ནས་དུས་ཚོད་ཅུང་ཟད་ཕྱིན་རྗེས་ལུས་ཀྱི་ཆ་འགའི་མདོག་ནག་པོར་ཆགས་པ་དང་། ན་ཚ་ལྡང་བ་སོགས་དུག་ཟོས་པའི་རྟགས་རྣམས་ཕྱིར་མངོན་ཚེ་གཞི་ནས་སྔར་གྱི་དེ་དུག་ཡིན་པར་རྟོགས་ཤིང་དུག་གི་ཐ་སྙད་བྱེད་པ་ལྟ་བུའོ། །

ཡང་རྒྱུག་ཆུ་ཞིག་འབབ་སྐབས་སྟོད་ནས་འབབ་པའི་ཆུ་དེ་རིམ་གྱིས་སྨད་དུ་ཐོན་པ་ལྟ་བུར་སྣང་མོད། རྒྱུན་ཅན་གྱི་སྟེང་ནས་བཤད་ན་སྟོད་ན་འབབ་པའི་ཆུ་ནི་དེ་རང་དུ་འགག་ཟིན་པས་སྨད་དུ་འགྲོ་བ་མེད་ཅིང་། སྨད་ཀྱི་ཆུ་ནི་སྨད་དེ་རང་དུ་གསར་དུ་སྐྱེས་པས་སྔར་སྟོད་དུ་ཡོད་མ་མྱོང་ངོ་། །འོན་ཀྱང་སྟོད་ཀྱི་ཆུ་དེ་དང་རིགས་འདྲ་བའི་ཆུ་སྐད་ཅིག་མ་གཞན་དང་གཞན་བར་མ་ཆད་པར་ཡུལ་གཞན་དུ་གཞན་དུ་སྐྱེ་བ་མཐུད་ནས་རིམ་གྱིས་སྨད་དུ་འབབ་པ་ཡིན་ནོ། །འཇིག་རྟེན་པ་དག་གིས་སྟོད་སྨད་ཀྱི་ཆུ་སྐད་ཅིག་མ་རྣམས་སོ་སོ་མི་ཕྱེད་པར་འཁྲུལ་ནས་སྟོད་ཀྱི་ཆུ་དེ་རང་སྨད་དུ་ཐོན་པར་བསམས་ནས་འཁྲུལ་ཞིང་། འཁྲུལ་བའི་རྒྱུ་ནི། ཆུ་དེ་གཉིས་རིགས་འདྲ་བ་དང་། དེ་གཉིས་ཀྱི་སྔ་མ་འགག་པ་དང་ཕྱི་མ་སྐྱེ་བའི་བར་དུ་རིགས་མི་འདྲ་བའི་དངོས་པོ་གཞན་གྱིས་མ་ཆོད་པ་དང་། ནང་གི་བློ་ཞན་པ་སོགས་ཀྱིས་ཡིན་ནོ། །དཔེར་ན་གློ་བུར་དུ་ས་ཡོམ་ལྟ་བུ་བྱུང་སྟེ། ཁང་པ་དེ་ཞིག་ནས་ས་ཕུང་དུ་གྱུར་ཚེ་སྔར་གྱི་ཁང་པ་དེ་མི་རྟག་པར་རྟོགས་ཤིང་། རྟག་པར་མི་འཁྲུལ་ལ་དེ་ནི་ཁང་པའི་རིགས་འདྲ་མེད་པར་གྱུར་ནས་རིགས་མི་འདྲ་བའི་གཞན་ཞིག་ཏུ་གྱུར་པས་ཡིན་ནོ། །

ཡང་མཚན་མོའི་སྨག་ནག་གི་ནང་དུ་གློག་འཁྱུག་པའི་ཚེ། དང་པོ་གློག་གཅིག་འཁྱུགས། ཡང་ཅུང་ཟད་ནས་གློག་གཅིག་འཁྱུགས་པ་ན། གློག་སྔ་མ་དང་ཕྱི་མ་གཉིས་དེ་རིགས་འདྲ་ཡང་། སྔ་མ་དེ་ཕྱི་མ་དེའོ་སྙམ་དུ་འཁྲུལ་བ་མི་སྐྱེ་ལ། དེ་ནི་གློག་སྔ་མ་འགག་པ་དང་ཕྱི་མ་སྐྱེ་བའི་བར་དུ་མུན་ནག་ལྟ་བུ་གློག་དེ་དང་རིགས་མི་འདྲ་བའི་དངོས་པོ་གཞན་གྱིས་བར་ཆོད་པས་ཡིན་ནོ། །བློ་གྲོས་ཆེན་པོ་ཅན་ལ་ལས་ཁང་པ་ལྟ་བུ་རིགས་འདྲ་བར་མ་ཆད་པར་མཐུད་དེ་སྐྱེ་ཡང་སྐད་ཅིག་སྔ་ཕྱི་གཅིག་ཏུ་མི་འཁྲུལ་བར་འཇིག་པ་ཕྲ་མོ་ཡང་མངོན་སུམ་གྱིས་རྟོགས་པར་བཤད་ལ། དེ་ནི་ནང་གི་བློ་ཞན་པ་མེད་པས་ཡིན་ནོ། །

ཡང་མདོ་སྡེ་ལས་འདུས་བྱས་ཀྱི་མཚན་ཉིད་གསུམ་དུ་གསུངས་ཏེ། “འདུས་བྱས་སྐྱེ་བར་ཡང་མངོན་ནོ། །འཇིག་པར་ཡང་མངོན་ནོ། །གནས་པ་གཞན་དུ་འགྱུར་བ་ཉིད་དུ་ཡང་མངོན་ནོ། །”[3]ཞེས་གསུངས་པ་ལྟ་བུའོ། །འོ་ན་བཞིར་མི་གསུངས་པ་ཅི་ཞེ་ན། དོན་ལ་བཞི་ཡོད་ཀྱང་མདོའི་ནང་དུ་གནས་པ་གཞན་དུ་འགྱུར་བ་ཞེས་གནས་པ་དེ་རྒ་བ་དང་འབྲེལ་ནས་བསྟན་ཏོ། །དེའི་རྒྱུ་མཚན་ཅི་ཞེ་ན། གཅིག གང་ལ་བཀྲ་ཤིས་མ་ཡོད་པ་དེ་ན་སྣ་ནག་མ་ཡང་ཡོད་པའི་དཔེ་ལྟར། གང་ལ་གནས་པ་ཁྱད་པར་བ་ཡོད་པ་དེར་གདོན་མི་ཟ་བར་གཞན་དུ་འགྱུར་བ་ཡང་ཡོད་པར་བསྟན་པའི་སྒོ་ནས་འདུས་བྱས་ལ་རྟག་འཛིན་དགག་ཏེ་སྐྱོ་བ་སྐྱེ་བའི་ཆེད་དུ་ཡིན་ནོ། །གཉིས། འདུས་མ་བྱས་ལ་ཡང་གནས་པ་ཙམ་ཡོད་ཀྱང་། གཞན་དུ་འགྱུར་བ་དང་འབྲེལ་བའི་གནས་པ་ནི་མེད་པས། དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་དུ་གྱུར་པའི་གནས་པ་དེ་རྒ་བ་དང་འབྲེལ་ནས་བསྟན་པ་ཡིན་ནོ། །

མཚན་ཉིད་བཞི་དེའི་སྡོམ་ལྟ་བུ་ནི། དབྱིག་གཉེན་གྱི《མཛོད་རང་འགྲེལ》ལས།  “དེ་ལ་རྒྱུན་གྱི་དབང་པོ་ནི་སྐྱེ་བ་ཡིན་ནོ། །ལྡོག་པ་ནི་འཇིག་པ་ཡིན་ནོ། །རྒྱུན་དེ་ཉིད་རྗེས་སུ་འཇུག་པ་ནི་གནས་པ་ཡིན་ནོ། །དེའི་སྔ་ཕྱིའི་བྱེ་བྲག་ནི་གནས་པ་གཞན་དུ་འགྱུར་བ་ཉིད་ཡིན་ནོ། །”[4]ཞེས་སོ། །འདུས་བྱས་ཀྱི་ལྡོག་ཕྱོགས་ནི་འདུས་མ་བྱས་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །ནམ་མཁའ་ཞེས་པ་ང་ཚོའི་མིག་ཤེས་ཀྱིས་བར་སྣང་དུ་ལྟ་བའི་ཚེ་མཐོང་བའི་ཉིན་མོར་སྐྱ་སེང་ངེ་བ་དང་། བར་སྣང་གི་ཁ་དོག་སྔོན་པོ་དང་། མཚན་མོར་མུན་པ་ནག་ལམ་མེ་བ་མཐོང་བ་དག་མ་ཡིན་གྱི། བར་སྣང་དུ་ལག་པ་དབྱུག་པའི་ཚེ་ཐོགས་པ་དང་རེག་པ་མེད་ཅིང་དེ་ལྟ་བུ་ཐོགས་རེག་མེད་པ་དང་ཐོགས་རེག་བཀག་ཙམ་ལ་ནམ་མཁའ་ཞེས་མིང་བཏགས་སོ། །དེ་ནི་སྔར་མ་བྱུང་བ་ལས་ད་ལྟ་རྒྱུ་རྐྱེན་འདུས་ཏེ་བྱུང་བ་ཡང་མ་ཡིན་ལ། སྐད་ཅིག་སྔ་ཕྱི་མི་འདྲ་བའི་འགྱུར་བ་ཡང་མེད་ཅིང་། དེ་བཞིན་རང་གི་རིགས་འདྲ་སྔར་ཡོད་པ་ལ་ཕྱིས་འཇིག་པ་ཡང་མེད་དེ་དེ་ལྟ་བུ་ལ་འདུས་མ་བྱས་ཞེས་བྱའོ། །

གསུམ། སྐད་ཅིག་དང་རྒྱུན་གང་ལ་འཇོག་པ།

འདུས་བྱས་ཀྱི་མཚན་ཉིད་བཞི་ལས་རྒ་བ་དང་གནས་པ་གཉིས་ནི་རྒྱུན་ཁོ་ན་ལ་འཇོག་ཅིང་། སྐྱེ་བ་དང་འཇིག་པ་གཉིས་ནི་རྒྱུན་དང་སྐད་ཅིག་མ་ཐམས་ཅད་ལ་འཇོག་པ་ཡིན་ནོ། །དེ་ཡང་རྒ་བ་ཞེས་པ་སྐད་ཅིག་མ་སྔ་མ་དང་ཕྱི་མ་མི་འདྲ་བའི་འགྱུར་བ་ལ་ཟེར་ཞིང་། དེ་ནི་སྐད་ཅིག་མ་དུ་མ་མཐུད་པ་ལ་རུང་གི་དུས་ཀྱི་ཆ་འབྱེད་དུ་མེད་པའི་སྐད་ཅིག་མ་གཅིག་ལ་མི་རུང་སྟེ། དེ་ལ་གང་ཞིག་གང་དང་མི་འདྲ་བའི་སྔ་ཕྱིའི་ཆ་འབྱེད་དུ་མེད་པས་སོ། །དེ་བཞིན་གནས་པ་ཞེས་པའང་སྐད་ཅིག་མ་དུ་མ་ལ་རང་གི་རིགས་འདྲ་མ་ཞིག་པ་ལ་ཟེར་བས་རྒྱུན་ལ་འཇོག་པ་ཡིན་ནོ།  །གལ་ཏེ་སྐད་ཅིག་ཆ་མེད་ཀྱི་དངོས་པོ་ཁས་ལེན་པའི་ལུགས་ལ་སྐད་ཅིག་མ་གཅིག་ལ་སྡོད་ཅིང་དེའི་འོག་ཏུ་རང་ཉིད་འཇིག་པར་འགྱུར་བས། སྐད་ཅིག་མ་གཅིག་ལ་ཡང་གནས་པ་འཇོག་ཏུ་རུང་ན་ཅིའི་ཕྱིར་གནས་པ་ཞེས་པ་དེ་རྒྱུན་ཁོ་ན་ལ་འཇོག་ཅེ་ན། སྐད་ཅིག་མ་གཅིག་ལ་བསྡད་ཀྱང་དེ་ལ་གནས་པའི་ཐ་སྙད་མི་སྦྱོར་ཞིང་། རིགས་འདྲ་སྐད་ཅིག་མ་དུ་མ་ལ་མཐུད་དེ་སྐྱེ་བ་ལ་གནས་པའི་ཐ་སྙད་སྦྱོར་བ་ནི་རྒྱ་གར་གྱི་མཚན་ཉིད་པ་རྣམས་ཀྱི་ལུགས་སུ་སྣང་། མཚན་ཉིད་བཞི་དེ་རྒྱུན་དང་སྐད་ཅིག་མ་གང་ལ་འཇོག་མིན་གྱི་རྩོད་པ་རྩོད་ལན་རིང་པོ་ཞིག《མཛོད་འགྲེལ》གནས་གཉིས་པའི་ནང་དུ་གསུངས་སོ། །ཡང་སྐད་ཅིག་མ་གཅིག་ལ་བསྡད་པ་ལ་གནས་པའི་ཐ་སྙད་མི་སྦྱོར་བའི་རྒྱུ་མཚན་དུ་། སྐད་ཅིག་མ་གཅིག་ལ་གནས་པས་གནས་སོ་ཞེས་བྱར་མི་རུང་སྟེ་དེ་ནི་མི་གནས་པའི་མཐའ་ཐུག་པ་ཡིན་པའི་ཕྱིར་རོ་ཞེས་རིགས་པ་ཡང་སྨྲ་བར་བྱེད་དོ། །

རྒ་བ་ཞེས་པ་རྒྱུན་ཁོ་ན་ལ་འཇོག་པ་ཤེས་སླ་ཞིང་། 《གང་སྤེལ》ལས་ཀྱང་།  “དེ་ལྟ་བས་ན་དངོས་པོ་སྐད་ཅིག་མ་གཅིག་ལ་རྒ་བ་ཞེས་བྱ་བ་མི་འཐད་དེ། འོ་ན་ཅི་ཞེ་ན། རྒྱུན་ཁོ་ན་ལ་འཐད་དོ། །”[5]ཞེས་གསུངས་ལ། གནས་པ་རྒྱུན་ཁོ་ན་ལ་འཇོག་པའི་ཁུངས་མང་ཡང་མཚོན་བྱེད་ཙམ་ནི། 《མཛོད་རང་འགྲེལ》ལས།  “དེ་ལྟ་བས་ན་གནས་པ་ནི་རྒྱུན་ཁོ་ན་ཡིན་ནོ། །”[6]ཞེས་གསུངས་པ་ལྟ་བུའོ། །དེས་ན་རྒ་བ་དང་གནས་པ་གཉིས་ནི་རྒྱུན་གྱི་དངོས་པོ་ཁོ་ན་ལ་ཡོད་ཅིང་གཞན་ལ་མེད་པའི་ཕྱིར་འདུས་བྱས་ཐམས་ཅད་ལ་ཁྱབ་པའི་མཚན་ཉིད་མིན་ལ། སྔར་མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་ཞེས་བཏགས་པ་དང་། བྱུང་ནས་ཀྱང་མི་འབྱུང་བ་ལ་འཇིག་པ་ཞེས་བཏགས་པ་གཉིས་ནི་སྐད་ཅིག་མ་རེ་རེ་ནས་ཀྱང་རུང་བས་དེ་ནི་འདུས་བྱས་ཡིན་ནོ་ཅོག་ལ་ཁྱབ་པ་ཡིན་ནོ། །འོན་ཀྱང་མདོ་ལས་མཚན་ཉིད་བཞི་གསུངས་སྐབས་སུ་རྒྱུན་གྱི་དངོས་པོའི་སྟེང་ནས་གསུངས་ཤིང་། དེའི་རྒྱུ་མཚན་ཅི་ཞེ་ན། སྐད་ཅིག་མའི་སྟེང་དུ་སྐྱེ་བ་དང་འཇིག་པ་ཡོད་ཀྱང་སོ་སྐྱེའི་མངོན་སུམ་གྱིས་མི་རྟོགས་ཤིང་། རྒྱུན་གྱི་དངོས་པོའི་སྟེང་དུ་སྐྱེ་འཇིག་སོགས་མངོན་སུམ་གྱིས་རྟོགས་ཐུབ་པས་དེས་ན་རྒྱུན་གྱི་དངོས་པོའི་སྟེང་ནས་གསུངས་པར་མཛད་དོ། །དེ་ཡང་དུས་ཀྱི་ཆ་མེད་ཀྱི་དངོས་པོ་ཁས་ལེན་པ་ན་ཡིན་གྱི། དུས་ཀྱི་ཆ་མེད་ཁས་མི་ལེན་པའི་ལུགས་ལ་མཚན་ཉིད་བཞི་ཀ་རྒྱུན་ལ་འཇོག་དགོས་པ་སྨོས་མ་དགོས་སོ། །དེ་ལྟར་སྐྱེ་གནས་རྒ་འཇིག་བཞི་དེ་རྒྱུན་བཅས་ཀྱི་དངོས་པོ་ཐམས་ཅད་ལ་ཚང་ཡང་སྔ་མོའི་ནང་པའི་གཞུང་དུ་གཙོ་བོ་ནང་གི་སྲོག་ཆགས་རྣམས་ཀྱི་སྟེང་ནས་བཤད་ཅིང་། ཕྱི་རོལ་གྱི་གོ་ལ་སོགས་ནི་ཆགས་པ་དང་འཇིག་པའི་སྒོ་ནས་བཤད་པར་མཛད་དོ། །

བཞི། རྫས་བཏགས་གང་ཡིན། གནའ་བོའི་ནང་པའི་གྲུབ་མཐའ་སྨྲ་བ་བྱེ་སྨྲས་འདུས་བྱས་ཀྱི་མཚན་ཉིད་བཞི་དེ་རྫས་ཡོད་དུ་འདོད་ཅིང་། རྫས་ཡོད་དུ་འདོད་ཚུལ་ནི། དཔེར་ན་ལྷས་བྱིན་ལྟ་བུར་མཚོན་ན་དེའི་སྐྱེ་བ་ཞེས་པ་དེ་ལྷས་བྱིན་གྱི་གཟུགས་ཕུང་དང་། དེའི་ཤེས་པ་རྣམས་སྔར་མེད་པ་ལ་ཕྱིས་རྒྱུ་རྐྱེན་འདུས་པ་ལས་རང་གི་བདག་ཉིད་གསར་དུ་ཐོབ་པ་ཙམ་ལ་མིང་བཏགས་པ་མ་ཡིན་པར། རྟ་ལས་ལོགས་སུ་དེའི་སྒ་ཡོད་པ་དང་། ཆུ་ལས་ལོགས་སུ་དེའི་གྲམ་པ་ཡོད་པ་དང་། སྤྲང་པོ་ལས་ལོགས་སུ་དེའི་དབྱུག་པ་ཡོད་པ་ལྟར། ལྷས་བྱིན་གྱི་གཟུགས་ཕུང་དང་དེའི་ཤེས་པ་ལས་རྫས་ལོགས་སུ་དེ་དག་གང་གིས་སྐྱེ་བར་བྱེད་པ་པོ་དངོས་པོ་རྫས་ཡོད་པ་ཞིག་ཡོད་པར་འདོད་དོ། །དེ་བཞིན་མཚན་ཉིད་ཕྱི་མ་དག་ཀྱང་དེའི་གཟུགས་ཤེས་ཀྱི་ཕུང་པོ་གང་གིས་གནས་པར་བྱེད་པ་པོ་དང་། གང་གིས་རྒ་བ་བྱེད་པ་པོ་དང་། གང་གིས་འཇིག་པ་བྱེད་པ་པོ་རུ་རིམ་པ་བཞིན་ལྷས་བྱིན་གྱི་གཟུགས་ཤེས་ཀྱི་ཕུང་པོ་ལས་ལོགས་སུ་གནས་པ་དང་རྒ་བ་དང་འཇིག་པ་རྫས་སུ་ཡོད་པ་ཞིག་འདོད་དེ། ལུགས་དེ་ལ་བུམ་པ་ལྟ་བུ་སྐྱེ་བའི་ཚེ་དེའི་མཚན་ཉིད་བཞི་དང་། མཚན་ཉིད་བཞི་དེ་གང་གིས་སྐྱེ་གནས་རྒ་འཇིག་བྱེད་པའི་རྗེས་མཐུན་གྱི་མཚན་ཉིད་བཞི་བཅས་དངོས་པོ་རྫས་ཐ་དད་པ་དགུ་ལྷན་ཅིག་ཏུ་སྐྱེ་བར་འདོད་པ་ཡིན་ནོ། །འོན་ཀྱང་མདོ་སྡེ་པ་སོགས་ཀྱིས་མཚན་ཉིད་བཞི་ཀ་བཏགས་ཡོད་དུ་འདོད་ཅིང་། བཏགས་ཡོད་དུ་འདོད་ཚུལ་ནི། ལྷས་བྱིན་གྱི་སྐྱེ་བ་ཞེས་པ་ནི་ལྷས་བྱིན་རང་ཉིད་སྔར་མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་མིང་བཏགས་པ་ཙམ་ཡིན་གྱི། ལྷས་བྱིན་གྱི་ཕུང་པོ་དག་ལས་རྫས་ལོགས་སུ་སྐྱེ་བ་ཞེས་པ་ཅི་ཡང་མེད་དེ། དཔེར་ན་རྟ་དང་གླང་པོ་དང་ཤིང་རྟ་དང་རྐང་ཐང་སོགས་དུ་མ་འདུས་པའི་ཁྱད་པར་ཞིག་ལ་དམག་ཅེས་མིང་བཏགས་ཀྱི་དེ་དག་ལས་ལོགས་སུ་དམག་ཅེས་པ་ཞིག་མེད་པ་ལྟ་བུའོ། །

དེ་བཞིན་གཟུགས་ཕུང་ལྟ་བུར་མཚོན་ན་དེ་རང་ཉིད་རིགས་འདྲ་སྐད་ཅིག་མ་དུ་མ་ལ་མཚམས་སྦྱོར་བ་དང་། རང་ཉིད་ཀྱི་སྐད་ཅིག་སྔ་ཕྱི་མི་འདྲ་བར་འགྱུར་བ་དང་། བྱུང་ནས་འཇིག་པ་སོགས་ལ་རིམ་པ་བཞིན་གནས་པ་དང་རྒ་བ་དང་འཇིག་པ་ཞེས་བཏགས་ཀྱི་གཟུགས་ཀྱི་རྡུལ་དག་ལས་ལོགས་སུ་དེའི་གནས་པ་དང་རྒ་བ་དང་འཇིག་པ་ཞེས་པ་རྫས་སུ་ཡོད་པ་ཞིག་མེད་དོ། །དེའི་སྐོར་གྱི་བྱེ་མདོའི་འདོད་ཚུལ་དང་རྩོད་པ་རྒྱས་པ་ནི་དབྱིག་གཉེན་གྱི《མངོན་པ་མཛོད》གནས་གཉིས་པ་དང་། དེའི་འགྲེལ་པ《གང་སྤེལ་མ》དང་། 《རྒྱལ་སྲས་མ》སོགས་སུ་ཤིན་ཏུ་གོ་བདེ་བའི་སྒོ་ནས་བཤད་ཡོད་དོ། །

གལ་ཏེ་ལྷས་བྱིན་གྱི་ཕུང་པོ་ལས་ལོགས་སུ་དེའི་སྐྱེ་བ་མེད་ན། འོ་ན་ལྷས་བྱིན་གྱི་སྐྱེ་བ་ཞེས་ལྷས་བྱིན་དང་སྐྱེ་བ་གཉིས་ཀྱི་བར་དུ་དྲུག་སྒྲ་སྦྱར་བས་དེ་གཉིས་རྫས་ལོགས་ལོགས་པ་གཉིས་ཡོད་པ་ལྟ་བུར་གོ་བ་ཅི་ཞེ་ན། དེ་ནི་ནམ་རྒྱུན་ལྷས་བྱིན་གྱི་རིལ་བ་དང་། རྒྱལ་པོའི་འབངས་དང་། སྤྲང་པོའི་དབྱུག་པ་ཞེས་པ་ལྟ་བུ་དྲུག་སྒྲ་རྫས་ཐ་དད་པ་ལ་མང་དུ་སྦྱར་བ་ཐོས་ཤིང་། དེའི་ཤན་ཞུགས་ནས་ངོ་བོ་གཅིག་པའི་བར་དུ་དྲུག་སྒྲ་སྦྱར་ན་ཡང་ངོ་བོ་ཐ་དད་པ་ལྟ་བུར་གོ་བ་ཡིན་ནོ་ཞེས་ཚད་མ་བ་དག་གིས་སྨྲས་ཤིང་། གཞན་ཡང་ལྷས་བྱིན་ལས་དེའི་སྐྱེ་བ་ལོགས་སུ་མེད་ན་བསྟན་བཅོས་དག་ཏུ་ལྷས་བྱིན་ཞེས་པ་གཅིག་པུས་མི་ཆོག་པར་ལྷས་བྱིན་གྱི་སྐྱེ་བ་ཞེས་ལྷས་བྱིན་དང་སྐྱེ་བ་གཉིས་ཀའི་སྒྲ་སྦྱོར་བ་ཅི་ཡིན་ཞེ་ན། དེ་ལྟར་སྒྲ་འཇུག་པའི་རྒྱུ་དང་། སྒྲ་སྦྱོར་བའི་དགོས་པ། སྒྲས་བསྟན་པ་དང་ཡུལ་གྱི་གནས་ཚོད་གཉིས་མཐུན་མིན་སོགས་ཀྱི་གཞུང་ལུགས་ཀྱི་རྩིག་རྨང་ལྟ་བུ་ཞིག་མཛོད་འགྲེལ་དུ་གསུངས་ཤིང་། དེའི་སྟེང་ཕྱིས་སུ་ཕྱོགས་གླང་དང་ཆོས་གྲགས་ཀྱིས་ཞིབ་ཏུ་ཁ་བསྐང་བར་མཛད་དེ། རྒྱས་པ་དེ་དག་ཏུ་བལྟའོ། །

 


ལུང་ཁུངས།

[1] [3] [4] [6]སློབ་དཔོན་དབྱིག་གཉེན།《མངོན་པ་མཛོད་རང་འགྲེལ།》སྡེ་དགེའི《བསྟན་འགྱུར་》ཤིང་པར། མངོན་པ། [ཀུ] ཤོག་ངོས་56་ན་གསལ། ཤོག་ངོས་162་ན་གསལ། ཤོག་ངོས་162་ན་གསལ། ཤོག་ངོས་163་ན་གསལ།

[2]ཀཱ་མ་ལ་ཤི་ལ།  《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།》སྡེ་དགེའི《བསྟན་འགྱུར་》ཤིང་པར། ཚད་མ། [ཟེ] ཤོག་ངོས་288་ན་གསལ།

[5] གང་སྤེལ།《མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་སུ་འབྲངས་པ་ཞེས་བྱ་བ།》སྡེ་དགེའི《བསྟན་འགྱུར》ཤིང་པར། མངོན་པ། [ཅུ] ཤོག་ངོས་138་ན་གསལ།

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4763