དེ་རིང་ནི་རབ་གནས་ཆུ་ཡོས་ལོའི་ཟླ་བ་དྲུག་པའི་ཚེས་ཉེར་ལྔ་རེས་གཟའ་པ་སངས། ཞོགས་པ་སྔ་མོ་གཉིས་ལས་སད་དུས་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་འདུག །ཡར་ལུང་གི་གནས་མཇལ་མང་ཆེ་བ་དེ་རིང་བྱེད་དགོས་སྟབས། གནམ་གཤིས་འཐིབས་ཤིང་བབ་པ་ཡིན་ན་ས་བལྟས་རི་བལྟས་ཀྱི་ལྟད་མོ་ལ་བགེགས་སུ་མི་འགྱུར་རམ་སྙམ་ནས་ཅུང་ཟད་སེམས་ཁྲལ་འདྲ་བྱུང་། དེ་ནས་རིམ་བཞིན་གནམ་ཡང་དུང་སོང་ལ་འཐིབས་དྭངས་ཀྱང་རན་པོ་ཆགས། ཞོགས་ཇ་འཐུང་དུས་མགྲོན་ཁང་བདག་པོས་མཚམས་སྦྱོར་བྱས་པའི་གླ་འཁོར་གྱི་ཁ་ལོ་བ་ཞིག་ཐོན་སོང་། གཏིང་རིམ་གྱི་མི་གཤིས་གང་འདྲ་ཡིན་མིན་མ་ངེས་ཀྱང་། རྣམ་པ་ནི་ཁམས་ཕྱོགས་ཀྱི་མི་དང་མི་འདྲ་བའི་གཤིས་འཇམ་གུས་ལྡན་གྱི་མི་ཞིག་རེད། དེ་ནི་ཁོ་རང་གི་སྒེར་གཤིས་ཙམ་ཞིག་མ་ཡིན་པར་ཡུལ་ལུང་སྤྱི་པའི་འགྲོས་ཞིག་ཡིན་པ་འདྲ། འོན་ཀྱང་ཁོ་ཚོ་ཐུན་མང་ལ་ཡོད་པའི་དང་ལེན་མི་ཐུབ་པའི་སྐྱོན་ཞིག་ནི། ཁ་བརྡ་བྱེད་སྐབས་ང་ཚོས་གོ་མིན་ལ་མཉམ་འཇོག་མི་གནང་ནས། ཁམས་ནས་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་དབུས་སྐད་མི་གོ་བར་ཆ་བཞག་ནས་རྒྱ་སྐད་གང་འདོད་དུ་བཤད་ཡོང་བ་དེ་རེད།

དེ་ནས་གྲོགས་རྡོ་ལྷ་ངེད་གཉིས་ཀྱིས་གླ་འཁོར་དེ་འབོལ་གླ་བྱས་ནས་ལམ་དུ་ཆས། ཡར་ལུང་གནས་གསུམ་རྟེན་གསུམ་ཕུག་གསུམ་དུ་གྲགས་པའི་ནང་ནས། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་དང་བརྟག་སྤྱན་འབུམ་པ་མ་གཏོགས་པ་དེ་རིང་གཞི་ནས་མཇལ་དགོས། ཉི་མ་འདིའི་གནས་མཇལ་གྱི་ཐོག་མ་ནི་རས་ཆུང་སྒྲུབ་ཕུག་ཡིན། སྤྱིར་གནས་འདི་ལ་ཆོས་བརྒྱུད་མི་འདྲ་བའི་མིག་སེར་གྱི་ནད་ཡོད་པའི་སེར་མོ་བ་འགའ་ཞིག་དང་། ཅི་ཡང་ཤེས་པའི་སྒྲོབ་ཉམས་བསྟན་རྒྱུར་དགའ་བའི་སྐྱ་བོ་འགའ་ཞིག་གིས། ཨ་སྐྱོ་འགའ་ཡིས་ཕུག་གསུམ་ཞེས་བགྲང་བ་ཙམ་ལས། དངོས་འབྲེལ་བྱས་ན་རས་ཆུང་སྒྲུབ་ཕུག་ལྟ་བུ་གཞན་ཡང་ཡོད་ཚུལ་དང་། རས་ཆུང་སྒྲུབ་ཕུག་ཏུ་དམིགས་བསལ་གྱི་མཇལ་ཁ་ཡང་མེད་ལ། རས་ཆུང་ཕུག་ཏུ་གྲགས་པ་ཙམ་ལས་དོན་དངོས་ལོ་རྒྱུས་ཀྱི་གསལ་ཁ་ཡང་ཆེན་པོ་མེད་པའི་བཤད་ཡམ་གནང་མཁན་གང་འཚམས་ཡོད་པ་མཐོང་ཐོས་བྱུང་།

དེ་དག་གིས་ཤུགས་རྐྱེན་ཡིན་མིན་ཆ་མ་འཚལ་ཡང་མཇལ་མཁན་ནི་ཉུང་ཉུང་ཙམ་ལས་མེད་པ་འདྲ། ཁ་ལོ་བས་ཀྱང་མཇལ་རྒྱུ་དམིགས་བསལ་ཆེན་པོ་མེད་ཚུལ་དང་། དེའི་ཐོག་ད་ལོ་ཅུང་ཟད་བསྐྱར་གསོ་གནང་གི་ཡོད་པས་མཇལ་རྒྱུ་རྣམས་ཀྱང་སྔོན་བཞིན་སྟབས་བདེ་མིན་པའི་སྐོར་འདྲ་བཤད་སོང་།

འོན་ཀྱང་ངེད་གཉིས་ལ་ཆ་མཚོན་པ་ཡིན་ན། དེ་རིང་དམིགས་བསལ་དུ་མཇལ་རྒྱུའི་གནས་གཅིག་ནི་རས་ཆུང་སྒྲུབ་ཕུག་ཡིན། དེ་ནས་རྐང་བགྲོད་ཅུང་ཟད་དགོས་པའི་སྒྲུབ་ཕུག་གི་ཞོལ་དུ་སླེབས་སོང་། གནས་འདི་ནི་བོད་མི་སྤྱི་ཡོངས་ཀྱིས་བཀྲ་ཤིས་པའི་གནས་སུ་བརྩི་ཡི་ཡོད་པ་ནི། བོད་ལ་མུ་གེ་མི་ཡོང་བའི་རྟེན་འབྲེལ་གྱི་ས་དཔྱད། ཡར་ལུང་མེ་སྣའི་གདོང་ལ་རི་འབྲས་ཀྱི་ལྗང་པ་འདྲ་བ་ཞིག་ཡོད་པར་བཤད་པའི་གནས་དེ་ཡིན།

 

རྗེ་བཙུན་མི་ལ་རས་པའི་དྲུང་ནས་དབང་དང་གདམས་ངག་མ་ལུས་པ་ཐུགས་ལ་མནོས་ཤིང་། རྒྱ་བལ་དུ་ལན་མང་དུ་ཕེབས་ཏེ་སྙན་བརྒྱུད་ཀྱི་གདམས་ངག་གཙོ་བོར་གྱུར་པའི་རྒྱུད་དང་སྒྲུབ་ཐབས་ཀྱི་གདམས་པ་མང་པོ་བོད་དུ་གདན་དྲངས་ཏེ། དར་སྤེལ་ཕུན་སུམ་ཚོགས་པ་གནང་བའི་སྐྱེས་བུ་ཆེན་པོ། རས་ཆུང་རྡོ་རྗེ་གྲགས་པ(༡༠༨༤-༡༡༧༡)བླ་མའི་དྲུང་དུ་དགུང་ལོ་སོ་བཞིར་སོང་བའི་རྗེས་ཀྱི་དབུས་བཞུད་བར་མའི་སྐབས་སུ། རྗེ་བཙུན་ཆེན་པོས། ཡར་ལུངས་ཤར་ནུབ་ཀྱི་དབུས་ཀྱིས་རི་སྣ་འབྲས་ཀྱི་ལྗང་པ་འདྲ་བའི་ཤར་འདབས་ལ་བྲག་ཐལ་མོ་སྦྱར་བའི་སྦུག་འདྲ་བ་ཞིག་ཡོད། གནས་དེར་སྒྲུབ་པ་གྱིས་དང་འགྲོ་བ་མང་པོ་ལ་ཕན་པར་འགྱུར་ཞེས་ལུང་བསྟན་པའི་ཚིག་འདི་རང་གིས་ས་གནས་མི་འཕྱུག་པའི་གནད་འཚོལ་ཐུབ་པ་འདུག །དེ་ནས་རྐང་ལམ་བརྒྱུད་དེ་སྒྲུབ་ཁང་དུ་བསྐྱོད་པའི་ལམ་ལྟག་དང་། བྲག་ཐལ་མོ་སྦྱར་བ་འདྲ་བའི་སྒྲུབ་ཕུག་གི་སྟེང་ཕྱོགས་ཀྱི་རི་སྣར།  ཧྲག་དམག་གིས་བཅོམ་པའི་མཁར་རྫོང་ཞིག་ལས་ཉམས་གུད་ཆེ་བའི་རྡོ་མཁར་གྱི་ཤུལ་ཆེན་པོ་ཞིག་མཐོང་།

འདི་ནི་ཡར་ལུང་རས་ཆུང་སྤྲུལ་སྐུ་སོགས་ཀྱི་གདན་ས་ཡིན་པའི་ཚོད་དུ་འདུག །འདུ་ཁང་འདིའི་རྣམ་པ་དང་རྒྱ་ཁྱོན་ནི། ཐོག་སོ་གཉིས་ལ་རྒྱ་ཕིབས་ཀྱིས་བརྒྱན་ཞིང་། གཙང་ཁང་དང་བར་ཁྱམས་ཀྱི་རྣམ་པ་གསལ་བ་དང་། ཀ་བ་ཉེར་ལྔའི་རྒྱ་ཁྱོན་གྱི་ཚད་དུ་གནས། ལོགས་རྣམས་སུ་སངས་རྒྱས་སྟོང་སྐུའི་སྡེབས་རིས་བཀྲ་བ། གཙང་ཁང་དབུས་སུ་ཟངས་གསེར་ལས་གྲུབ་པའི་ཐུབ་ཆེན་གྱི་འདྲ་སྐུ་སྤུས་ལེགས། ཉེར་སྲས་བརྒྱད་དང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་ཀྱིས་བཀོད་པ་ལེགས་པ། དབུ་རྩེ་ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་ཅན། སྦུག་གི་དབུས་སུ་རྡོ་རྗེ་འཆང་ལ་མར་མི་དྭགས་པོ་ཡན་གྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ཞིང་། གཡས་རས་ཆུང་སྙན་བརྒྱུད། གཡོན་སྟོད་འབྲུག་བླ་བརྒྱུད་སོགས་ཀྱིས་གཟི་བྱིན་འབར་བའི་བཀད་པ་དེ་དག་ནི། རིག་གསར་གྱི་ཚོང་ལ་ཞུགས་རྗེས་ད་ལྟ་མཇལ་དུ་ཡོད་པ་ནི་མཁར་གྱང་གོག་པོ་འདི་ཚོ་ཡིན་ཚོད་འདུག །འདི་དག་ལས་དུས་ཀྱི་འགྱུར་བ་གཞན་ཞིག་མཐོང་ཡོང་བ་ནི། རིག་གསར་སྔོན་གྱི་བོད་ཁུལ་ནི་རྩ་ཆེའི་དངོས་མང་བཤམས་སྟོན་ཁང་མང་བའི་ཡུལ་ལུང་ནས། མཁར་གྱང་གོག་པོའི་རྗེས་ཤུལ་མང་བའི་གནས་སུ་འཕོས་པ་དེའོ། །

ང་ཚོས་ཤེས་དགོས་པ་ཞིག་ནི་སྒྲུབ་ཁང་འདི་མཐུན་སྦྱོར་གནང་བའི་སྦྱིན་བདག་དེ་ཡིན། སྦྱིན་བདག་དེ་ནི་རང་ཆུས་པ་ཡར་ལུང་དུ་ཕེབས་ནས་ཕོ་བྲང་སྐྱོར་ལྡེམས་སུ་བསོད་སྙོམས་ལ་བྱོན་དུས། ལྷ་ཅིག་ལྡེམ་བུས་མཆོད་ཡོན་དུ་མཚམས་སྦྱོར་བྱས་པའི་ཕོ་བྲང་སྐྱོར་ལྡེམས་ཀྱི་རྗེ་བོ་བྱེ་ཆུང་བཙད་པོར་གྲགས་པ་དེ་ཡིན། དེ་ལ་ཚལ་པའི་དེབ་དམར་སོགས་སུ་བྱེ་ཆུང་བཙད་པོ་ལས་མཚན་རྒྱས་པ་མི་གསལ་ཡང་། ལྷོ་རོང་ཆོས་འབྱུང་ནང་དུ་ཡར་ལུང་དུ་ཇོ་བོས་ཆོས་ཞུས་ལྷ་ཅིག་ཕྱག་རྒྱར་ཕུལ་ཞེས་གསུངས་པར་བརྟགས་ན། ཡར་ལུང་ཇོ་བོའི་གདུང་རྒྱུད་དང་འབྲེལ་བ་ཡོད་པ་ལྟར་བུར་མངོན་པས། དེ་ཡིན་ན་གནམ་ལྡེ་འོད་སྲུང་གི་སྐུ་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་གཉིས་མངའ་བའི་གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། དེ་ཡི་སྲས་སུ་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་བྱུང་བའི་ནང་ཚན་སྲས་འབྲིང་པོ་འོད་ལྡེ། དེ་ལ་སྲས་བཞི་འཁྲུངས་པའི་གསུམ་པ་ཁྲི་ཆུང་། ཁྲི་ཆུང་ཡར་ལུང་དུ་བྱོན་ནས་འབངས་བརྩེགས་ཕོ་བྲང་དང་སྐུ་མཁར་འཕྱིང་བ་སྟག་རྩེ་བཟུང་། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་བྱོན་པ་ལས་གཅེན་པོ་ཞང་རྗེ་ཚ་ཁྲི་ལྡེ་འབར། དེ་ལ་སྲས་དྲུག་འཁྲུངས་པའི་གཉིས་པ་བྱེ་ཆུང་ལྷ་སྒོམ། བྱེ་ཆུང་ལྷ་སྒོམ་གྱི་གདུང་ཆད་པ་ནི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན་ལ། དཔོན་གནས་ཀྱི་ཐོབ་དབང་ཡོད་པ་ནི་ལྡེའུ་ཆོས་འབྱུང་ནང་དུ་གསལ། དེས་ན་དུས་མཚུངས་རགས་པ་ཡང་འགྲིག་ཅིང་མཚན་འདྲ་བ། ས་གནས་མཚུངས་པ། གདུང་ཆད་པ། དཔོན་པོ་ཡིན་པ་སོགས་ཀྱི་དོན་རྣམས་གཅིག་ཏུ་མཐུན་སྟབས། བྱེ་ཆུང་བཙད་པོ་ནི་མངའ་བདག་འོད་སྲུང་གི་གདུང་རྒྱུད་ཡར་ལུང་ཇོ་བོ་དང་འབྲེལ་བ་ཡོད་པའི་བྱེ་ཆུང་ལྷ་སྒོམ་ཡིན་པར་ཡིད་ཆེས་གནང་ཆོད་པར་སེམས།

བྱེ་ཆུང་བཙད་པོས་རས་ཆུང་སྒྲུབ་ཕུག་གི་སྦྱིན་བདག་གནང་ཚུལ་ནི། ལྷ་ཅིག་ལྡེམ་བུས་རང་གི་ཡབ་ཆེན་མཛེ་ནད་ཀྱིས་མནར་བའི་བྱེ་ཆུང་བཙད་པོའི་སྐུ་ཡི་རིམ་གྲོ་བ་རུ་རས་ཆུང་ཕོ་བྲང་ནང་དུ་གདན་དྲངས་རྗེས། རས་ཆུང་པས་ཁྲུས་དང་བྱིན་རླབས་བཀའ་བགོ་གནང་ཞིང་། ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་བཟླས་ལུས་བྱིན་པ་སོགས་མཛད་དེ་མཛད་ནད་གསོས།

དེ་ནས་མཆོད་ཡོན་གྱི་འབྲེལ་བ་ཤིན་ཏུ་ཟབ་མོ་ཆགས་ཏེ་བྱེ་ཆུང་བཙད་པོས། ང་རང་ལ་བུ་མེད་པས་རྒྱལ་སྲིད་མངའ་རིས་ནོར་རྫས་དང་བཅས་པ་ཕུལ་བར་མ་ཟད། སྲས་མོ་ལྷ་ཅིག་ཀྱང་བཞེས་པའི་གསོལ་བ་བཏབ་པ་ལྟར་དེ་ཐབས་ཅད་བསྐྱངས་བར་ཞལ་བཞེས་གནང་།

དེ་ལྟར་ལོ་གཉིས་ཙམ་འདས་རྗེས་ཀྱི་རབ་བྱུང་གཉིས་པའི་ས་བྱ(༡༡༢༩)ལོར་རྗེ་མི་ལའི་ལུང་བསྟན་ལྟར། གནས་འདིར་ཡུན་དུ་བཞུགས་དགོས་ན་ལུང་བསྟན་པའི་གནས་སུ་སྒྲུབ་ཁང་བཞེངས་དགོས་པའི་སྐུལ་མ་མཛད་པ་བཞིན། བྱེ་ཆུང་བཙད་པོས་མཐུན་རྐྱེན་སྦྱར་ཏེ་བྲག་ཕུག་གཙང་ཁང་ལྟ་བུར་བྱས་ནས་དགོན་པ་བཞེངས་པར་མཛད་རྗེས། རྗེ་བཙུན་རས་ཆུང་པ་ནང་དུ་འཛིན་ཆགས་མི་མཛད་ཅིང་། ཕྱི་རུ་བཟང་ངན་མེད་པ་ལ་ཆོས་དང་ཟ་ཟིང་གི་ཕན་འདོགས་པའི་དམ་བཅའ་མཛད་དེ་ལོ་གསུམ་གནས་འདིར་བཞུགས་སྟབས་རས་ཆུང་སྒྲུབ་ཕུག་ཅེས་ཡོངས་སུ་གྲགས་པར་གྱུར། གོང་གི་ལོ་ཚིགས་འདི་ནི་བུ་ཆེན་བཅུ་གཉིས་ཀྱིས་བསྒྲིགས་པའི་མི་ལའི་རྣམ་མགུར་དུ་འཁོད་པའི་རས་ཆུང་པའི་རྣམ་ཐར་དུ་གསལ་བའི་ལོ་ཚིགས་དེ་རང་བཞིར་བཞག་པ་ཡིན། འོན་ཀྱང་ལོ་ཚིགས་འདི་ལྟར་ན་རྗེ་བཙུན་མི་ལ་རས་པ་རབ་བྱུང་དང་པོའི་མེ་འབྲུག(༡༠༥༢)ལ་འཁྲུངས་ཤིང་གཉིས་པའི་ཤིང་ཡོས(༡༡༣༥)ལ་གཤེགས་པའི་ལུགས་མ་གཏོགས་ལོ་ཚིགས་འགྲིག་ཁག་པར་སེམས།

 

རས་ཆུང་པ་གནས་འདི་དང་ཞལ་གྱེས་ཚུལ་ནི་སྐྱོ་དུང་ངེ་བའི་བརྩེ་གདུང་གི་གཏམ་རྒྱུད་ཅིག་སྟེ། དུས་ནམ་ཞིག་གི་ཚེ་གོང་དུ་བཤད་པའི་ཞང་རྗེ་ཚ་ཁྲི་ལྡེ་འབར་གྱི་སྲས་བདུན་གྱི་ནང་ཚན་གཡུ་སྤྱན་གྱི་སྲས་ཇོ་དགའ། དེའི་སྲས་གསུམ་གྱི་ཆེ་བ་བྱ་ས་ལྷ་ཆེན་གྱི་བྱ་ས་གསེར་གྱི་ལྷ་ཁང་ལེགས་པར་གྲུབ་ཅིང་རབ་གནས་ཀྱི་མཛད་སྒོ་དང་འབྲེལ་བའི་སྟོན་མོ་དང་ལྟད་མོ་ལྷན་དུ་བསྡུས་ཏེ། རྒྱན་ཆ་གང་བཟང་སྐྱེས་གཟུགས་སུ་ཡག་དང་འབྲེལ་བའི་ཁྲོམ་ཐོག་སུས་ཆོད་ཀྱི་འགྲན་སྡུར་མགོ་བརྩམ་ལ་ཉེ་བའི་དུས་སུ། ལྷ་ཅིག་ལྡེམ་བུ་ལྟད་མོ་ལ་འགྲོ་སྙིང་འདོད་པ་ཞིག་བྱུང་སྟེ། རས་ཆུང་པ་ལ་ནངས་སྔ་ངེད་གཉིས་ལྟད་མོ་ལ་འགྲོ་བ་ཡིན། ཁྱེད་ཀྱིས་ཐུགས་དམ་རྣམས་སྔ་ནས་ཚར་བར་མཛོད། བཅིབ་རྒྱུའི་ཆིབས་པ། གོན་རྒྱུའི་གོས། གདགས་རྒྱུའི་རྒྱན་ཆ་སོགས་གང་དགོས་ནི་མཆིས། སྐྱེས་ཕོ་ལུས་བླངས་པ་ལ་ཁྱེད་ལས་ལེགས་པ་མེད་པས། སྐྱེས་པའི་ཁྲོམ་ཐོག་དེ་ཁྱོད་ཀྱིས་ཆོད་པར་མཛོད། སྨན་མོ་ལུས་བླངས་ཚད་ལ་ང་ལས་མཚར་བ་མེད་པས། སྔར་ཡང་ཁྲོམ་ཐོག་མང་པོ་བཅད། སང་ཉིན་གྱི་ཁྲོམ་ཐོག་དེ་ཡང་ང་ཡིས་ཆོད་པར་བྱེད། ཁྱེད་ཀྱིས་རབས་ཆད་རྒན་རྒོན་གཉིས་ཀྱིས་ཕུལ་བའི་གཡུ་ཆེན་མེ་སྟག་འོད་འཕྲོ། གཙང་རོང་གི་གཡག་སྡེའི་ཞལ་མདའི་རྒན་རྒོན་གཉིས་ཀྱིས་ཕུལ་བའི་གཡུ་ཆེན་སེང་གེ་འགྱིང་འདྲ་གཉིས་ང་རང་ལ་གཡར་པོ་ཞུས་ཞེས་གཡར་བའི་རྗེས་ལ་ཐོབ་པའི་ཆེད་དུ་དམིགས་ནས་གཡར་ཞུ་བྱས།

རས་ཆུང་པའི་ཞལ་ནས་བུ་མོ་ཁྱོད་ཀྱིས་སློང་བ་དེ་འཕྱིས་པ་ཡིན། གཡུ་གཉིས་པོ་མཛེ་སྤྲང་ཞིག་དང་སྤྲང་ཚོགས་ཤིག་གིས་སྔ་ཕྱི་རིམ་པ་བཞིན་བསླངས་པ་ལ་སྟེར་བྱིན་པ་ཡིན་ཞེས་ཞིབ་པར་བཤད་ཅིང་། སང་ཉིན་ལྟད་མོ་ལ་ཁྱོད་རང་འགྲོ་རྒྱུ་གྱིས་ང་རང་མི་འགྲོ་ཞེས་ཁ་བརྡ་བྱེད་པའི་འཕྲོ་ནས། ལྷ་ལྕམ་གྱི་ཐུགས་ལ་མ་སོང་བར་མ་ཟད། ལྷག་པར་དུ་སྲིད་ན་དཀོན་པའི་གཡུ་ཆེན་གཉིས་པོ་སྤྲང་སྦྱིན་བྱས་པའི་གཏམ་དེ་ཐོས་རྗེས། ཤིན་ཏུ་མ་དགའ་བའི་རྣམ་འགྱུར་བསྟན་ཞིང་སྤྲང་པོ་ཁྱོད་རང་ཡིན་དུས་ཞེས་ངན་སྨྲས་མང་དུ་བྱས་ཏེ་སོང་། རས་ཆུང་པའི་ཐུགས་ལ་སྐྱོ་བ་ཆེན་པོ་བྱུང་། ནངས་མོ་གསོལ་ཇ་ངན་ངོན་ཞིག་གཡོག་མོ་ལ་བསྐྱལ་བཅུག་ནས་ལྷ་ལྕམ་མ་ཕེབས། ཅུང་ཟད་གསོལ་རྒྱུ་མ་བྱུང་བའི་བར་གསེང་དེར། གཡུ་མ་ཐོབ་པའི་སྡུག་ཡུས་ལ་ལྟད་མོར་འགྲོ་རྒྱུ་མ་བྱུང་བའི་རྐྱེས་ཀྱིས་བསྐུལ་ཏེ། བཟའ་བཏུང་ངན་པ་འགའ་ཞིག་ཁྱེར་ཡོང་ནས། གང་ཡོང་ཆ་མེད་པའི་སྤྲང་པོ་རང་རྩིས་ཆེ་བ་ཁྱོད་ལ་ཡོད་པའི་གཡུ་གཉིས་སྤྲང་པོ་ལ་བྱིན། དོན་ངོ་མའི་སྤྲང་པོ་ཁྱོད་རང་མིན་ནམ། ངས་ཁྱོད་ལ་གུས་བཀུར་དང་ཞབས་ཏོག་ཞུས་པ་ཆེན་སོང་བ་འདྲ། ད་སྤྲང་པོ་ལ་ཟས་ཞིམ་པོ་ཡི་གར་མི་ཡོང་ན་འདི་རང་ཟོས་ཞེས་མདུན་དུ་བཞག་ནས་སོང་། ལྷ་ལྕམ་གྱི་སྡུག་ཡུས་ཀྱི་ཁ་རྡུང་དང་རྣམ་འགྱུར་ངན་པ་མཐོང་ཐོས་བྱུང་དུས་ཐུགས་སྐྱོ་ཡང་བཟའ་བཏུང་ལ་རྟེན་འབྲེལ་བཟང་པོ་ཞིག་ཏུ་མཐོང་།

དར་ཅིག་ནས་ལྷམ་ལྕམ་གྱིས་ལྟད་མོ་ལ་འགྲོ་བའི་མི་རྣམས་མཐོང་བས་སྔར་ལས་ལྷག་པའི་མི་བཟོད་པ་སྐྱེས་ཏེ། ལྕང་དཀར་གྱི་དབྱུག་པ་ཞིག་ཁྱེར་ནས་རས་ཆུང་པ་དྲུང་དུ་སོང་། རིགས་དང་ལང་ཚོས་དྲེགས་པའི་ང་རྒྱལ་གྱི་ཐོག་ཏུ་གཅེས་ལང་དུ་བཏང་བའི་རྒྱབ་རྩ་ཆེ་བའི་ཞེ་སྡང་གིས་བསྐུལ་ནས། རས་ཆུང་པ་ལ་ལན་མང་དུ་བསྣུན་ཞིང་མདུན་དུ་བཞག་པའི་བཟའ་བཏུང་རྣམས་ངོ་ལ་བཏབ། རས་ཆུང་པས་བཟའ་ཟླ་ཡིན་པའི་བརྩེ་བ་དང་། ཕྱག་རྒྱ་མ་ཡིན་པའི་དམ་ཚིག་གིས་ལན་ལྟ་ཅི་འགོག་རྒོལ་ཡང་མ་མཛད། སྐུ་ཆིངས་བཞེས་མེད་པའི་རྐྱེན་གྱིས་ཚར་གོས་ཕུད་ནས་ལྕང་དཀར་གྱི་དབྱུག་པས་སྙེ་མ་བརྡུང་བ་ལྟར་བྱས་ཤིང་། མཐར་དབྱུག་པ་ཡང་དུམ་བུ་གསུམ་དུ་ཆད། སྐུ་ལུས་ལ་ཡང་རྨ་ཤུལ་མང་དུ་བྱུང་ཞིང་ཁྲག་འབུར་རེ་སོང་། ལུས་ཀྱི་ན་ཟུག་ལས་སེམས་ལ་སྐྱོ་བ་ཆེ་བར་བྱུང་། དེ་ནས་རས་ཆུང་པས་ཆོས་ཀྱི་ངོས་ནས་བླ་མ་དམ་པ། འཇིག་རྟེན་གྱི་ངོས་ནས་ཕ་མའི་སྐུ་ཚབ་ཡིན་པ་རྗེ་བཙུན་མི་ལ་དྲན་ཞིང་། ཁོང་གིས་དབུས་བཞུད་ལ་མ་འགྲོ་གསུངས་པའི་དོན་དང་ཁྱི་མོ་དམར་མོ་ཞིག་གིས་བར་ཆད་འབྱུང་བར་ལུང་བསྟན་པ་དེ་འདི་ཡིན་པ་འདྲ་སྙམ་ནས། དམ་ཚིག་ལས་ཉམས་པའི་ལྷ་ལྕམ་ལྡེམ་བུ་དང་ཁ་བྲལ་ནས་བླ་མ་རྗེ་བཙུན་གྱི་དྲུང་དུ་འགྲོ་བའི་ཐུགས་ཐག་བཅད་ནས་ཕེབས་གྲབས་མཛད་དུས། ལྷ་ཅིག་གིས་བསམ་པར་ཅི་ལའང་ཆགས་ཞེན་མེད་པའི་མི་འདི་མི་འགྲོ་བའི་ངེས་པ་སྟབས། ཤིན་ཏུ་རྩ་ཆེན་དུ་འཛིན་པའི་སྙན་རྒྱུད་ཀྱི་བེའུ་བུམ་འདི་འཕྲོག་དགོས་སྙམ་ནས་བླངས། དེ་ལ་ཡང་འཛིན་མེད་ཀྱི་ངང་ནས་བྱོན་པས། ཁོང་ལ་དང་ཐོག་ནས་ཆགས་ཞེན་མེད་པ་ཞིག་འདུག་དེ་བས་གཡུ་ཡང་སྦྱིན་པ་བཏང་བ་རེད། དོན་ངོ་མ་ང་རང་ལན་འདུག་སྙམ་ནས་རེ་བ་ཞུས་བཤོལ་མ་བཏབ་ཀྱང་བཤོལ་མ་ཐེབས་ནས་རིམ་བཞིན་ཕེབས། མཐར་ཆུ་ཡིས་བར་ལག་འབྱེད་པའི་རབ་ཁ་ནས་རས་ཆུང་གི་སྙིང་ཚིམ་གྱི་མགུར་བཞེངས་རྗེས། ལྷ་ཅིག་ཀྱང་རེ་ཐག་ཆད་ནས་ངོ་ཚ་སྲུང་ཆེད་ཤགས་ལན་གྱི་གླུ་བླངས་ནས་ཕན་ཚུན་ཁ་བྲལ་ཞིང་། རས་ཆུང་པ་བླ་མ་མི་ལ་ཆུ་བར་སྤྲུལ་སྐུའི་ཕོ་བྲང་འབྲི་ལྕེ་ཕུག་ན་བཞུགས་པའི་དྲུང་དུ་སོང་སྟེ་གནས་འདི་དང་ཞལ་གྱེས་པ་ཡིན།

 

སྒྲུབ་ཕུག་ནང་དུ་ཐོན་དུས་རྒྱུ་མཚན་ཅི་ཡང་མེད་པར་སེམས་སྐྱོ་དུང་ངེ་བ་ཞིག་བྱུང་། རྣམ་པ་གོང་ཞུས་ལྟར་ན་ཡང་རྒྱ་ཁྱོན་ནི་གཙང་སྨྱོན་གཤེགས་རྗེས་གཞི་རྒྱ་ཇེ་ཆེར་བཏང་སྟེ། ལྷ་ཁང་གསར་བཞེངས་བྱས་པའི་ཀ་བརྒྱད་མ་ཚད་དུ་གྲགས་པ་དེ་ཙམ་ཡོད་པར་མངོན།  ཐིགས་པའི་སྐྱོན་གྱིས་བསྐྱར་གསོ་བྱ་བའི་ལས་ཀའི་སྟ་གོན་མང་པོ་ཞིག་བྱས་འདུག །འགའ་ཤས་ནི་དུས་ཕྱིས་བཞེངས་པ་མིན་འགྲོ་སྙམ་པའི་ལྷ་སྐུ་ཆེ་མ་ཆུང་གསུམ་འགའ་ཞིག་ལོགས་སུ་རང་གར་བཞག་གདའ། གཞན་དུ་ཀཿ ཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས་གསལ་བའི་རྟེན་ཕལ་ཆེར་བ་ནི། རིག་གསར་གྱི་ལས་འགུལ་འོག་ནས་ཕྱིར་མི་ལྡོག་པའི་ས་རུ་བསྐྱལ་ཟིན་པ་མངོན་སོང་། རྗེ་བཙུན་རས་ཆུང་པའི་སྒྲུབ་ཕུག་རང་དུ་བཞུགས་པའི་བྱིན་རླབས་ཀྱི་སྙན་པ་ཆེ་བའི་གཙང་སྨྱོན་ཧེ་རུ་ཀའི་སྐུ་བརྙན་ལ་མཇལ། མཆོད་པ་དང་གཙང་སྦྲ་ནི་ཡི་མུག་པའི་གནས་སུ་འདུག །

སྐུ་འདི་ཅིའི་ཕྱིར་བཞེངས་ཤིང་གནས་འདིར་བཞུགས་སོ་གསོལ་བའི་ལོ་རྒྱུས་རགས་བསྡུས་ཤིག་ཞུ་ན། གནས་འདི་གླེང་དུས་རྗེ་བཙུན་རས་ཆུང་པའི་རྣམ་ཐར་གྱི་ཟུར་ངོས་ཆུང་ཆུང་ཞིག་ལས་བརྒལ་ཏེ། བོད་གངས་ཅན་ལྗོངས་ལ་ཆོས་རིག་གཉི་གའི་ཐད་ནས་ཤན་ཤུགས་ཆེ་བའི་རྩོམ་པ་པོ་གྲགས་ཅན། ཐེག་པ་ཆེན་པོའི་རྣལ་འབྱོར་པ། གསང་བ་སྔགས་ཀྱི་གྲུབ་ཐོབ་ཆེན་མོ། མཚན་ཡོངས་སུ་གྲགས་པ་གཙང་སྨྱོན་ཧེ་རུ་ཀའི(༡༤༥༢-༡༥༠༧)རྣམ་ཐར་དང་འབྲེལ་བའི་གནས་མཆོག་ཁྱད་པར་ཅན་ཞིག་ཀྱང་ཡིན་ཏེ། ཡར་ལུངས་རས་ཆུང་ཕུག་པ་མཛད་པ་རྣམས་མཐར་ཕྱིན་ནས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་གནས་ཞེས་རྣམ་ཐར་དུ་གྲགས་པ་དེ་ཉིད་ཡིན།

དེ་ཡང་སྐྱེས་བུ་ཁོང་ཉིད་ཕེབས་པའི་ཡར་ལུང་གི་ལམ་ནས་སྙུང་བའི་ཚུལ་བསྟན་ཏེ། སྐུ་མལ་བསྟེན་དགོས་པའི་གནས་སྟངས་འོག་ནས། ཉེ་གནས་རྣམས་ཀྱིས་ཁོང་ལ་རས་ཆུང་ཕུག་སོགས་ཀྱི་བཞུགས་གནས་འགའ་སྙན་གསན་ཕུལ་དུས། རས་ཆུང་ཕུག་པའི་མིང་གསན་པ་ཙམ་གྱིས་ཐུགས་མཉེས་ཤིང་། རྟེན་འབྲེལ་གྱི་བརྟག་པ་ཡང་བབས་ཏེ། ང་དེར་འགྲོ་བུ་ཁྱིམ་དུ་ཕ་འཆི་བ་ཡིན་གསུངས་ནས་གནས་འདིར་ཕེབས། སྐབས་རེ་སྐུ་མཚམས་དམ་པའི་སྒྲུབ་པ་རེ་ཡང་མཛད་ཅིང་། མཚམས་རེ་གསང་རྣམ་ཟབ་མོ་སོགས་ཀྱི་ཆོས་ཀྱང་གསུངས། དེ་ནས་མྱ་ངན་ལས་འདའ་བའི་བཀའ་ལུང་གནས་རྗེས། འཁོར་རྣམས་སྐྱོ་གདུང་གིས་ཡིད་རབ་ཏུ་མནར་ཞིང་། མགོན་མེད་དྭ་ཕྲུག་ཏུ་ལུས་པའི་ངེད་ཅག་ལ་སྤང་བླང་གི་གནད་སྟོན་པའི་བཀའ་ལུང་ཞིག་གནང་བར་ཞུས་པས། ད་མལ་གྱི་ཐ་མར་འདའ་ཁའི་བཀོད་པ་མང་པོ་བྱས་ནས་དགོས་པ་མེད། ངའི་ཁ་ལ་ཉན་ན། “ད་དུང་མི་ལའི་རྣམ་ཐར་ལ་ལྟོས།” ཞེས་ཐ་མའི་ཁལ་ཆེམས་ཀྱི་གདམས་ངག་ཏུ་གནང་བར་མཛད། དེ་ནས་དགུང་ལོ་ལྔ་བཅུ་རྩ་དྲག་བཞེས་པའི་རབ་བྱུང་དགུ་པའི་མེ་ཡོས(༡༥༠༧)ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས། ཉིན་འགའ་གདུང་མཇལ་གྱི་ལས་རིམ་གྲུབ་རྗེས་གདུང་ཞུགས་ཕུལ། ངོ་མཚར་གྱི་ལྟས་དང་རྩ་ཆེ་བའི་གདུང་རྟེན་སྣ་ཚོགས་བྱུང་། སྐབས་དེེར་དབེན་གནས་འདི་རུ་གདུང་མཇལ་བའི་ཁྲོམ་ཚོགས་མང་ཞིང་། སློབ་རྒྱུད་དུ་གཏོགས་པའི་འདུས་པ་བརྒྱད་བརྒྱ་ཉེར་བཞི་ཙམ་འཚོགས་པ་རྣམས་ལ་ཚོགས་འཁོར། མང་ཇ་དང་གསེར་འགྱེད། གདུང་རྟེན་སོགས་གནང་།

དངོས་སློབ་རྒོད་ཚང་རས་པའི་ཞལ་ནས། གྲུབ་པའི་དབེན་གནས་རྩ་མཆོག་གཉིས་པ། དཔལ་རས་ཆུང་ཕུག་ཏུ་གདུང་ཐལ་དང་དར་འདམ་ལས་གྲུབ་པའི་སྐུ་འདྲ་ཁྱེའུ་ལོ་བརྒྱད་པའི་བོངས་ཚད་ཙམ་ཞིག་བཞེངས་ཏེ། དེ་ཡང་རབ་གནས་གྲུབ་པ་ཞལ་རས་ལ་རྡུལ་མི་ཆགས་ཤིང་། མཐོང་བ་ཙམ་གྱིས་དད་ཅན་རྣམས་ཡིད་འཕྲོག་པ་གཅིག་བྱུང་ཞིང་། གནས་དེར་ཡང་སྒྲུབ་སྡེ་རྒྱུན་ཆགས་དང་བཅས་སྐུ་འདྲ་རིན་པོ་ཆེ་འགྲོ་དོན་དུ་བཞུགས་སོ། །ཞེས་གསུངས་པ་ལྟར། དང་ཐོག་སྒྲུབ་གྲྭ་བཅོ་ལྔ་བཞུགས་པར་གསལ་ཞིང་། དེ་ནས་གོང་དུ་བཤད་པའི་འདུ་ཁང་བཞེངས་པ་སོགས་མཛད་དེ་དགེ་འདུན་གྱི་སྡེ་ཡང་རྒྱས་པར་མངོན་ནོ། ། རབ་བྱུང་གཅུ་གཉིས་པའི་ཆུ་སྟག(༡༧༢༢)ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་གནས་འདིར་མཇལ་སྐོར་ལ་ཕེབས་དུས། སྒྲུབ་ཕུག་ཕྱག་མཛོད་ཀྱིས་སྣེ་ལེན་གང་བཟང་གནང་ཞིང་། གཙང་སྨྱོན་ཧེ་རུ་ཀའི་སྐུ་འདི་མཇལ་བའི་མོད་ལ་སྐུ་ལུས་ནས་བདུད་རྩི་ཟིལ་ཁྲོམ་མེར་བབ་པ་དཀོར་གཉེར་སོགས་ཐུན་མོང་གིས་མཐོང་བར་གསུངས་འདུག །དེ་ནས་སྐུ་ཞབས་སི་ཏུས་རྟེན་རྣམས་ལ་མཆོད་འབུལ་དང་། གྲྭ་ཚང་ལ་མང་འགྱེད་མཛད་པ་གསལ་བས། སྐབས་དེར་དགེ་འདུན་པ་མང་པོ་བཞུགས་ཡོད་པ་མ་ཟད། སི་ཏུ་ཆོས་ཀྱི་རྒྱ་མཚོ(༡༨༨༠-༡༩༢༤)རབ་བྱུང་བཅོ་ལྔ་པའི་ས་རྟ(༡༩༡༨)ལོར་གནས་འདིར་ཕེབས་དུས་ཀྱང་། ཕྱི་ནང་གི་བཀོད་པ་རྒྱས་ལ་མ་ཉམས་པར་གནས་ཡོད་པ་གསལ་ཡང་གཙོ་བོ་དུས་ངན་མའི་འོག་ནས་མཇུག་དྲིལ་བར་བ་ཡིན།

ད་ལྟ་ནི་ཆོས་དད་རང་མོས་ཀྱི་དགོངས་དོན་ལྟར། ས་གནས་འདི་ག་རང་གི་རྒས་པོ་ཞིག་དཀོར་གཉེར་ལ་བཞག་ནས། སེར་བོ་མ་དག་དབེན་གནས་རྣམས་སུ་མཚམས་སྒྲུབ་ལ་མོས་པ་མེད་པའི་དོན་བཞིན་འདུག་ཀྱང་མི་ཆོག་པ་མཛད་བཞག་འདུག །

 

ད་ནི་རྗེ་བཙུན་རས་ཆུང་པ་རང་དང་འབྲེལ་བ་ཡོད་པའི་རྟེན་རྫས་གཉིས་ཀྱི་ངོ་སྤྲོད་རོབ་ཙམ་ཞུ་འདོད་བྱུང་།

དེ་ལ་གཅིག་ནི་དཀོར་གཉེར་གྱིས་བཤད་པ་ལྟར་ན་རས་ཆུང་པའི་ཞབས་རྗེས་སུ་གྲགས་པའི་རྡོ་ཞིག་རེད། ངེད་ཀྱིས་བལྟད་ཚོད་ལ་ནི་ཡུ་བ་མེད་པའི་ལྷམ་དང་འདྲ་བ་ཞིག་ལས་ཞབས་རྗེས་སུ་མ་མཐོང་། ང་ཚོ་བོད་ཀྱི་རྟེན་འབྲེལ་གྱི་ལྟ་སྟངས་ལྟར་ན། ལྷམ་དང་འདྲ་བའི་རྡོ་རྙེད་ན་རྒྱལ་ཁམས་ཕྱོགས་མེད་དུ་བསྐོར་བའི་རྟེན་འབྲེལ་དུ་བརྩི་ཞིང་། དེ་ཡང་ཁམས་ཁུལ་ལྟར་ན་དབུས་ཉི་མ་ལྷ་ས་ལ་འགྲོ་བའི་ལྟས་བཟང་དུ་བརྩིས་ཏེ་ཉར་ཚགས་བྱ་སྲོལ་ཡོད། དེས་ན་རྒྱལ་ཁམས་ཕྱོགས་མེད་དུ་བསྐོར་བར་ཐུགས་མཉེས་པའི་རྗེ་བཙུན་རས་ཆུང་པ་རང་གིས་ཀྱང་། དེ་ལྟར་ལྟས་བཟང་དུ་བརྩིས་ནས་ཉར་བའི་རྡོ་ཞིག་མིན་འགྲོ་སྙམ་ཡང་། དཔྱད་གཞི་གཞན་པ་ནི་མ་རྙེད།

 

གཉིས་པ་ནི་རྗེ་བཙུན་མི་ལའི་ཕྱག་འཁར་རེད། འདི་ནི་མཇལ་དུས་ཐུག་འདོད་སྐྱེ་ཞིང་། ཐུག་དུས་ཡང་ཡང་ལྟ་འདོད་སྐྱེ་ཡོང་བའི་ཕྱག་འཁར་ཞིག་འདུག །ཡ་མཚན་སྐྱེ་བའི་དོན་འདིར་བསམ་དུས་གློ་བུར་དུ་རས་ཆུང་པས་རྗེ་བཙུན་ལ། སྨན་མཆོག་རྒྱལ་པོ་ཨ་ག་རུའི། །ཕྱག་མཁར་མཁའ་འགྲོས་མངའ་གསོལ་བ། །རིན་ཐང་མེད་པའི་ཡ་མཚན་ཅན། །ཏི་ཕུ་གསང་སྔགས་སྡོང་པོ་ཡིས། །རྗེ་བཙུན་དྲུང་དུ་སྐྱེས་སུ་ཕུལ། །དེ་ཡ་མཚན་ཆེ་བས་གཟིགས་བཞིན་དུ། །ཞེས་ཞུས་པའི་མགུར་ཚིག་འདི་ཡིད་ལ་འཆར་ཡོང་།

ཕྱག་འཁར་འདིའི་རིང་ཚད་ལ་སྨི་ཕྱེད་གཉིས་ལྷག་ཙམ་ཡོད་པ་འདྲ་ཞིང་། ཁ་དོག་ནི་སེར་སྨུག །རྒྱུ་ཆ་ནི་ཨ་ག་རུ་ནག་པོ་ཞིག་མིན་འགྲོ་སྙམ་པ་ཞིག་འདུག །ལྗིད་ཚད་ནི་ཧ་ཅང་ཡང་བ་དང་ལྕི་བའི་མཐའ་ལ་མ་ལྷུང་བའི་ལྕི་ཡང་རན་པོ་ཞིག་རེད། སི་ཏུ་པཎ་ཆེན་གྱི་རང་རྣམ་ནང་དུ། ཨ་ག་རུ་ཟེར་བ་ནི་ཨ་གུ་རུ་ཟུར་ཆག་ཡིན་དེ་བོད་སྐད་དུ་ལྕི་མེད་ཅེས་པར་འགྱུར་བས་ཁ་དོག་ཇི་ལྟར་ཡང་ཡང་བ་ཞིག་ཡོད་དགོས་པ་དང་། ཞེས་གསུངས་པར་མཛད་ན་ཡང་། དངོས་འབྲེལ་བྱས་ན་ཨ་ག་རུ་ནི་ཅུང་ཟད་ལྕི་ལ་མཁྲེགས་པའི་ཤིང་གི་རིགས་ཤིག་ཡིན་པ་ཡོངས་གྲགས་ལྟར་ན། ཨ་གུ་རུའམ་ལྕི་མེད་ལ་གོ་དོན་གཞན་ཞིག་མེད་པའང་མི་སྲིད། དཔེར་ན་རིན་ཐང་མེད་ཅེས་པ་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་དངོས་ཀྱི་བརྗོད་ཚུལ་ལྟར་སྙིང་པོ་མེད་པ་ལ་གོ་ཞིང་། གཞན་ནི་རིན་ཐང་གཞལ་དུ་མེད་པའི་དོན་ལ་འབྲེལ།

དེ་བཞིན་ཨ་གུ་རུ་འམ་ལྕི་མེད་ཅེས་པའི་གོ་དོན་ནི། ལྕི་བའི་ཡོན་ཏན་གོང་དུ་མེད་པའི་བསྔགས་བརྗོད་ཀྱི་མིང་དང་འབྲེལ་བ་མེད་པའང་མི་སྲིད་ཅིང་། གོང་དུ་དྲངས་པའི་རས་ཆུང་པའི་གསུང་དུ་ཡང་། སྨན་མཆོག་རྒྱལ་པོ་ཨ་རུ་དང་། རིན་ཐང་མེད་པ་དང་། ཡ་མཚན་རིན་ཆེན་ནོར་གྱི་མཆོག་སོགས་ཀྱི་ཐ་སྙད་ལའང་ཐུགས་བསམ་བཞེས་རྒྱུ་ཡོད་པ་འདྲ། གང་ལྟར་རྗེ་བཙུན་ལ་ངོ་མཚར་བའི་ཨ་ག་རུའི་ཕྱག་འཁར་ཞིག་ཡོད་པ་ནི། ཇོ་སྲས་དར་མ་མདོ་སྡེ་པཎྜི་ཏ་གྷ་ཡ་དྷ་རའི་སྲས་དྷརྨ་བཛྲའི་ཕུང་པོ་ལ་གྲོང་འཇུག་བྱས་ཏེ་ཏི་ཕུ་གསང་སྔགས་ཀྱི་སྡོང་པོ་ཞེས་གྲགས་པའི་ཞལ་སྔ་ནས། ད་ལྟ་རྒྱ་བོད་གཉིས་ཀྱི་ཆོས་པ་ལ་ངའི་སྐྱེ་བ་སྔོན་མའི་ཡབ་ཆེན་པཎ་ཆེན་ནཱ་རོ་པའི་སྲས་ཀྱི་ཐུ་བོ་ལོཙྪ་མར་པའི་སློབ་མ་བླ་མ་མི་ལས་བཟང་བ་མེད། ཤིང་ཨ་རུ་ནག་པོ་འབའ་ཞིག་གི་ཕྱག་འཁར་འདི་ལམ་དུ་མ་བརླག་པ་གྱིས་ལ་ཕྱག་ཏུ་ཕུལ། ཁོང་སྤྲང་བ་ལ་ཐུགས་མཉེས་པས་རྟའི་དོད་ཡིན། ཁྱེད་རང་ཡང་ལུས་ངག་ཡིད་གསུམ་གུས་པའི་ཞབས་ཏོག་གང་ནུས་འབུངས་ཤིག །ཅེས་གསུངས་པ་འདི་ལས་རྗེས་སུ་དཔོག་ཐུབ། རྗེ་བཙུན་གཤེགས་རྗེས་སྨན་ལུང་ཆུ་བར་གདུང་མཆོད་མཛད་ཅིང་། སྐབས་དེར་རས་ཆུང་པས་དད་རྟེན་དུ་ཕྱག་འཁར་གདན་དྲངས་པའི་ལོ་རྒྱུས་ལྟར་ན། ཕྱག་འཁར་གང་ཉིད་གནས་འདིར་བཞུགས་སུ་གསོལ་བའི་ལོ་ཚིགས་རགས་པ་ཞིག་ནི་བསྒྲིག་པར་ནུས་སོ། །

འདི་ལ་དཔྱད་དགོས་པ་ཞིག་ནི། ཀཿ ཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས། རས་ཆུང་ཕྱག་འཁར་རྒྱ་གར་གྱི་རམ་པ་སྟེ་དུར་ཚིགས་གཉེར་བཞི་ལ་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་བཞུགས་པ། ཞེས་གསུངས་པའི་ཚིག་འདིར་ཡིག་ནོར་ཡོད་གཤིས། རྣམ་པ་དང་རྒྱུ་ཆ་གང་འདྲ་ཞིག་ཡིན་པ་བློ་ངོར་འཆར་དཀའ་ཡང་། ད་ལྟ་རྗེ་མི་ལའི་ཕྱག་འཁར་དུ་གྲགས་པ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་འདི་ལས་གཞན་པ་ཞིག་མིན་འགྲོ་སྙམ་ཡང་། གོང་གི་རས་ཆུང་པའི་ཕྱག་འཁར་གྱི་བཤད་པ་ལས་ལོགས་སུ་མི་ལའི་ཕྱག་མཁར་ཡོད་པའི་བཤད་པ་མེད་སྟབས། འདི་ནི་དངོས་པོ་གཅིག་ལ་བཤད་པ་འདྲ་མིན་གཉིས་བྱུང་བར་མངོན་ནོ། །བཤད་པ་གཉིས་པི་འགལ་བ་ཡིན་དགོས་པའི་ངེས་པ་ཡང་མེད་དེ། ཏི་ཕུའི་ཕྱག་འཁར་མི་ལར་གནང་རྗེས་མི་ལའི་ཕྱག་འཁར་དང་། རྗེ་མི་ལས་རས་ཆུང་པ་ལ་གནང་རྗེས་རས་ཆུང་པའི་ཕྱག་འཁར་དུ་འབོད་མི་སྲིད་པ་ནི་མ་ཡིན། གང་ལྟར་རས་ཆུང་པ་རྒྱ་གར་ནས་ཚུར་ཕེབས་དུས་ཏི་ཕུས་སྐྱེས་སུ་བསྐུར་བ་དེ་ཕྱག་འཁར་མཛད་ནས་ཕེབས་པ་ལས། ཕྱག་འཁར་གཞན་པ་ཡོད་པའི་གསལ་ཁ་མེད་ལ། ལྷག་པར་དུ་བྱིན་རླབས་ཅན་དུ་གྲགས་པའི་ཕྱག་འཁར་དེ་ནི། བུ་ཆེན་བཅུ་གཉིས་ཀྱིས་བསྒྲིགས་པའི་མི་ལའི་རྣམ་མགུར་ནང་དུ། སྨན་མཆོག་ཨ་ཀ་རུ་ཆེན་ལ། །ཕྱག་འཁར་མངའ་གསོལ་ཏི་ཕུས་མཛད། །ཡ་མཚན་རིན་ཆེན་ནོར་གྱིས་མཆོག །དེ་ལ་མཁའ་འགྲོའི་བྱིན་རླབས་ཡོད། །དེ་ཡང་བླ་མའི་ཕྱག་ཏུ་འབུལ། །ཕ་ཡིས་གཟིགས་ལ་བཞེད་པར་ཞུ། །ཞེས་རས་ཆུང་པས་རྗེ་བཙུན་ལ་ཕུལ་བའི་མགུར་ཚིག་འདི་ལས་ཀྱང་། རྟེན་གྱི་བཤད་པ་མཛད་ནས་ཉར་རྒྱུའི་ཕྱག་འཁར་ནི་ཏི་ཕུས་གནང་བ་དེ་ལས་མེད་པར་སེམས་སོ། །

ངེད་གཉིས་ཀྱིས་རྟེན་རྣམས་མཇལ་སྐོར་གྲུབ་རྗེས། གོང་དུ་བཤད་པའི་འདུ་ཁང་གི་ཤུལ་དུ་སོང་ནས་ལྟ་སྐོར་བྱས། མགོན་ཁང་གི་ཤུལ་དང་། ཀརྨ་པ་ཞྭ་དམར་ནག་གསུམ་གྱི་འདག་སྐུ་མི་ཚད་མ་སོགས་བཞུགས་པའི་གཡས་ཀྱི་ལྷ་ཁང་ཀ་བཞི་མའི་ཤུལ་ནི་གསལ་པོར་མ་ངེས། ཆོས་བརྒྱུད་ནི་གཙོ་བོ་འབྲུག་པ་བཀའ་བརྒྱུད་ཀྱིས་འཛིན་སྐྱོང་གནང་བར་སྨོས་སུ་མེད་ཅིང་། སྒྲུབ་ཕུག་ནང་གི་རྟེན་དུ་ཀརྨ་པ་དབང་ཕྱུག་རྡོ་རྗེའི་སྐུ་བཞུགས་ཚུལ་དང་། གཡས་ཀྱི་ལྷ་ཁང་ཀ་མའི་རྟེན་གཙོ་ཡང་ཀརྨ་པ་ཡབ་སྲས་ཡིན་པར་གཞིག་ན། ཀམ་ཚང་ལ་ཡང་འབྲེལ་བ་ཡོད་པར་མངོན་འདུག །

གནས་འདིར་ཐོན་པའི་དགའ་བ་དང་མཐོང་བའི་སྐྱོ་བ་གཉིས་པོ་ཟུང་དུ་འཇུག་པས། དགའ་བྱུང་དགའ་བྱུང་ལ། །སྐྱོ་བྱུང་སྐྱོ་བྱུང་ལ། །ཞེས་ངག་ནས་དབྱངས་རྟ་ཐུང་ངུ་ཞིག་ཀྱང་ཤོར།

 

ད་ནི་སྤྱི་མསྡོམས་ཀྱིས་མཇུག་བསྡུ་བ་ཡིན་ན།

དང་ཐོག་བསོད་ནམས་ལྡན་པའི་སྐྱེས་བུ་རྣམས་ཀྱིས་གནས་འདིར་དངོས་གྲུབ་བརྙེས་ཤིང་། བར་དུ་སྐལ་རྣམས་ཀྱིས་སྒྲུབ་པ་དང་ངོ་མཚར་གྱི་བཀོད་པ་མཇལ། ཐ་མ་བསོད་ཟད་དག་ལ་སྙིང་རླུང་ལྡང་བའི་མཁར་གྱང་གོག་པོ་ཤུལ་དུ་བཞག་ཡོད་པ་འདི་རང་། གནས་འདིའི་དར་གུད་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྤྱི་བསྡོམས་སུ་ངེས་པའོ། །

དེ་ནས་གླ་འཁོར་དུ་བསྡད་ནས་བཻ་རོ་ཙ་ནའི་སྒྲུབ་ཕུག་མཇལ་དུ་སོང་བ་ཡིན།

གསལ་ཁ་དང་འཐུས་སྒོ་ཅུང་ཟད་ཇེ་ཚང་དུ་བཏང་སྟེ་ཡར་ལུང་རས་ཆུང་སྒྲུབ་ཕུག་གི་ངོ་སྤྲོད་དུ་དམིགས་ནས་དག་བཅོས་ཀྱང་བགྱིས་པ་ཡིན། འདི་ནི་གཏེར་ཆོས་དང་གཏེར་ལུང་དག་ལ་འབྲེལ་བ་མེད་གཤིས། བཀའ་བརྒྱུད་པའི་སྐྱ་སེར་རྣམས་ལ་དགོས་མཁོ་མེད་ཀྱང་། གོང་དུ་དྲངས་པའི་ཡིག་ཆ་རྣམས་སུ་ཁ་འཐོར་ཅི་རིགས་འཁོད་པ་དག་ཕུད། སྒྲུབ་ཕུག་འདིའི་ལོ་རྒྱུས་ལྟ་ཅི་ངོ་སྤྲོད་ཀྱི་རྩོམ་ཐུང་ཞིག་ཀྱང་མ་མཐོང་བའི་རྐྱེན་བྱས་ནས། ཉིན་ཐོའི་རང་གཤིས་དང་འགལ་མིན་ལ་མཉམ་མ་བཞག་ནས་བྲིས་པའོ། །

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4620