ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་སེམས་ཙམ་པ་འམ་རྣལ་འབྱོར་སྤྱོད་པའི་རྩ་བའི་དབྱེ་བར་རྣམ་བདེན་རྫུན་བཞག་པའི་མགོ་ཁུངས་གང་ཡིན་ཐད་ཁོ་བོས་དེ་སྔ་ཡིག་ཆ་མ་མཐོང་བས། ཐེངས་འདིར་རྒྱ་གཞུང་གི་ཡིག་ཆ་འགའ་ཤས་དང་འབྲེལ་ཏེ་དཔྱད་པ་མདོར་བསྡུས་གནང་ཡོད།
ནང་པའི་གྲུབ་མཐའ་བཞི་བོའི་འཕེལ་རིམ་ཁྲོད་ནས་གྲུབ་མཐའ་ནང་གསེས་སུ་རྩ་བའི་འདོད་ཚུལ་མཚུངས་ཀྱང་བྱེ་བྲག་གནས་ལུགས་གཏན་ལ་ཕབས་སྟངས་མ་འདྲ་བའི་དབང་གིས་དབྱེ་བ་མང་དུ་བྱུང་ཡོད་ལ། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་སེམས་ཙམ་པ་ཡང་དེ་ལས་མ་འདས་པས་ནང་ཁུལ་དུ་རྣམ་བདེན་རྫུན་གྱི་རྩ་བའི་དབྱེ་བ་གཉིས་བྱུང་། ཕྱིས་བྱུང་བོད་ཀྱི་མཁས་གྲུབ་ཕལ་ཆེར་གྱིས་སེམས་ཙམ་པའི་དབྱེ་བ་བཞག་པའི་ཚེ་རྣམ་བདེན་རྫུན་མི་བཞག་མཁན་གྱི་མཁས་པ་གཅིག་ཀྱང་མེད་དོ།། དབྱེ་བ་འདི་གཉིས་ཚིག་ཅུང་རྒྱས་པའི་སྒོ་ནས་བཤད་ན་སེམས་ཙམ་རྣམ་བདེན་པ་དང་སེམས་ཙམ་རྣམ་རྫུན་པ་ཞེས་ཟེར། དང་པོ་སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པའི་གོ་དོན་ནི་རིམ་བཞིན། དུས་རབས་བཅུ་གསུམ་པའི་ནང་ལ་བྱོན་པའི་ཇོ་ནང་ཀུན་མཁྱེན་ཉ་དབོན་པ་ཀུན་དགའ་དཔལ་(༡༢༨༩_༡༣༧༩)་གྱིས་མཛད་པའི་ཉཱ་ཊིཀ་ཡིད་ཀྱི་མུན་སེལ་ལས། (སེམས་ཙམ་རྣམ་བདེན་པའི་མཚན་ཉིད། ཐེག་ཆེན་སེམས་ཙམ་པ་གང་ཞིག སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་བདེན་པར་འདོད་པའོ།། སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད། གང་ཞིག དེ་དོན་དམ་པར་སེམས་སུ་མི་བདེན་པར་འདོད་པའོ།།) ཞེས་པ་ལས་གསལ། སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་བདེན་དང་མི་བདེན་པའི་དོན། དུས་རབས་བཅུ་བདུན་པའི་ནང་ལ་བྱོན་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་(༡༦༤༨_༡༨༢༡མཆོག་གིས་མཛད་པའི་གྲུབ་མཐའ་ཆེན་མོ་ལས། (འཇུག་ཤེས་ལ་འཕྲལ་གྱི་གནོད་མེད་ལ་རགས་སོགས་སུ་སྣང་བ་ལ་རྣམ་བདེན་པས་མ་རིག་པས་མ་བསླད་ལ། དེ་ཕྱི་དོན་དུ་སྣང་བ་ལ་མ་རིག་པས་བསླད་པ་དང་། རྣམ་རྫུན་པས་རང་རིག་མ་གཏོགས་པའི་སོ་སྐྱེའི་རྒྱུད་ཀྱི་མངོན་སུམ་ལ་མ་རིག་པས་མ་བསླད་པ་མེད་པས་མངོན་སུམ་དེ་དག་ལ་སྣང་བ་ལྟར་མ་གྲུབ་པས། རགས་སོགས་ལ་འཁྲུལ་བ་དང་དེ་ལ་བསླུ་བར་སོང་བ་དང་རྫུན་པར་སོང་བ་རྣམ་རྫུན་པས་དབང་མངོན་སོགས་མི་བདེན་པའི་དོན་དང་། ཡུལ་ལྔ་སྣང་བ་ལྟར་མ་གྲུབ་པ་ཡང་ཡུལ་མི་བདེན་པའི་དོན་དང་། རྣམ་བདེན་པས་ཡུལ་ཡུལ་ཅན་དེ་ལས་བཟློག་པ་སྐབས་འདིའི་བདེན་པའི་དོན་ཡིན་ཏེ།)ཞེས་གསུངས་སོ།།
འོ་ན། རྣམ་བདེན་པ་དང་རྣམ་རྫུན་པ་ཞེས་པའི་སེམས་ཙམ་པའི་རྩ་བའི་དབྱེ་བ་འདི་ཐོག་མར་རྒྱ་བོད་ཀྱི་གཞུང་ཚད་ཐུབ་གང་ལས་བཞག་ཡོད་ཅེ་ན། སེམས་ཙམ་པའི་རྩ་བའི་དབྱེ་བ་ལ་རྣམ་བདེན་རྫུན་ཐོག་མར་བཞག་སའི་གཞུང་ནི་རྒྱ་གཞུང་ཡིན་པར་གྲུབ་ཏེ། བྲམ་ཟེ་རབ་འབྱོར་དབྱངས་ཀྱི་ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ལས། (རྣམ་བདེན་སྣ་ཚོགས་གཉིས་མེད་དེ། །ཤེས་པ་གཅིག་གི་ངོ་བོར་བདེན། ། ཞེས་པ་ནས། རྣམ་རྫུན་ལ་ཡང་གཉིས་སུ་འདོད། །) ཅེས་རྣམ་རིག་པ་འམ་སེམས་ཙམ་པའི་ལུགས་བཤད་སྐབས་དབྱེ་བ་དེ་ལྟར་བཞག་པས་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས་སེམས་ཙམ་པའི་དབྱེ་བ་ཐོག་མར་རྒྱ་གཞུང་ལས་བཞག་པར་གྲུབ། འོན་ཀྱང་གཞུང་འདི་ལས་རྣམ་བདེན་པ་དང་རྣམ་རྫུན་པའི་སློབ་དཔོན་སུ་སུ་ཡིན་དངོས་འཛིན་གསལ་བར་མཛད་མེད། དེའི་ཐད་ལ་སྤྱི་ལོའི་དུས་རབས་བརྒྱད་པ་དང་དགུ་བ་ཡས་མས་སུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་བྱང་ཆུབ་བཟང་པོའི་རྣམ་བདེན་རྫུན་ཀྱི་སློབ་དཔོན་སུ་ཡིན་ངོས་འཛིན་འདི་ལྟར་མཛད་དེ། ཡེ་ཤེས་སྙིང་པོའི་ཀུན་ལས་བཏུས་པའི་བཤད་སྦྱར་ལས། (འདིར་རྣལ་འབྱོར་སྤྱོད་པ་ནི་རྣམ་པ་གཉིས་ཏེ། རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའོ། ། དེ་ལ་རྣམ་པ་དང་བཅས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་དག་གི་འདོད་པ་སྟེ ། རྣམ་པ་གཞན་གྱི་དབང་དུ་སྟོན་པས་ཇི་སྐད་དུ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་མིན་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་སྨྲ་བའོ། །རྣམ་པ་དེ་མེད་པ་ནི་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་སྟེ། དེ་དག་རྣམ་པ་ཀུན་ཏུ་བརྟགས་པ་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་སྨྲ་བས། དོན་ནི་དོན་དུ་གྲུབ་འགྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །དེ་དེ་བཞིན་དུ། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང༌། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་བརྗོད་ཅིང་།) ཞེས་པ་ལས་སློབ་དཔོན་བྱང་ཆུབ་བཟང་པོའི་སློབ་དཔོན་ཐོགས་མེད་དང་ཕྱོགས་གླང་གཉིས་པོ་སེམས་ཙམ་པའི་སློབ་དཔོན་ཡིན་པར་བཞེད། དེར་བརྟེན་བོད་ཀྱི་མཁས་པ་མང་པོས་འཕགས་པ་ཐོགས་མེད་དང་ཕྱོགས་གླང་གཉིས་སེམས་ཙམ་པའི་སློབ་དཔོན་དུ་བཞག་པ་ཙམ་མ་ཟད་དེ་ལྟར་བཞག་དགོས་པའི་ཁུངས་དྲངས་ཚེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ལུང་འདི་དྲངས་སོ།། ཐོགས་མེད་དང་ཕྱོགས་གླང་གཉིས་པོ་དབུ་མའི་སློབ་དཔོན་དུ་བཞེད་པ་དག་གིས་སློབ་དཔོན་བྱང་ཆུབ་བཟང་པོའི་ལུང་འདི་གཏན་ནས་ཁས་མི་ལེན་པར་སེམས། བྲམ་ཟེ་རབ་འབྱོར་དབྱངས་དང་སློབ་དཔོན་བྱང་ཆུབ་བཟང་པོའི་གཞུང་འདི་གཉིས་ལས་གང་སྔ་ཤོས་ཡིན་མ་ཤེས། ཡིག་ཆ་འདི་གཉིས་ལས་སྔ་བའི་རྒྱ་གཞུང་སྟེ། སྤྱི་ལོའི་དུས་རབས་དང་པོའི་ནང་ལ་བྱོན་པའི་སློབ་དཔོན་འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་རུ། (གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས། །)(འདི་ལ་འགྱུར་མི་འདྲ་བ་ཡོད།) སེམས་ཙམ་པའི་སྐོར་གྱི་རྒྱ་གཞུང་སྔ་ཤོས་འདི་སོགས་སེམས་ཙམ་པའི་འདོད་པ་ཙམ་ལས་དབྱེ་བ་གང་ཡིན་གསུངས་མེད། དུས་ཕྱིས་རྒྱ་གཞུང་ལས་སེམས་ཙམ་པའི་དབྱེ་བར་རྣམ་བདེན་རྫུན་བཞག་པའི་མགོ་ཁུངས་ཀྱི་ཐོག་མའི་ཡིག་ཆ་ནི་གོང་དུ་དྲངས་པའི་བཙུན་པ་རབ་འབྱོར་དབྱངས་དང་སློབ་དཔོན་བྱང་བཟང་གཉིས་ཀྱི་གཞུང་ལས་ཐོག་མར་བཞག་པ་རེད་བསམ་མོ།།
གང་ལྟར་གཞུང་འདི་གཉིས་ལས་སེམས་ཙམ་པའི་རྩ་བའི་དབྱེ་བ་ལ་རྣམ་བདེན་རྫུན་བཞག་ཡོད་པས། ཐོག་མར་རྒྱ་གཞུང་ལས་དབྱེ་བ་འདི་ལྟར་དུ་བཞག་ཅིང་ནང་གསེས་གཞུང་འདི་གཉིས་ལས་ཐོག་མར་བཞག་པ་ཤིན་ཏུ་གསལ་འདུག །དུས་ཕྱིས་བོད་དུ་ཆོས་རྗེ་ས་པཎ། ཀུན་མཁྱེན་ཀློང་ཆེན་པ། མཁས་མཆོག་ཉཱ་དབོན་པ། རྗེ་ཙོང་ཁ་པ། ཀརྨ་མི་སྐྱོད་རྡོ་རྗེ། གསེར་མདོག་པཎ་ཆེན་ཤཱཀ་མཆོག གོ་བོ་རམས་འབྱམས་སོགས་མཁས་པ་ཕལ་ཆེར་གྱི་ཡིག་ཆ་ལས་སེམས་ཙམ་པའི་རྩ་བའི་དབྱེ་བ་ལ་རྣམ་བཅས་རྣམ་མེད་དམ་རྣམ་བདེན་རྫུན་གཉིས་བཞག་ནས་དེའི་དོན་བཀྲལ་ཚུལ་མི་འདྲ་བའི་ལུང་མང་དུ་ཡོད་པ་རྣམས་འདིར་བཀོད་ཀྱང་ཚིགས་མང་བ་ཙམ་ལས་སྐབས་ཐོབ་དང་མ་འབྲེལ་བས་མ་བཀོད་དོ།།
༢༠༢༤ ༣ ༢ ཉིན་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4606
དཔྱད་མཆན་སྤེལ།