གོ་ལའི་གཙུག་གི་མགོ་ནག་སྐྱེ་བོའི་རྗེ་བོ་ཡིས་ཀྱང་རྗེ་བོར་བཀུར་ཏེ་གངས་ཀྱི་ཡུལ་དུ་ངུར་སྨྲིག་རྒྱལ་མཚན་བཙུགས་མཛད་ཅིང་། །
འཕགས་པའི་ཡུལ་གྱི་རྒོལ་ངན་གླང་པོའི་རི་དྭགས་རྣ་བ་འགེམས་པར་བྱས་ཏེ་བཤད་སྒྲུབ་བསྟན་པ་འཛིན་པར་མཛད་ལ་གུས་བཏུད་ནས། །
རྒྱན་དང་རྒྱན་འགྲེལ་སྒོམ་རིམ་གསུམ་དང་སྣང་བ་ལ་སོགས་ཚུལ་གཉིས་སྟོན་པའི་གཞུང་ལུཊ་ཀུན་ལ་ཐོས་དང་བསམ་པས་ལེཊ་བརྟཊ་ནས། །
མཐོང་བའི་དོན་རྣམས་མཐོང་བ་ཇི་བཞིན་ཡིད་ལ་ངེས་ཕྱིར་ཡི་གེའི་ལམ་ནས་འཕྲུལ་གྱི་མེ་ལོང་ཡངས་པའི་ངོགས་ལ་དགོད་པར་བྱ། །
དང་པོ་ཚུལ་གཉིས་ཟུང་འཇུག་གི་ཤིང་རྟའི་སྲོལ་ཇི་ལྟར་ཕྱེས་ཚུལ།
སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་གྱི་ཁམས་སུ་བྱོན་ཏེ་ཐེག་པ་ཆེན་པོའི་བཀའི་དགོངས་པ་ངོ་བོ་ཉིད་མེད་པའི་ལུགས་སུ་བཀྲལ། དེ་ནས་འཕགས་པ་ཐོགས་མེད་ཅེས་བྱ་བ་བྱོན་ནས་ཐེག་པ་ཆེན་པོའི་བཀའི་དགོངས་པ་སེམས་ཙམ་དུ་བཀྲལ། དེ་ནས་ཕྱི་ལོའི་བརྒྱ་ཕྲག་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་བྱོན་ཏེ་ཐ་སྙད་ཀྱི་གནས་ཚུལ་སེམས་ཙམ་དུ་བསྒྲུབས་ཤིང་། དོན་དམ་གྱི་རྣམ་གཞག་ངོ་བོ་ཉིད་མེད་པའི་ལུགས་སུ་བཀྲལ་བའི་བསྟན་བཅོས་དབུ་མ་རྒྱན་རྩ་འགྲེལ་མཛད་དེ། ཚུལ་གཉིས་ཟུང་འཇུག་གི་ཤིང་རྟའི་སྲོལ་ལེགས་པར་ཕྱེས་པ་ཡིན་ཏེ། ལོ་ཆེན་ཡེ་ཤེས་སྡེས་མཛད་པའི་ལྟ་བའི་ཁྱད་པར་ལས། ཨཱ་ཙཱརྱ་ནཱ་གཱ་རྫུ་ནས་དབུ་མའི་ཀཱ་རི་ཀཱ་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་བྱ་བ་དང་། དབུ་མའི་སྙིང་པོ་ཞེས་བྱ་བ་མཛད་པ་དང་། བར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་ཞེས་བྱ་བས་ཨཱ་ཙཱརྱ་ཨ་སཾ་གས་རྣམ་པར་ཤེས་པ་ཙམ་དུ་བཤད་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་མཛད་པ་ལ་བརྟེན་ཏེ། ཀུན་རྫོབ་ཏུ་དེའི་ལུགས་དང་མཐུན་པར་རྣམ་པར་ཤེས་པ་ཙམ་དུ་བསྒྲུབས་ལ། དོན་དམ་པར་རྣམ་པར་ཤེས་པ་ཡང་རང་བཞིན་མེད་པར་བཤད་པའི་དབུ་མའི་བསྟན་བཅོས་དབུ་མའི་རྒྱན་ཞེས་བྱ་བ་ཞིག་མཛད་དེ། ཞེས་གསུངས་པ་ལྟར་རོ། །དེ་ནས་དེའི་དངོས་སློབ་ཀ་མ་ལ་ཤཱི་ལས་དབུ་མ་རྒྱན་གྱི་དཀའ་འགྲེལ་དང་། དབུ་མ་སྣང་བ། དེ་ཁོ་ན་ཉིད་སྣང་བའི་རབ་ཏུ་བྱེད་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། བསྒོམ་རིམ་གསུམ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ། ཤེར་ཕྱིན་བདུན་བརྒྱ་པའི་འགྲེལ་པ། རྡོ་རྗེ་གཅོད་པའི་འགྲེལ་པ། ཟབ་མདོའི་འགྲེལ་པ་བཅས་མཛད་དེ་ཚུལ་གཉིས་ཟུང་འཇུག་གི་དོན་གསལ་བར་བཀྲལ་བ་ཡིན་ནོ། །
གཞུང་དེ་དག་ལས་རྒྱས་ཤོས་ནི་རྒྱན་རང་འགྲེལ་དང་དཀའ་འགྲེལ། དབུ་མ་སྣང་བ་བཅས་ཡིན་ལ། རྒྱན་རྩ་འགྲེལ་ལས་ཕྱི་ནང་གི་གྲུབ་པའི་མཐའ་སྨྲ་བ་མང་པོའི་ལུགས་བཀག་སྟེ་ངོ་བོ་ཉིད་མེད་པའི་ལུགས་བསྒྲུབས་ཤིང་། དབུ་མ་སྣང་བ་ནི་སེམས་ཙམ་པའི་ལུགས་ཁོ་ན་འགོག་པར་བྱ་བའི་ཕྱིར་བརྩམས་པ་ཡིན་ཏེ། དེ་ཉིད་ལས། འདི་ན་མི་མཁས་གང་དག་ལྟ་བ་ཉམས་པས་དངོས་ལ་ཞེན་པའི་གདོན་ཆེན་གྱིས། །ཟིན་པའི་དབང་གིས་བློ་གྲོས་ཉམས་པས་ཆེ་བའི་ཆེ་བ་ཀླུ་སྒྲུབ་ལ་སོགས་ལ། །སྨོད་པར་བྱེད་ཀྱང་བདག་ཉིད་ཕུང་བ་འབའ་ཞིག་བྱེད་དུ་ཟད་པ་དེ་དག་གི། །འབྱུང་པོའི་གདོན་རྣམས་ཞི་བར་བྱ་ཕྱིར་སྙིང་རྗེའི་གསོ་བའི་ཐབས་ནི་བརྩམ་པར་བྱ། །ཞེས་རྩོམ་པར་དམ་བཅས་ཤིང་། གཞུང་གི་དངོས་གཞིའི་སྐབས་སུ་སེམས་ཙམ་པའི་ལུགས་ཁོ་ན་བཀག་པའི་ཕྱིར་རོ། །
དེ་ཡང་དབུ་མ་སྣང་བའི་གཞུང་ཚན་སོ་སོར་བགོས་ན་ཕྱོགས་སྔའི་ལུགས་བརྗོད་པ་དང་། དེ་ལུང་གིས་འགོག་པ། རིགས་པས་འགོག་པ་བཅས་གསུམ་དུ་འདུས་ཤིང་། སེམས་ཙམ་པས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ལུང་གིས་མི་འགྲུབ་སྟེ། དེ་སུས་ཀྱང་ཁས་མི་ལེན་པའི་ཕྱིར། རིགས་པས་ཀྱང་མི་འགྲུབ་སྟེ། མངོན་སུམ་དང་རྗེས་དཔག་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །ཞེས་སྨྲས་པ་སྔ་རྒོལ་དུ་བཟུང་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ལུང་དང་རིགས་པ་གཉིས་ཀས་བསྒྲུབས་ཤིང་། སེམས་ཙམ་པ་རྣམས་ཀྱིས་ལུང་སུས་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །ཞེས་པ་ལུང་ཐམས་ཅད་ཁས་ལེན་མི་རིགས་པར་འདོད་པ་ཡིན་ནམ། དཔྱད་གསུམ་གྱིས་དག་པའི་ལུང་ཁོ་ན་ཁས་ལེན་རིགས་པར་འདོད་པ་ཡིན། དང་པོ་ལྟར་ན་སུས་ཀྱང་ལུང་ལ་བརྟེན་མི་རིགས་པར་འགྱུར་ནའང་། སྐྱེ་བོ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ནི་ལུང་ལ་བརྟེན་པར་མཛད་དེ། ཚོང་པ་བླུན་པོས་རིན་བྲལ་གྱི་ནོར་བུ་རིན་པོ་ཆེ་ངོ་མ་ཤེས་ནས་བོར་རུང་། བློ་གྲོས་དང་ལྡན་པའི་ཚོང་པས་ནི་མི་འདོར་བ་བཞིན་ནོ། །གཉིས་པ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཅིའི་ཕྱིར་ཁས་མི་ལེན་ཏེ། དེ་དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་བློ་གྲོས་དམན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པར་རང་སྟོབས་ཀྱིས་དགྲོལ་བར་བྱ་མི་ནུས་ན། འཕགས་པ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་ཀྱི་གཞུང་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་གསལ་བར་བཀྲལ་བའི་རྗེས་སུ་འབྲངས་ནས་ཀྱང་ཅིའི་ཕྱིར་རྟོགས་པར་མི་འགྱུར། དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པའི་ལམ་བོར་ནས་འཕགས་པ་མ་ཡིན་པས་བསྟན་པའི་ལམ་ལ་བརྟེན་པ་མི་རིགས་པར་གསུངས་སོ། །སེམས་ཙམ་པ་རྣམས་ནི་ཐོགས་མེད་ཀྱི་རྗེས་སུ་འབྲངས་བའི་ཕྱིར་འདིར་འཕགས་པ་མ་ཡིན་པ་ཞེས་པ་ཐོགས་མེད་ལ་གོ་དགོས་མིན་དཔྱད།
ངོ་བོ་ཉིད་མེད་པར་རིགས་པས་སྒྲུབ་པའི་སྐབས་བདག་སྐྱེ་བཀག་པའང་གྲངས་ཅན་པའི་ངོར་བཀག་པ་མ་ཡིན་གྱི། སེམས་ཙམ་པའི་ངོར་རྒྱུ་འབྲས་དོན་དམ་དུ་མ་གྲུབ་སྟེ། གྲངས་ཅན་གྱིས་འདོད་པའི་བདག་སྐྱེའང་མ་གྲུབ། ཁྱེད་ཅག་གིས་འདོད་པའི་གཞན་སྐྱེའང་དོན་དམ་པར་མ་གྲུབ། གཅེར་བུ་པས་འདོད་པའི་གཉིས་ཀ་ལས་སྐྱེ་བའང་མ་གྲུབ། རྒྱང་འཕེན་པས་འདོད་པའི་རྒྱུ་མེད་ལས་སྐྱེ་བའང་མ་གྲུབ་པའི་ཕྱིར་ཞེས་འགོག་པ་ཡིན་ནོ། །
གཉིས་པ་དོན་དམ་གྱི་རྣམ་གཞག་ཇི་ལྟར་འཇོག་ཚུལ།
ཞི་འཚོ་ཡབ་སྲས་ཀྱིས་དོན་དམ་ལ་བདེན་སྟོང་མེད་དགག་དུ་གྱུར་པའི་རྣམ་གྲངས་པ་དང་། དགག་སྒྲུབ་ཐམས་ཅད་ལས་འདས་པའི་རྣམ་གྲངས་མ་ཡིན་པ་གཉིས་སུ་འདོད་ཅིང་། དེ་གཉིས་ཀའང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་གཏན་ལ་འབེབས་པར་བྱེད་དོ། །དེ་ཡང་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་སྐབས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ནི་ཤེས་པར་སླ་ལ། རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་སྐབས་ཀྱང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་གཏན་ལ་འབེབས་པར་མཛད་དེ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བར་དོན་དམ་གཏན་ལ་འབེབས་པའི་འདི་པའི་གཞུང་མི་སྣང་ཞིང་། དབུ་མ་རྒྱན་ལས། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་ཡང་དག་གི་སྒྲ་སྦྱར་བ་དང་། རང་འགྲེལ་ལས་ཀྱང་།༢༧༢ དོན་དམ་པར་ན་དངོས་པོ་འདི་དག་ཐམས་ཅད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ན། ཞེས་དང་། བསྒོམ་རིམ་དང་པོ་ལས།༡༦ དེ་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་སྐྱེ་བ་མེད་པ་བདེན་ནོ་ཞེས་གསུངས་ཀྱི། དོན་དམ་པར་ནི་སྐྱེ་བ་ཡང་མ་ཡིན། མི་སྐྱེ་བ་ཡང་མ་ཡིན་ཏེ། དེ་ཐ་སྙད་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཞེས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་གསུངས་པའི་ཕྱིར་རོ། །
དབུ་མ་སྣང་བ་ལས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བའི་འཁོར་ལོ་བར་པ་ཐམས་ཅད་སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཕྱིར། མདོ་སྡེ་དགོངས་འགྲེལ་གསུངས་པར་བཤད་པས་ཀྱང་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་སྐབས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་པར་གྲུབ་སྟེ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བར་སྟོང་ཉིད་གཏན་ལ་འབེབས་པ་ནི་འཁོར་ལོ་བར་པའི་དགོངས་པ་མིན་པར་བསྟན་པའི་ཕྱིར་རོ། །
གཞན་ཡང་དབུ་མ་རང་རྒྱུད་པས་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་སྐབས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་མི་དགོས་ན། རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་སྐབས་ཀྱང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་མི་དགོས་ཏེ། རང་རྒྱུད་པས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་པའང་དོན་དམ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་གསུངས་པ་དང་། བདེན་སྟོང་མེད་དགག་གཅིག་དུ་བྲལ་སོགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའང་དོན་དམ་པ་གཏན་ལ་འབེབས་པའི་དབང་དུ་བྱས་པའི་ཕྱིར་རྣམ་གྲངས་པའི་དོན་དམ་ནི་དོན་དམ་དངོས་མ་ཡིན་ཀྱང་དོན་དམ་དུ་བཞག་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། ༥༢ དེ་ལྟར་ན་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་གང་ཅུང་ཟད་ཇི་ཙམ་དུ་སྐྱེ་བ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་དོན་དམ་པའི་དབང་དུ་བསྟན་པར་མཛད་པ་དེ་ཐམས་ཅད་ནི་ངེས་པའི་དོན་དུ་གཟུང་བར་བྱ་ལ་བཟློག་པ་ནི་དྲང་བའི་དོན་ཏོ། །ཞེས་སོ། །
དེ་ལྟ་ན་རྒྱན་རང་འགྲེལ་ལས།༢༦༦ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དབུ་མ་སྙིང་པོའི་ལུང་དྲངས་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་རྟོགས་པ་ལ་ངེས་པར་དུ་རྣམ་གྲངས་པའི་དོན་དམ་རྟོགས་པ་ལ་བརྟེན་དགོས་པར་གསུངས་པའི་གནད་ཀྱང་རྟོགས་པར་འགྱུར་རོ།།
གསུམ་པ་ཐ་སྙད་ཀྱི་རྣམ་གཞག་ཇི་ལྟར་འཇོག་ཚུལ།
དབུ་མ་རྒྱན་ལས། རྒྱུ་དང་འབྲས་བུར་གྱུར་པ་ཡང་། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་གསུངས་ཏེ་ཐ་སྙད་ཀྱི་གནས་ཚུལ་ལ་ཕྱི་དོན་མི་འདོད་པའི་རྣམ་གཞག་མཛད་མོད་ཀྱི། ཐ་སྙད་དུ་ཕྱི་དོན་གཏན་མི་འདོད་པ་ནི་མ་ཡིན་ཏེ། རྒྱན་རང་འགྲེལ་ལས།༢༥༩དེ་བས་ན་དཀོན་མཆོག་སྤྲིན་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་སུ་ཡང་འདོགས་ལ། དོན་དམ་པར་གཟུགས་སུ་ཡང་མི་དམིགས་ཤིང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་རྒྱ་ཆེར་གསུངས་སོ། །ཞེས་དང་། དབུ་མ་སྣང་བ་ལས།༡༤༩ ཁོ་བོ་ཅག་ལ་ནི་གཟུགས་ལ་སོགས་པ་ཐ་སྙད་དུ་ཡང་རབ་ཏུ་མ་གྲུབ་པ་མ་ཡིན་ནོ། །ཞེས་སོ། །
འོ་ན་ཐ་སྙད་ཀྱི་གནས་ཚུལ་ལ་ཕྱི་དོན་མེད་པའི་སྒྲུབ་བྱེད་གང་ཞེ་ན། འདི་ལ་ལུང་དང་རིགས་པ་གཉིས་ལས། ལུང་ནི་རྒྱན་རང་འགྲེལ་ལས།༢༨༡ དེ་ལྟར་བྱས་ན་སྟུག་པོ་བཀོད་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་འབྱུང་བ་ཐམས་ཅད་དང་མཐུན་པ་ཡིན་ནོ། །ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་བསྟན་པ་འདི་ཡང་ལེགས་པར་བཤད་པ་ཡིན་ནོ་སྙམ་དུ་སེམས་སོ། །ཞེས་གསུངས་ཤིང་། རྒྱན་གྱི་དཀའ་འགྲེལ་ལས་ཀྱང་། སྟུག་པོ་བཀོད་པ་དང་། དགོངས་པ་ངེས་པར་འགྲེལ་པའི་ལུང་གསལ་བར་མ་དྲངས་མོད། དགོངས་འགྲེལ་གྱི་བྱམས་པའི་ལེའུ་ལས། བཅོམ་ལྡན་འདས། སེམས་ཅན་རྣམས་ཀྱི་གཟུགས་ལ་སོགས་པར་སྣང་བ་སེམས་ཀྱི་གཟུགས་བརྙན་རང་བཞིན་དུ་གནས་པ་གང་ལགས་པ་དེའང་སེམས་དེ་དང་ཐ་དད་པ་མ་ལགས་ཞེས་བགྱིའམ། བཀའ་སྩལ་པ། བྱམས་པ། ཐ་དད་པ་མ་ཡིན་ཞེས་བྱ་སྟེ། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་གཟུགས་བརྙན་དེ་དག་ལ་རྣམ་པར་རིག་པ་ཙམ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ། །ཞེས་དང་། སྟུག་པོ་བཀོད་པའི་མདོ་ལས། གཟུགས་ཀྱི་ཡོན་ཏན་ལྡན་པའི་གཟུགས། །ཀུན་གཞི་གཟུགས་ལྟར་གནས་པ་སྟེ། །བྱིས་པ་ཇི་ལྟར་བརྟགས་པ་བཞིན། །གཟུགས་ནི་གུད་ན་ཡོད་མ་ཡིན། །ཞེས་གསུངས་ཤིང་ཞིབ་པར་ཤེས་འདོད་ན་སྟུག་པོ་བཀོད་པའི་མདོའི་ལེའུ་གསུམ་པ་དང་། བདུན་པ། དགུ་པ་རྣམས་སུ་གཟིགས་པར་འཚལ།
གཞན་ཡང་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་ཁམས་གསུམ་པ་འདི་ནི་སེམས་ཙམ་དུ་རྟོགས་ཏེ། ཞེས་དང་། ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་སྒྲུབ་པར་བྱེད་དོ། །དེ་ཡང་དོན་དམ་པར་རྣམ་ཤེས་གྲུབ་ལ་ཕྱི་དོན་མ་གྲུབ་པ་ལུང་འདི་དག་གི་དོན་དུ་འདོད་པ་ནི་མི་འཐད་དེ། རྣམ་ཤེས་དོན་དམ་དུ་གྲུབ་པ་ནི་མདོ་གཞན་ལས་ཀྱང་བཀག་པའི་ཕྱིར་རོ་ཞེས་དབུ་མ་སྣང་བ་ལས་གསུངས་སོ། །
རིགས་པ་ནི། སྔོན་པོ་ཆོས་ཅན། ཐ་སྙད་ཀྱི་གནས་ཚུལ་ལ་ཁྱོད་མེད་དེ། འདོགས་བྱེད་ཀྱི་བློས་འདོགས་ཚུལ་དཔྱད་ན་མི་རྙེད་པའི་ཕྱིར་ཞེས་འགོད་དེ། རྒྱན་རང་འགྲེལ་ལས།༢༨༠ གཟུགས་ལ་སོགས་པ་རྣམས་ཕྱི་རོལ་དུ་འདོད་པ་རྣམས་ཤེས་པ་ལས་གུད་ན་ཡོད་པར་བཞུགས་ན་ཡང་མིག་ལ་སོགས་པ་བཞིན་དུ་དུས་མཉམ་པ་དང་མི་མཉམ་པའི་ཚེ་ན་རབ་ཏུ་ཉེ་བའི་རྒྱུ་མེད་པས་རིག་པར་མི་གྲུབ་བོ། །དེ་ལྟ་བས་ན་དེ་དག་མྱོང་བ་ནི་ཐ་དད་པ་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རྣམ་པ་མྱོང་བ་སྟེ། མྱོང་བའི་ངོ་བོ་ཡིན་པས་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་གཟུགས་མྱོང་བ་བཞིན་ནོ། །ཞེས་སོ། །
སེམས་ཙམ་པས་ནི་དྲུག་གིས་གཅིག་ཆར་སྦྱར་བའི་རིགས་པ་དང་། ལྷན་ཅིག་དམིགས་ངེས་སོགས་ཀྱིས་ཕྱི་དོན་འགོག་པར་བྱེད་ལ། ཕྱི་དོན་འགོག་པའི་རིགས་པ་ཐམས་ཅད་དོན་དཔྱོད་རིགས་པར་འདོད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་སྣང་བ་སེམས་སུ་སྒྲུབ་བྱེད་ལ་དྲུག་གིས་གཅིག་ཆར་སྦྱར་བའི་རིགས་པ་དང་། ལྷན་ཅིག་དམིགས་ངེས་སོགས་མ་གསུངས་མོད། ལྷན་ཅིག་དམིགས་ངེས་ནི་གོང་དུ་བཀོད་པའི་རིགས་པ་དང་གནད་གཅིག་པར་སེམས་ལ། དྲུག་གིས་གཅིག་ཆར་སྦྱར་བའི་རིགས་པ་ནི་འདིའི་ལུགས་ལའང་དོན་དཔྱོད་རིགས་པ་ཡིན་པས་སྣང་བ་སེམས་སུ་སྒྲུབ་བྱེད་དུ་མི་འདོད་དོ། །
ཁ་ཅིག །འདི་པས་ཀུན་གཞི་རྣམ་ཤེས་མི་འདོད་པར་བཤད་པ་མི་འཐད་དེ། རྒྱན་རང་འགྲེལ་ལས།༢༨༣ལང་ཀར་གཤེགས་པ་ལས་ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་དེ་མདོར་བསྟན་པ་ནི་འདི་སྙེད་དེ། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་ཉིད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །
གཟུགས་བརྙན་ཡང་ཡོད་པར་ཁས་ལེན་སྟེ། དབུ་མ་སྣང་བ་ལས།༡༢༤ འོན་ཀྱང་གང་ལ་ཐམས་ཅད་དུ་ཀུན་རྫོབ་ཏུ་ཡང་རྒྱུ་མེད་པ་དེ་ནི་ཐ་སྙད་དུ་ཡང་མི་སྐྱེ་བ་ཉིད་དེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུའོ། །གང་ལ་ཡོད་པ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་ཀྱང་སྐྱེ་སྟེ་དཔེར་ན་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་ལྟ་བུའོ། །སྒྱུ་མ་ལ་སོགས་པ་འདི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཡང་དངོས་པོ་ཉིད་དུ་ཐལ་བ་མ་ཡིན་ཏེ། གྲགས་པ་དང་ཚད་མས་གནོད་པའི་ཕྱིར་རོ། །ཞེས་སོ། །
བཞི་པ་དྲང་ངེས་ཀྱི་གོ་དོན།
དབུ་མ་སྣང་བ་རུ་དྲང་ངེས་ཀྱི་རྣམ་གཞག་གསལ་བར་བྱུང་བ་མ་གཏོགས་ལུགས་འདིའི་བསྟན་བཅོས་གཞན་ལས་དྲང་ངེས་ཀྱི་རྣམ་གཞག་མ་བྱུང་བས་དབུ་མ་སྣང་བའི་རྗེས་སུ་འབྲངས་ཏེ་དྲང་ངེས་ཀྱི་དོན་བསྟན་པར་བྱའོ། །
དེ་ཡང་སྐྱེ་བ་མེད་པ་ལ་སོགས་པའི་དོན་དམ་པ་ནི་ངེས་དོན་དང་གཞན་ནི་དྲང་དོན་དུ་འདོད་དེ། འཕགས་པ་ཆོས་ཡང་དག་པར་སྡུད་པ་དང་། འཕགས་པ་བདེན་པ་གཉིས་བསྟན་པ་གཉིས་ག་ལས། ཆོས་ཐམས་ཅད་དོན་དམ་དུ་སྐྱེ་བ་མེད་པ་ནི་དོན་དམ་པ་ཡིན་པར་བསྟན་པ་གང་ཞིག །བློ་གྲོས་མི་ཟད་པས་བསྟན་པ་ལས། དོན་དམ་པ་བསྟན་པ་ནི་ངེས་དོན་གྱི་མདོ་དང་གཞན་ནི་དྲང་དོན་གྱི་མདོ་ཡིན་པར་བསྟན་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པ་ནི་ངེས་དོན་ཡིན་པར་ལུང་གིས་གྲུབ་བོ། །ཞེས་ངོ་བོ་ཉིད་མེད་པར་ལུང་གིས་གྲུབ་པའི་ཚུལ་སེམས་ཙམ་པའི་ངོར་སྒྲུབ་པའི་སྒོ་ནས་དྲང་ངེས་ཀྱི་གཞུང་འཛུགས་པར་མཛད་དོ། །དེ་ཡང་སྐྱེ་མེད་ཙམ་གྱི་རྣམ་གྲངས་པའི་དོན་དམ་ཡང་ངེས་དོན་ཡིན་པར་འདོད་དེ། དབུ་མ་སྣང་བ་ལས། ༥༢ དེ་ལྟར་ན་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་གང་ཅུང་ཟད་ཇི་ཙམ་དུ་སྐྱེ་བ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་དོན་དམ་པའི་དབང་དུ་བསྟན་པར་མཛད་པ་དེ་ཐམས་ཅད་ནི་ངེས་པའི་དོན་དུ་གཟུང་བར་བྱ་ལ་བཟློག་པ་ནི་དྲང་བའི་དོན་ཏོ། །ཞེས་སོ། །དེས་ན་འདི་ལྟར་ཡིན་ཏེ། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་གཞལ་བྱ་དེ་ངེས་དོན་གྱི་མཚན་ཉིད། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ཡུལ་དུ་མི་འགྱུར་ཞིང་ཐ་སྙད་ཚད་མས་རྟོགས་པར་བྱ་བ་དེ་དྲང་དོན་གྱི་མཚན་ཉིད། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དེ་དྲང་དོན་གྱི་མདོའི་མཚན་ཉིད། དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོའམ་བདེན་གཉིས་སོ་སོར་ཤན་ཕྱེས་ནས་སྟོན་པའི་མདོ་གང་རུང་དེ་ངེས་དོན་གྱི་མདོའི་མཚན་ཉིད། འདིའི་ཟུར་སྔ་མ་ནི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་དགོངས་པ་ཡིན་ལ། ཕྱི་མ་ནི་དགོངས་འགྲེལ་གྱི་དགོངས་པ་ཡིན་ནོ། །
ལྔ་པ་ངོ་བོ་ཉིད་མེད་པ་དགོངས་འགྲེལ་གྱི་དགོངས་པར་བསྟན་པ།
དེ་ལྟར་བློ་གྲོས་མི་ཟད་པས་བསྟན་པའི་རྗེས་སུ་འབྲངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ངེས་དོན་གྱི་ཚུལ་བསྒྲུབས་པ་ན། སེམས་ཙམ་པ་རྣམས་ན་རེ། ཤེར་ཕྱིན་ལས་བསྟན་པ་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ན་མདོ་སྡེ་དགོངས་འགྲེལ་ལས། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་བསྟན་པར་གསུངས་པ་དང་འགལ་ལོ་ཞེས་སྨྲས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་པ་ངེས་དོན་དུ་བསྒྲུབ་པར་བྱ་བའི་ཕྱིར། མདོ་སྡེ་དགོངས་འགྲེལ་བསྟན་པ་ཡིན་གྱི། མདོ་དེ་གཉིས་བརྗོད་དོན་འགལ་བར་འགྱུར་བ་ནི་མ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་དེ། དབུ་མ་སྣང་བ་ལས།༥༥ དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་མཛད་པ་ཁོ་ནར་བརྗོད་ཅིང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་གསུངས་སོ། །
འོ་ན་མདོ་སྡེ་དགོངས་འགྲེལ་ལས། ༡༠༣ འཁོར་ལོ་བར་པའང་དྲང་དོན་གྱི་མདོ་ཡིན་པར་བསྟན་པ་དང་མི་འགལ་ལམ་ཞེ་ན། འདིའི་ལན་ལ་ཁ་ཅིག་ན་རེ། དྲང་དོན་དུ་གསུངས་པའི་འཁོར་ལོ་བར་པ་ནི་ཤེར་སྙིང་ལྟ་བུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བའི་འཁོར་ལོ་བར་པ་ཡིན་ལ། དགོངས་པ་བསྟན་ནས་ངེས་དོན་དུ་སྒྲུབ་པའི་འཁོར་ལོ་བར་པ་ནི་ཤེར་ཕྱིར་འབུམ་པ་ལྟ་བུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་འཁོར་ལོ་བར་པ་ཡིན་པས་དེ་གཉིས་འཁོར་ལོ་བར་པ་ཡིན་པར་མཚུངས་ཀྱང་མདོ་ཐ་དད་ཡིན་པས་མི་འགལ་བར་འདོད་དོ། །ཞེས་སྨྲ་བ་ནི་མི་འཐད་དེ། ཤེར་ཕྱིན་འབུམ་པ་ཆོས་ཅན། ཁྱོད་ངེས་དོན་གྱི་མདོ་མ་ཡིན་པར་ཐལ། མདོ་སྡེ་དགོངས་འགྲེལ་ལས་ཁྱོད་ལ་སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཆེད་དུ་ཁྱོད་ཀྱི་དགོངས་པ་བསྟན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་དགོངས་པ་བསྟན་ནས་ངེས་དོན་དུ་བསྒྲུབས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དབུ་མ་སྣང་བ་ལས། 61 གང་གི་ཕྱིར་ངོ་བོ་ཉིད་མེད་པ་འདིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ངེས་པའི་དོན་ཡིན་ནོ། །དེ་ནི་དོན་དམ་པ་ལ་དགོངས་ནས་བསྟན་པའི་ཕྱིར་མཐོང་བ་ལ་སོགས་པ་དང་འགལ་བ་ཡང་མ་ཡིན་ལ། སྒྲ་ཇི་བཞིན་དུ་ཡོངས་སུ་རྟོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དགོངས་པ་བསྟན་པ་ཡང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །
གཞན་ཡང་དེ་ཆོས་ཅན། སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཕྱིར་དགོངས་པ་བསྟན་མི་དགོས་པར་ཐལ། སྒྲ་ཇི་བཞིན་དུ་ཁས་ལེན་རུང་བའི་མདོ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། དགོངས་འགྲེལ་ལས་སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་སྒོ་ནས་ངེས་དོན་དུ་བསྒྲུབས་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། དབུ་མ་སྣང་བ་ལས། དེའི་ཕྱིར་དགོངས་པ་བསྟན་པའང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ངེས་པའི་དོན་ཉིད་དུ་བསྒྲུབ་པའི་ཕྱིར་དང་། མཐོང་བ་ལ་སོགས་པ་དང་འགལ་བ་བསལ་བའི་ཕྱིར། སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། ཞེས་གསུངས་པའི་ཕྱིར་རོ། །
རང་གི་ལན་ནི། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་བར་པ་དྲང་དོན་གྱི་མདོ་ཡིན་པར་བསྟན་པ་ནི། འཁོར་ལོ་བར་པས་བདེན་གཉིས་སོ་སོར་ཤན་མ་ཕྱེད་པས། བསྟན་ཚུལ་གྱི་ཆ་ནས་དྲང་དོན་གྱི་མདོ་ཡིན་པའི་དོན་ཡིན་ལ། བརྗོད་བྱའི་ཆ་ནས་ངེས་དོན་གྱི་མདོ་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས་བསྟན་པ་བཞིན་ནོ། །
འོ་ན་མདོ་སྡེ་དགོངས་འགྲེལ་ལས་མཚན་ཉིད་གསུམ་གྱི་སྒོ་ནས་ཤེར་ཕྱིན་གྱི་མདོའི་དགོངས་པ་བསྟན་པས་མཐོང་བ་དང་འགལ་བ་སྤོང་བ་དང་། །སྒྲ་ཇི་བཞིན་དུ་འཛིན་པ་བསལ་ཚུལ་ཇི་ལྟར་ཡིན་ཞེ་ན། དེའི་ལན་ཤེས་པ་ལ་དགོངས་འགྲེལ་ལས་བསྟན་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་ཤེས་པ་སྔོན་དུ་འགྲོ་དགོས་པས་མཚན་ཉིད་གསུམ་བཤད་པར་བྱའོ། །
དེ་ལ་དང་པོ་གཞན་དབང་ནི། རྒྱུ་རྐྱེན་གཞན་ལས་སྐྱེས་པའི་ཆོས་གཞན་དབང་གི་མཚན་ཉིད་དེ། དབུ་མ་སྣང་བ་ལས། 55 དེ་ལ་དངོས་པོ་མ་བརྟགས་ན་གྲགས་པ་ཇི་ལྟར་སྣང་བ་སྒྱུ་མ་བཞིན་དུ་བརྟེན་ནས་འབྱུང་བ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །ཞེས་སོ། །མཚན་གཞི་ནི། ཕུང་པོ་ལྔའོ། །
གཞན་དབང་གི་སྒྲ་དོན་དང་དགོངས་འགྲེལ་ལས་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་བསྟན་པའི་དོན་ནི། རྐྱེན་གཞན་གྱི་དབང་གིས་སྐྱེ་བ་དང་། བདག་ཉིད་ཀྱིས་མི་སྐྱེ་བ་ལ་བྱ་སྟེ། དབུ་མ་སྣང་བ་ལས། ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་གཞན་གྱི་རྐྱེན་གྱི་དབང་གིས་སྐྱེའི་བདག་ཉིད་ཁོ་ན་ནི་མ་ཡིན་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་སྟེ། ཞེས་སོ། །
དགོངས་འགྲེལ་ལས་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་གཞན་དབང་མི་འཇོག་པའི་རྒྱུ་མཚན་ནི། གཞན་དབང་རྒྱུ་རྐྱེན་གཞན་ལས་སྐྱེ་བའི་ཕྱིར་ཡིན་ལ། དགོངས་འགྲེལ་ལས་གཞན་དབང་མཚན་ཉིད་ངོ་བོ་ཉིད་མེད་པར་དངོས་སུ་མ་གསུངས་པའི་རྒྱུ་མཚན་ནི། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་བསྟན་པ་དེ་ཉིད་ཀྱིས་གཞན་དབང་མཚན་ཉིད་ངོ་བོ་ཉིད་མེད་པར་བསྟན་པས་ཡིན་ཏེ། གཞན་དབང་མཚན་ཉིད་ངོ་བོ་ཉིད་དུ་གྲུབ་པ་ཀུན་བརྟགས་ཡིན་པའི་ཕྱིར། དེ་ཡང་དབུ་མ་སྣང་བ་ལས།59 དེ་ཡང་ཇི་ལྟར་ཀུན་བརྟགས་པའི་མཚན་ཉིད་དུ་མ་གྲུབ་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་གོ། །ངོ་བོ་ཉིད་མེད་པ་འདི་ཡང་དངོས་སུ་ན་གཞན་གྱི་དབང་གི་ངོ་བོ་ཉིད་ཁོ་ན་ལ་རྣམ་པར་གཞག་སྟེ། དེ་ཉིད་ལ་དེའི་མཚན་ཉིད་དུ་ཉེ་བར་བརྟགས་པའི་ཕྱིར་རོ། །ཞེས་སོ། །
དེས་ན་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་ནས་འབྱུང་བ་གང་ཡིན་པ་དེ་རང་བཞིན་གྱིས་སྟོང་པར་བསྟན་པ་ཇི་ལྟ་བ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་དང་།57 ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང་། འཕགས་པ་ཡབ་སྲས་མཇལ་བ་བཅས་ལས་གསུངས་པས། གཞན་དབང་དོན་དམ་པར་འདོད་པ་ནི་རིགས་པ་མ་ཡིན་ནོ། །ཞེས་འདོད་དོ། །
གཉིས་པ་ཀུན་བརྟགས་ནི། གཞན་དབང་དོན་དམ་པར་གྲུབ་པ་ཀུན་བརྟགས་ཀྱི་མཚན་ཉིད་དེ། དབུ་མ་སྣང་བ་ལས། གཞན་གྱི་དབང་གི་ངོ་བོ་ཉིད་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ཉིད་ལ་རྟག་པ་དང་མི་རྟག་པ་ལ་སོགས་པ་དོན་དམ་པ་པའི་རང་གི་ངོ་བོར་སྒྲོ་འདོགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །ཞེས་སོ། །ཀུན་བརྟགས་ཐ་སྙད་དུའང་མེད་པས་དགོངས་འགྲེལ་ལས་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པར་འདོད་དེ། དབུ་མ་སྣང་བ་ལས། དེ་ཡང་ཇི་ལྟར་ཀུན་བརྟགས་པའི་མཚན་ཉིད་དུ་མ་གྲུབ་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་གོ། །ཞེས་སོ། །
ཀུན་བརྟགས་ཐ་སྙད་དུའང་མེད་པའི་ཕྱིར་མ་སྐྱེས་པ་དང་མ་འགག་པ་ཡིན་ལ། དེའི་ཕྱིར་དགོངས་འགྲེལ་ལས་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་བསྟན་པ་ཡིན་ཏེ། དབུ་མ་སྣང་བ་ལས། དེའི་ཕྱིར་ཆོས་ཐམས་ཅད་མི་རྟག་པ་ལ་སོགས་པ་ཇི་ལྟར་རྣམ་པར་གཞག་པའི་མཚན་ཉིད་དོན་དམ་པ་པས་སྟོང་པའི་ཕྱིར་མ་སྐྱེས་པ་ཡིན་ནོ། །དེའི་ཕྱིར་མ་འགག་པ་ཡིན་ནོ། །དེའི་ཕྱིར་གཟོད་མ་ནས་ཞི་བ་ཡིན་ནོ། །དེའི་ཕྱིར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་སོ། །
དེས་ན་དགོངས་འགྲེལ་ལས་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་པའི་དོན། སེམས་ཙམ་པ་རྣམས་ཀྱིས་ཀུན་བརྟགས་དོན་དམ་པར་མེད་པའི་དོན་དུ་འཆད། ཀཱ་མ་ལ་ཤཱི་ལས་ཐ་སྙད་དུ་མེད་པའི་དོན་དུ་འཆད་དོ། །དགོངས་འགྲེལ་ལས་གཞན་དབང་མཚན་ཉིད་ངོ་བོ་ཉིད་ཀྱིས་མ་གྲུབ་པར་མ་བསྟན་པས་མཚན་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པ་ལ་གཉིས་ཀ་འདྲ་ཡང་། སེམས་ཙམ་པས་མཚན་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པའི་དོན་དོན་དམ་དུ་ཡོད་པ་ལ་འདོད། ཀཱ་མ་ལ་ཤཱི་ལས་ཐ་སྙད་དུ་ཡོད་པ་ལ་འདོད་དོ། །
གསུམ་པ་ཡོངས་གྲུབ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་དོན་དམ་བདེན་པ་དེ་ཡོངས་གྲུབ་ཀྱི་མཚན་ཉིད་དེ། དབུ་མ་སྣང་བ་ལས། ཆོས་ཐམས་ཅད་དོན་དམ་པར་རྟག་ཏུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཁོ་ནར་གནས་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་རྟག་ཏུ་སྒྲོ་བཏགས་པ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཞེས་སོ། །
ཡོངས་གྲུབ་ལ་དོན་དམ་པ་ཞེས་བརྗོད་པའི་རྒྱུ་མཚན་དང་། དགོངས་འགྲེལ་ལས་དོན་དམ་པ་ངོ་བོ་ཉིད་མེད་པར་གསུངས་པའི་དོན་ནི། རྟོགས་བྱ་མཐར་ཐུག་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པས་རབ་ཏུ་ཕྱེ་བ་ལ་འདོད་དེ། དབུ་མ་སྣང་བ་ལས། 60 དེ་ཡང་ཚད་མས་ཡང་དག་པར་གྲུབ་པའི་བདག་ཉིད་ཀྱིས་དོན་དམ་པ་ཞེས་ཀྱང་བྱ་ལ་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་འདི་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ནོ། །ཞེས་སོ། །
ཡོངས་གྲུབ་ནི་ཆོས་ཉིད་འདུས་མ་བྱས་ཡིན་པས་ཐ་སྙད་དུའང་མ་སྐྱེས་པ་དང་མ་འགག་པ་ཡིན་ལ། དེའི་ཕྱིར་དགོངས་འགྲེལ་ལས་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་བསྟན་པར་འདོད་དེ། དབུ་མ་སྣང་བ་ལས། དེའི་ཕྱིར་དགོངས་པ་བསྟན་པ་ཡང་ངེས་པའི་དོན་ཉིད་དུ་འགལ་བར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་ངེས་པའི་དོན་ཉིད་དུ་བསྒྲུབ་པའི་ཕྱིར་དང་། མཐོང་བ་ལ་སོགས་པ་དང་འགལ་བ་བསལ་བའི་ཕྱིར། སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། དོན་དམ་ཡང་དག་འཕགས་གཞན་ཡང་། ངས་དོན་དམ་པ་ངོ་བོ་ཉིད་མེད་པ་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་ཀྱང་དགོངས་ཏེ། ཆོས་ཐམས་ཅད་མ་སྐྱེས་པ་དང་། ཆོས་ཐམས་ཅད་མ་འགག་པ་་་་། ཞེས་སོགས་དགོངས་འགྲེལ་གྱི་ལུང་དྲངས་ནས་གསུངས་སོ། །
དེ་ལྟར་མཚན་ཉིད་གསུམ་བསྟན་ནས་ལན་དངོས་ལ་འཇུག་པར་བྱ་སྟེ། ཀུན་བརྟགས་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་བསྟན་ལ་གཞན་དབང་མ་བསྟན་པས་འཁོར་ལོ་བར་པར་མ་སྐྱེས་པར་གསུངས་པ་སྒྲ་ཇི་བཞིན་པ་བསལ་ཚུལ་ནི། གཞན་དབང་དོན་དམ་པར་གྲུབ་པ་ཀུན་བརྟགས་ཡིན་ལ། དེ་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་བསྟན་པས་འཁོར་ལོ་བར་པར་མ་སྐྱེས་པར་གསུངས་པའི་དོན་གཞན་དབང་དོན་དམ་པར་མ་སྐྱེས་པའི་དོན་དུ་གྲུབ་ཅིང་། གཞན་དབང་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་མ་བསྟན་པས་གཞན་དབང་སྐྱེ་བར་གྲུབ་པ་ཡིན་ནོ། །
ཡོངས་གྲུབ་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་བསྟན་ལ་གཞན་དབང་མ་བསྟན་པས་སྒྲ་ཇི་བཞིན་པ་བསལ་ཚུལ་ནི། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡོངས་གྲུབ་ཡིན་ལ། དེ་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་བསྟན་པས་འཁོར་ལོ་བར་པར་མ་སྐྱེས་པར་གསུངས་པའི་དོན་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྐྱེ་འགག་སོགས་དང་བྲལ་བའི་དོན་དུ་གྲུབ་ཅིང་། གཞན་དབང་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་མ་བསྟན་པས་གཞན་དབང་སྐྱེ་བར་གྲུབ་པ་ཡིན་ནོ།༦༠།
མཐོང་བ་དང་འགལ་བ་སྤོང་ཚུལ་ནི། སྐྱེ་འགག་སོགས་དང་བྲལ་བར་བཤད་པ་ནི་ཀུན་བརྟགས་དང་ཡོངས་གྲུབ་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ལ། གཞན་དབང་ནི་སྐྱེ་འགག་སོགས་སུ་ཚད་མས་གྲུབ་པའི་ཕྱིར། སྐྱེ་མེད་སོགས་གསུངས་པ་མཐོང་བ་དང་མི་འགལ་ཞེས་འདོད་དོ། །
དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་རྣམ་གཞག་སྟོན་པར་འཁོར་ལོ་དང་པོ་གསུངས་པ་དང་། དོན་དམ་གྱི་རྣམ་གཞག་སྟོན་པར་འཁོར་ལོ་བར་པ། དེ་གཉིས་འགལ་མེད་དུ་སྟོན་པར་འཁོར་ལོ་ཐ་མ་གསུངས་པར་ཞི་འཚོ་ཡབ་སྲས་འདོད་དེ། དབུ་མ་སྣང་བ་ལས།༦༣ དེའི་ཕྱིར་དོན་དམ་པའི་དགོངས་པ་མི་ཤེས་པ་གང་དག་སྔར་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་དངོས་པོའི་ངོ་བོར་བཟུང་ནས། ཕྱིས་དེ་ཡང་མེད་པར་སེམས་ཤིང་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་པ་དེ་དག་དངོས་པོ་མེད་པ་ལ་སོགས་པའི་མཚན་མ་གཟུང་བའི་ཕྱིར་མཚན་མ་ལ་སོགས་པའི་ལྟ་བར་འགྱུར་བས་དེ་དགག་པའི་ཕྱིར་འདི་གསུངས་ཀྱི། དབུ་མ་པ་རྣམས་ལ་ནི་མ་ཡིན་ནོ། །ཞེས་སོ། །
དྲུག་པ་ངོ་བོ་ཉིད་མེད་པ་ལང་གཤེགས་ཀྱི་དགོངས་པར་བསྟན་པ།
ཡང་སེམས་ཙམ་པ་རྣམས་ན་རེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཡིན་ན། ལངྐར་གཤེགས་པ་ལས། བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །བརྟགས་པའི་ངོ་བོ་ཉིད་ཀྱིས་ནི། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཞན་གྱི་དབང་ལ་བརྟེན་ནས་ནི། །མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། །ཞེས་ཀུན་བརྟགས་དོན་དམ་པར་མ་གྲུབ་ཅིང་གཞན་དབང་དོན་དམ་པར་གྲུབ་པས་དེ་ལྟར་རྟོགས་ན་སྒྲོ་སྐུར་གྱི་མཐའ་གཉིས་སེལ་བར་བསྟན་པ་དང་འགལ་བར་འགྱུར་རོ། །ཞེས་རྩོད་དོ། །སེམས་ཙམ་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ན་ལུང་དང་འགལ་བར་སྨྲས་པའི་སྐབས་དབུ་མ་སྣང་བ་རུ་མདོ་ལུང་བཅུ་གཅིག་དྲངས་པ་ལས་བཞི་ནི་ལང་གཤེགས་ཀྱི་ལུང་ཡིན་ལ། །ལུང་འདི་ལ་བརྟེན་པའི་རྩོད་པ་དང་རྩོད་ལན་ཤེས་ཚེ་ལུང་གཞན་གསུམ་གྱི་རྩོད་པ་དང་རྩོད་ལན་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཕྱིར་འདིར་འདི་ཁོ་ན་བཀོད་དོ། །
དེའི་ལན་ལ་ཀ་མ་ལ་ཤཱི་ལས། ཀུན་བརྟགས་དོན་དམ་དུ་གྲུབ་པར་འཛིན་པའི་སྒྲོ་འདོགས་ཀྱི་མཐའ་དང་། གཞན་དབང་ཐ་སྙད་དུ་མ་གྲུབ་པར་འཛིན་པའི་སྐུར་འདེབས་ཀྱི་མཐའ་དགག་པའི་ཕྱིར། བརྟགས་པའི་དངོས་པོ་མེད་པ་སྟེ། །ཞེས་སོགས་གསུངས་པ་ཡིན་ལ། དེ་ཡང་མདོ་འདི་ལས་གཞན་དབང་ཡོད་པ་ཉིད་དང་དངོས་པོ་རྣམས་སྐྱེ་བར་བསྟན་པ་ཐམས་ཅད་ཀུན་རྫོབ་ཏུ་གཞན་དབང་ཡོད་པ་ཉིད་དང་དངོས་པོ་རྣམས་སྐྱེ་བ་ལ་དགོངས་ཤིང་། དགོས་པ་བྱིས་པ་རྣམས་སྐྲག་པ་སྤང་པའི་ཕྱིར་གཞུག་པ་ལ་ལྡེམ་པོར་དགོངས་ནས་བསྟན་པ་ཡིན་གྱི། གཞན་དབང་དོན་དམ་དུ་གྲུབ་པ་དང་དངོས་པོ་རྣམས་དོན་དམ་དུ་སྐྱེ་བའི་དོན་ནི་མ་ཡིན་ཏེ། དེ་དག་མདོ་འདི་ཉིད་ལས་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །གྲུབ་པའི་དངོས་པོ་ཡོད་མིན་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟགས། །ངོ་བོ་ཉིད་མེད་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །བྱིས་པ་རོ་དང་འདྲ་བ་ཡི། །ངན་རྟོག་རྣམས་ཀྱིས་འདི་དག་བརྟགས། །ཞེས་གསུངས་པའི་ཕྱིར། ཞེས་སོགས་གསུངས་ཏེ་རྩོད་པ་འདིའི་ལན་གྱི་དབང་དུ་བྱས་ཏེ་མདོ་ལུང་བཅུ་གཉིས་དྲངས་པ་ལས་བཅུ་གཅིག་ནི་འཁོར་ལོ་ཐ་མའི་ལུང་ཡིན་ལ། དེ་ལས་བཞི་ནི་ལངྐར་གཤེགས་པའི་ལུང་ཡིན་ནོ། །སྤྱིར་སེམས་ཙམ་པ་རྣམས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལུང་གིས་མི་འགྲུབ་པར་སྨྲས་པ་འགོག་སྐབས་མདོ་ལུང་དྲུག་ཅུ་རེ་ལྔ་དྲངས་པ་ལས་ང་དགུ་ནི་བཀའ་ཐ་མའི་ལུང་ཡིན་ལ། དེ་ལས་ཉེར་གཅིག་ནི་ལང་གཤེགས་ཀྱི་ལུང་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནི་བཀའ་ཐ་མའི་མདོའི་དགོངས་པར་བསྒྲུབས་པ་ཡིན་ལ། རྗེ་ཙོང་ཁ་པའི་དྲང་ངེས་ལེགས་བཤད་དུ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་མདོ་སྡེ་དགོངས་འགྲེལ་གྱི་དགོངས་པ་ཇི་ལྟར་བཀྲལ་ཚུལ་མ་གཏོགས་འཁོར་ལོ་ཐ་མ་གཞན་གྱི་དགོངས་པ་ཇི་ལྟར་བཀྲལ་ཚུལ་མ་གསུངས་པ་ནི། སེམས་ཙམ་པ་རྣམས་ཀྱིས་མཚན་ཉིད་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་ངོ་བོས་གྲུབ་མ་གྲུབ་སོ་སོར་ཕྱེས་ནས་བསྟན་པའི་ཁུངས་གཏུགས་སའི་གཙོ་བོ་མདོ་སྡེ་དགོངས་འགྲེལ་ཡིན་པས་ཡིན་ལ། འདིར་ལངྐར་གཤེགས་པའི་མདོའི་དོན་ཇི་ལྟར་གཏན་ལ་འབེབ་ཚུལ་ཡང་བཤད་པ་ནི་དབུ་མ་སྣང་བ་རུ་འཁོར་ལོ་ཐ་མའི་མདོ་གཞན་ལས་ཀྱང་ལངྐར་གཤེགས་པའི་མདོའི་དོན་རྒྱས་པར་འབྱུང་བ་གསལ་བར་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །
ལངྐར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཞེས་དང་། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་སོགས་གསུངས་པ་ལ་བརྟགས་ན། དབུ་མ་པ་རྣམས་ཀྱིས་ལངྐར་གཤེགས་པའི་མདོའི་དགོངས་པ་ལེན་སྟངས་ནི་སེམས་ཙམ་པ་རྣམས་ཀྱིས་མདོ་དེའི་དགོངས་པ་ལེན་སྟངས་ལས་ཀྱང་མདོའི་དོན་ལ་ཞུགས་པར་སེམས་སོ། །
དབུ་མ་སྣང་བར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལུང་གིས་སྒྲུབ་སྐབས་ལུང་དྲངས་པའི་མཇུག་ཏུ་གསུངས་ཞེས་བྱུང་ན་མདོ་ལུང་དུ་ངེས་ཤིང་། བཤད་ཅེས་བྱུང་ན་བསྟན་བཅོས་ཀྱི་ལུང་དུ་ངེས་པ་ཡིན་མོད། མདོ་ལུང་ཡིན་ན་མཇུག་ཏུ་གསུངས་ཞེས་འབྱུང་བའི་ངེས་པ་ནི་མེད་དེ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་ལུང་དྲངས་པའི་མཇུག་ཏུ་༥༧བསྟན་ཏོ་ཞེས་འབྱུང་བ་ལྟ་བུའོ། །
བདུན་པ་ཉམས་ལེན་གྱི་གནད་བསྟན་པའི་སྒོ་ནས་མཇུག་བསྡུ་བ།
ཐལ་འགྱུར་བས་འདོད་པའི་ཡོད་མཐའ་ཕྲ་མོ་ནི་རང་རྒྱུད་པས་གཏན་ནས་མི་ཁེགས་མོད། རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་ངོ་བོ་ནི་དགག་སྒྲུབ་ཐམས་ཅད་ལས་འདས་པར་གཏན་ལ་ཕབ་ནས་དེ་ཇི་བཞིན་དུ་སྒོམ་པའི་ཚེ་འཛིན་སྟངས་ཐམས་ཅད་བཤིགས་ནས་བསྒོམ་དགོས་པའི་ཕྱིར། དེ་མངོན་དུ་གྱུར་པ་ན་ཐལ་འགྱུར་བས་འདོད་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་མངོན་དུ་འགྱུར་བ་ཡིན་ནོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4749
དཔྱད་མཆན་སྤེལ།