ཞྭ་ནག་པ། ༡༩༩༩ལོར་ཕ་ཡུལ་གསེར་རྟ་རགས་བཀྲམ་གྱི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། དངོས་མིང་ལ་གཞན་ཕན་ཉི་མ་ཟེར། ༢༠༡༠ལོར་རགས་བཀྲམ་ཨ་མའི་གཅེས་སྐྱོང་སློབ་གྲྭར་ཞུགས། ༢༠༡༧ལོའི་ཡས་མས་ནས་བོད་ཀྱི་རྩོམ་རིག་ལ་སྦྱང་བ་ཅུང་ཙམ་བྱས་ཤིང་བརྩམས་ཆོས་རེ་འགའ་མཆོད་མེ་བོད་ཀྱི་དྲ་བ་དང་དེབ་རེ་འགའ་རུ་བཀོད་མྱོང་། ད་ལྟ་སྐད་ཡིག་རང་འདུན་པའི་ལས་ཀ་གཉེར་བཞིན་ཡོད།
མིང་མེད།
མེ་ལོང་ནང་དུ
འཇིག་རྟེན་གྱི་གྲིབ་གཟུགས་ཕྱེད་ཙམ་ཤར
དོར་མ་མེད་པའི་བུད་མེད་དེ་ཚོར
ད་ལྟ རྨི་ལམ་མེད་ཅིང་འཚོ་བའང་མེད
ཆ་མི་ཚང་བའི་ལུས་པོ་དེ
སྲོག་ཆགས་ར་བའི་ནང་གི་རི་དྭགས་བཞིན
ཧ་ཅང་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་ཤར
༢༠༢༤-༣-༣༡
ཆང་དང་མཚན་མོ།
མཚན་མོ་དེར
རྒྱང་རིང་གི་གནས་ནས
སྐད་ཆ་མང་པོ་ཞིག་སེམས་པའི་ནང་དུ་བླུགས་རྗེས
རྨི་ལམ་དུ་ཡང་སོ་སོའི་གཟུགས་བརྙན་བྲིས
ཡང་ན ཡིག་འབྲུ་ཁྲི་ཕྲག་གི་ནང་དུ
འུ་གཉིས་ཀྱིས་འཚོ་བ་གླེང་ཞིང་འཚོ་བ་བྲིས
གཉིད་བཤད་ལ་གོམས་པའི་ཁྱེད་ཀྱིས
ཅི་ཞིག་གསང་བའི་ཆེད་དུ
ང་ལ་བློ་འདྲི་ཡང་ཡང་བྱས
གང་ལྟར འུ་གཉིས་ནི་ཆང་དང་སྙན་ངག་ཡིན
༢༠༢༤-༣-༡ཉིན།
ཁ་བ། ཁ་བ།
ལོ་ཟླར་བསྙལ་བའི་ནས་ཆང་བཞིན
ཁ་བ་འདི་འཁྱག་སིབ་སིབ་ཀྱིས་བབས
ངས་དགུན་ཁ་འདིའི་གྲང་འཁྱག་ཡོད་ཚད
བཤད་མ་ཐུབ་པའི་སྐད་ཆ་ཞིག་ལྟར
སེམས་པའི་ནང་དུ་ཡུན་རིང་པོར་ཉར
འཇིག་རྟེན་འདིའི་རྡུལ་ཕྲན་མ་ལུས
ཁ་བ་བཞིན་དཀར་པོ་དཀར་རྐྱང་ཡིན་ན
ངས་སེངྒེའི་འོ་མ་འཐུང་བའི་མྱི་རབས་དེར
སྐད་དམའ་མོའི་སྙིང་གཏམ་ཚིག་གསུམ་ཞུས་ཆོག་གམ
རྨི་ལམ་ནང་དུ
གངས་རི་དང་ནགས་ཚུལ་བརྒྱུད་ནས
ཕ་ཡུལ་མིན་པའི་ཕ་ཡུལ་ཞིག་བརྒྱུད་པ་རྨིས
༢༠༢༤-༢-༢༣ཉིན་ཕ་ཡུལ་དུ།
བློས་མི་ཐོང་བ་དེ་དག
ཕྱི་དྲོ་ཧྲིལ་བོ་ཞིག་ལ་ངས་ཁྱོད་ཁོ་ན་དྲན
འུ་གཉིས་ཀྱིས་ཁང་མིག་གཅིག་གི་ནང་ནས་སོ་སོར་འཕྲིན་པ་བསྐུར
འཆར་ཡན་ནང་གི་མེ་ཏོག
དུས་ཚོད་ཀྱི་ཐྲག་སྒྲའི་ཁྲོད་ནས་སྐམ་སོང་ནའང
ངས་སང་ཉིན་གྱི་ཞོགས་པར་སྔར་བཞིན་གླུ་གཞས་གཏོང་ཆོག
ཁྱོད་རང་བུད་འགྲོ་རོགས
ངའི་གྲིབ་མའི་ནང་དུ་གདམ་གསེས་མི་ཐུབ་པའི་ལྗོན་ཤིང་མང་པོ་བཞད་འདུག
ད་ལྟའི་མིག་མདུན་གྱི་དངོས་པོ་མཐའ་དག་འདྲི་རྟགས་ཁོ་ནར་གྱུར་འདུག་པས
ངས་རང་ཉིད་བོར་འགྲོ་བར་ཡང་ཧ་ཅང་སྐྲག
༢༠༢༤-༢-༢༠ཉིན།
ཕྱི་དྲོ།
ཕྱི་དྲོ་འདིའི་ཡུལ་ལྗོངས་མ་ལུས
ཁ་དོག་གཅིག་གིས་ཀྱང་མཚོན་ཐབས་མི་འདུག
མེ་ཏོག་འཐོར་ཤུལ་གྱི་སྦྲང་བུ་ཞིག་ལྟར
ང་ཡང་ཁ་རོག་གེར་བུད་སོང
ཡུལ་ལྗོངས་དེ ཡུལ་ལྗོངས་གཞན་ཞིག་གིས་འདྲུད་ཀྱིན་འདུག
ང་ཚོས་བརྩེ་དུང་གི་ལྗོན་པ་ཆེན་པོ་ཞིག་གསོ་དགོས་ཡོད་དེ
འུ་ཅག་ལ་མཁོ་བ་ནི་ལྗོན་ཤིང་དེའི་མཛེས་སྡུག་མ་ཡིན་པར
འཚོལ་གྱིན་པའི་ལྗོངས་ཤིང་དེའི་བསིལ་གྲིབ་ཁོ་ནའོ
གང་ལྟར ཕྱི་དྲོ་ཞིག་འདི་ལྟར་བུད་སོང་ན་ཡང
ང་ཚོ་སྔར་བཞིན་འགྲོ་དགོས་ཡོད
༢༠༢༤-༡-༡༢ཉིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4611
དཔྱད་མཆན་སྤེལ།